【མཐོ་སྒང་རྨང་གཞི་བསྐྲུན། སློབ་གསོས་མ་འོངས་སྐྱོང་།】 བདེ་ཐང་རྩ་བར་བཟུང་ནས་མི་རབས་གསར་པ་སྐྱོང་།
ཁུངས། ཀློག་གྲངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ན་གཞོན་གྱི་བདེ་ཐང་འཚར་ལོངས་ལ་ཐུགས་ཁུར་ཆེན་པོ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་བདེ་ཐང་གཙོ་བོ་ཡིན་པའི་སློབ་གསོའི་འདུ་ཤེས་སྲ་བརྟན་ཆགས་དགོས་པ་ནན་བཤད་བྱས་ཤིང་།  སློབ་མའི་ལུས་སེམས་བདེ་ཐང་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བཏང་། མཚོ་སྔོན་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ཅིང་། སློབ་གསོའི་རྩ་བ་དེ་ཆ་སྙོམས་མཚོ་འཕགས་སྟོང་གསུམ་གྱི་མཐོ་སྒང་ས་གཞི་རུ་ཚུགས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ན་གཞོན་གྱི་ལུས་སེམས་བདེ་ཐང་དེ་སློབ་གསོའི་འབུར་ཐོན་གྱི་གནས་སུ་བཞག་པ་དང་། ཞིང་ཆེན་རིམ་པའི་སྲིད་ཇུས་དེ་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་ཟུར་མང་བྱེད་ཐབས་བརྒྱུད། མཐོ་སྒང་གི་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་བསྩལ།

ཉིན་གུང་གི་མཚམས་སུ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སློབ་མའི་ཟ་ཁང་གི་སྒོ་མདུན་དུ། སློབ་མ་རྣམས་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་ནས་ཟ་མ་ཟ་བར་གྲ་སྒྲིག་བྱས་འདུག  གསར་འགོད་པ་སློབ་མ་རིག་ཐར་སྐྱིད་ཀྱི་གོམ་སྟབས་དང་བསྟུན་ནས། བརྙན་རིས་ཀྱིས་ཚ་དྲོད་ལྷང་ལྷང་གི་བཅུད་ལྡན་གུང་ཟས་དེ་བརྙན་དུ་ཕབ།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ། རིག་ཐར་སྐྱིད་ཀྱིས་བཤད་རྒྱུར། 

ཉིན་རེའི་ཉིན་གུང་སློབ་ཐུན་གྲོལ་རྗེས། ངས་ཆེས་རེ་སྒུག་བྱེད་པ་ནི་ཟ་ཁང་གི་གུང་ཟས་ཡིན། སློབ་གྲྭའི་ཟ་མ་ཉིན་རེར་མི་འདྲ་ལ། ཤ་ཡོད་ལ་ཚལ་ཡོད་ཅིང་ཤིང་ཏོག་ཀྱང་ཡོད་པ་དང་། སྡེབ་པ་ཧ་ཅང་ཕུན་སུམ་ཚོགས་པས། བྲོ་བ་ཤིན་ཏུ་ལྡན། ཉིན་རེར་ངས་ལྷག་ལུས་མེད་པར་ཟོས་པ་ཡིན། ཟ་མས་རྒྱགས་ལ། ཟས་པའང་བཟང་བས། ཕྱི་དྲོའི་སློབ་ཁྲིད་སྐབས་རིག་པ་དྭངས་པ་དང་། སྟོབས་ཤུགས་ཀྱང་རྒྱས་ཡོད། དགེ་རྒན་གྱིས་ང་ཚོར་བཤད་རྒྱུར། ཟ་མ་ལེགས་པོར་ཟོས་ནས། སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན། ལུས་སྟོབས་དར་ཞིང་རྒྱས་ལ། བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་ཟེར།

རིག་ཐར་སྐྱིད་ཀྱི་ཟས་སྡེར་ནང་གི་དཀར་ཟས་དམར་ཟས་ཀྱི་དྲོད་རླངས་ཁྲོད་དུ། སློབ་གྲྭས་སློབ་མའི་ཟ་མའི་འགན་སྲུང་གི་བརྩེ་བ་ཟབ་མོ་འཁྱིལ་ཡོད། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གིས་སློབ་རའི་ཟས་རིགས་བདེ་འཇགས་ཀྱི་སྲུང་རགས་ཟམ་མི་ཆད་པར་སྲ་བསྐྲུན་བྱས་ཤིང་། ནན་ཏན་གྱིས་འཚོ་བཅུད་སྡེབ་སྒྲིག་འཆར་གཞིའི་འབྲེལ་ཡོད་བླང་བྱ་དང་བསྟུན་ནས།  ཚད་དང་བསྟུན་པའི་ཟས་ཐོ་ཡོངས་བསྒྲགས་བྱེད་པ་ཁྱབ་གདལ་བཏང་བ་དང་། བཟའ་བཅའི་རྒྱུ་ཆ་མཛོད་དུ་འཇུག་པར་ཞིབ་བཤེར་རྩིས་ལེན་དང་། གསོག་ཉར། གཡོས་སྦྱོར་བཅས་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་འཇོག་པ་དང་། སློབ་གཙོས་མཉམ་ཟ་བྱེད་པའི་ལམ་ལུགས་རྒྱུན་ལྡན་ཅན་དུ་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་ཟས་ཐུན་རེ་རེ་དགེ་སློབ་ཀྱི་བློ་སེམས་བདེ་བའི"སེམས་དྲོ་ཟས"སུ་གཡོས་སྦྱོར་བྱས།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ། ནོར་བུ་བསམ་འཕེལ་གྱིས་བཤད་རྒྱུར།

ང་ཚོས་ཟས་ཐུན་རེ་རེའི་བདེ་འཇགས་དང་། འཚོ་བཅུད། བྲོ་བ་ཞིམ་པ་བཅས་འགན་ལེན་ཏན་ཏིག་བྱས་ནས། བཟའ་བཅའི་གསོ་བཅུད་དང་ལུས་རྩལ་སྦྱོང་བརྡར་ཟུང་འབྲེལ་བྱས་ཏེ། སློབ་མ་རྣམས་སྐྱེ་སྟོབས་དཔལ་འབར་བའི་ངང་འཚར་ལོངས་ཡོང་དུ་འཇུག་དགོས།

སློབ་གྲྭས་ད་དུང་དུས་བཅད་ལྟར་ཁྱིམ་བདག་དང་མཉམ་ཟ་བྱེད་པའི་ཉིན་མོ་ཕྱེས་ནས། ཁྱིམ་བདག་ཟ་ཁང་དུ་གདན་དྲངས་ཏེ། དཀར་ཟས་དང་དམར་ཟས་གཉིས་ཀྱི་འཚོ་བཅུད་ལྡན་པའི་གུང་ཟས་ལ་རོལ་མྱོང་བྱས། མཐོང་ཐུབ་པའི་བཟའ་བཅའི་རྒྱུ་ཆ་དང་། མྱོང་ཐུབ་པའི་བྲོ་བས་ཁྱིམ་བདག་ལ་སློབ་རའི་ཟ་མར་སྔར་ལས་སེམས་བདེ་རུ་བཅུག་ཡོད།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སློབ་མའི་ཁྱིམ་བདག  ཁྱི་མོ་ཐར་གྱིས་བཤད་རྒྱུར།

བྱིས་པས་སློབ་གྲྭར་ཉིན་ལྟར་ཟ་མ་ཟོས་པ་འཚོ་བཅུད་དོ་སྙོམས་ཡིན་ལ། སློབ་ཁྲིད་ལ་ཉན་པའང་ཇེ་བཟང་དུ་འགྲོ་བཞིན་འདུག་པས། ང་ཚོ་ཁྱིམ་བདག་དག་བློ་ཧ་ཅང་བདེ་ཡོད། སློབ་གྲྭས་བྱིས་པ་འཚར་ལོངས་ཡོང་རྒྱུ་དེ་དངོས་ནས་སེམས་ནང་དུ་བཞག་འདུག 

བརྙན་མིག་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་གི་ལུས་རྩལ་ར་བར་ཕྱོགས་པ་ན། དགུན་དུས་ཀྱི་དྲོད་འཇམ་ཉི་འོད་འོག་གཞོན་ནུ་ཚོའི་སྐད་སྒྲའི་ཁྱབ་འདུག་ལ། རྒྱུག་པ་དང་། སྤོ་ལོ་བརྒྱུད་སྤྲོད། སྤོ་ལོ་ནང་དུ་འཕེན་པ་སོགས་བྱེད་ཀྱིན་ཡོད། མཐོ་སྒང་གི་དགུན་དུས་སུ་སྤྲོ་སེམས་འཁོལ་བའི་གཟུགས་བརྙན་འདི་དག་གི་རྐྱེན་གྱིས། ཚ་དྲོད་འབར་བའི་སྐྱེ་སྟོབས་ཀྱིས་ཁེངས་འདུག 

མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་གི་སློབ་མ། བསོད་ནམས་རྣམ་རྒྱལ་གྱིས་བཤད་རྒྱུར།

ཉིན་ལྟར་སྦྱོང་བརྡར་དང་། རྐང་གྲུག་རྩེ་བ་རྒྱུན་འཁྱོངས་བྱས་ལ། ད་དུང་སློབ་གྲྭའི་ཆུ་ཚོད་གཅིག་གི་ལུས་རྩལ་སྦྱོང་བརྡར་ནང་ཞུགས་པས། ལུས་སྟོབས་ཇེ་བཟང་ནས་ཇེ་བཟང་རེད། ད་ལྟ་ང་རང་། མཆོང་རྒྱུག་བྱེད་པའི་ཚོར་སྣང་ལ་ཧ་ཅང་དགའ་བས། གཟུགས་པོ་ཇེ་ལེགས་སུ་ཕྱིན་པ་མ་ཟད། བྱ་བ་སྒྲུབ་སྐབས་ཀྱང་སྔར་ལས་རྒྱུན་འཁྱོངས་དང་། སྔར་ལས་དཔའ་ངར་ཆེ་རུ་ཕྱིན་ཡོད།

ཉིན་ཐོག་ཉིན་བརྩེགས་ཀྱིས་མཆོང་རྒྱུག་དང་། དཀའ་སྤྱད་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞོན་ནུ་འདི་དག་རྒྱུན་ཆད་མེད་པར་རང་ཉིད་ལས་བརྒལ་བ་དང་། གྲུབ་འབྲས་ཐོབ་པའི་ངང་འཚར་ལོངས་ཡོང་བར་བྱས་ལ། སློབ་གྲྭའི་རྐང་གྲུག་ལུས་རྩལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་བྱས་ནས། མཚོ་སྔོན་སློབ་གྲྭའི་རྐང་གྲུག་གི་གཤིན་སའི་ཁྲོད་འཚར་ལོངས་བྱུང་བའི་ཧྲག་དཔུང་ཞིག་ཏུ་འགྱུར་བར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་གི་སྒྱུ་རྩལ་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། སུའུ་ལི་ཆང་གིས་བཤད་རྒྱུར།

ད་ལོ"ཧྲི་ཀྲང་བུམ་པའི"ཐོག་སྐྱེས་པ་དང་བུད་མེད་ཀྱི་རྐང་གྲུག་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་དང་། སྐྱེས་པའི་རྐང་གྲུག་རུ་ཁག་ལ་སྐབས19པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་ཅིང་། བུད་མེད་རྐང་གྲུག་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་མཉམ་འགྲན་ནང་ཞུགས་པ་རེད། དུས་མཚུངས་སུ་ང་ཚོས་ཀྱང་འཛིན་གྲྭའི་མཉམ་འགྲན་དང་། སྤྲོ་རྩེད་ཁང་བུམ་པའི་འགྲན་སྡུར་སྤེལ་བ་དང་། ད་དུང་སྤུན་ཟླའི་སློབ་གྲྭ་དག་གདན་འདྲེན་ཞུས་ནས་འགྲན་སྡུར་སྤེལ་རེས་བྱས་ཏེ།  རྐང་གྲུག་ཁྱབ་གདལ་དུ་བཏང་བ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་གྱི་སློབ་ཐུན་ཆ་ཚང་ཚོགས་ནས། སློབ་མ་ཚོར་ལུས་རྩལ་སྦྱོང་བརྡར་གྱི་ཁྲོད་ནས་སྤྲོ་སྣང་ལོངས་སྤྱོད་དང་ལུས་ཕུང་སྟོབས་ལྡན། མི་གཤིས་འཐུས་ཚང་། བློ་སྟོབས་སྦྱོང་བརྡར་བཅས་བྱེད་པར་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། མཚོ་སྔོན་དུ་སློབ་གྲྭའི་རྐང་གྲུག་ནི“ལུས་རྩལ་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི”གསོན་ཉམས་ཅན་གྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད།  མཚོ་སྔོན་ཞིང་ཆེན་གྱིས་སློབ་མའི་གཟུགས་གཞི་བདེ་ཐང་ཡོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་ཆུ་ཚོད2རིང་སྤེལ་བ་དོན་འཁྱོལ་ནན་མོ་བྱས་ཤིང་། རིམ་བཞིའི་སློབ་གྲྭའི་ལུས་རྩལ་འགྲན་སྡུར་གྱི་མ་ལག་བཙུགས་ཡོད། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་རིམ་པའི་སློབ་གྲྭའི་རྐང་གྲུག་ཁྱད་ལྡན་སློབ་གྲྭ224དང་ཞིང་ཆེན་རིམ་པའི་སློབ་གྲྭ376བསྐྲུན་ཡོད། སློབ་གྲྭ་འབྲིང་ཆུང་དུ་ཁྱབ་ཚད57.5%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་ནི་དེའི་ཁྲོད་ཀྱི་གཅིག་ཡིན།

ལུས་ཕུང་བདེ་ཐང་དང་སྟོབས་ལྡན་ཡོང་དགོས་ན་ལུས་ཕུང་ཡག་པོར་གསོ་དགོས་ལ་སེམས་ཁམས་ལ་དེ་བས་ཀྱང་གཅེས་སྐྱོང་བྱེད་དགོས། བཟའ་བཅའི་འཚོ་བཅུད་དང་ལུས་རྩལ་སྦྱོང་བརྡར་དམ་འཛིན་ཡག་པོ་བྱེད་དགོས་པ་ལས་གཞན། མཚོ་སྔོན་གྱིས་དུས་གཅིག་ཏུ་སེམས་ཁམས་བདེ་ཐང་དང་མིག་ཤེས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་སློབ་གྲྭའི་བདེ་ཐང་དོ་དམ་གྱི་ལས་རིམ་གལ་ཆེན་ཞིག་ཏུ་བརྩིས་ཡོད། “སེམས་ཁམས་བསྐྱངས་ནས་ན་གཞོན་སྲུང་བའི”བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་ཆེན་རིམ་པའི་སེམས་ཁམས་བདེ་ཐང་ཞབས་ཞུའི་ཉེར་སྤྱོད་མ་ལག་འཛུགས་པ། སྨན་བཅོས་དང་སློབ་གསོ་མཐུན་སྦྱོར་ངང་རྒྱང་སྒྲིབ་མིག་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 2022ལོ་ནས2025ལོའི་བར་ཞིང་ཆེན་ཡོངས་ཀྱི་སློབ་མ་སྤྱིའི་རྒྱང་སྒྲིབ་མིག་ནད་འབྱུང་ཚད་རིམ་རྩིས་བྱས་ན་བརྒྱ་ཆའི་གྲངས་གནས་བཞི་གྲངས་ཆུང་བདུན་གསུམ་མར་ཆག་ཡོད། ཟས་ཅོག་སྟེང་གི་འཚོ་བཅུད་དང་ལུས་རྩལ་ར་བའིིི་སྟེང་གི་སྦྱོང་བརྡར།  སེམས་རྒྱུད་ཀྱི་བརྩེ་སེམས་བཅས་ཀྱིས་ཐུན་མོང་ཐོག་མཐོ་སྒང་གི་ན་གཞོན་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་།    དབྱང་ཡན་གྱིས་བཤད་རྒྱུར།

འབྱུང་འགྱུར་ལ་ཁ་ཕྱོགས་ནས་ང་ཚོས་རྒྱུན་མཐུད་ངང“བདེ་ཐང་གཙོ་བོ་ཡིན་པ”གཏན་འཁེལ་བྱེད་དགོས། གཟུགས་གཞི་བདེ་ཐང་དང་མཛེས་རིག་སློབ་གསོ། ངལ་རྩོལ་ལག་ལེན། སེམས་ཁམས་བསྐྱངས་ནས་ན་གཞོན་སྲུང་བ་བཅས་ཀྱི་བྱ་སྤྱོད་སྤེལ་ནས་རྒྱང་སྒྲིབ་མིག་ནད་དང་དང་ལུས་པོའི་ལྗིད་ཚད། རུས་པ། ཁ་སྦུག་བཅས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། སློབ་གྲྭའི་ཟས་རིགས་བདེ་འཇགས་དང་ཚེ་སྲོག་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། སློབ་མ་རེ་རེའི་ལུས་ལ་རྔུལ་ཆུ་ཡོད་པ་དང་མིག་ལ་འོད་མདངས་ཡོད་པ། སེམས་ལ་ཕུགས་འདུན་ཡོད་པ། རྐང་འོག་ལ་སྟོབས་ཤུགས་ལྡན་པ་བཅས་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ན་གཞོན་ལོ་ཆུང་དག་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱ་དགོས།

ཟས་རིགས་ཀྱིས་ལུས་ཕུང་གསོ་བ་དང་ལུས་རྩལ་གྱིས་སྙིང་རུས་བསྐྱེད་པ།  མཛེས་རིག་གིས་སེམས་ཁམས་གསོ་བ། ངལ་རྩོལ་གྱིས་བླ་སྲོག་བསྐྲུན་པ་བཅས་བྱེད་དགོས། མཚོ་སྔོན་དུ“བདེ་ཐང་གཙོ་བོ་ཡིན”ཞེས་པ་ནི་འབོད་ཚིག་ཙམ་མ་ཡིན་པར། སློབ་གྲྭའི་འཚོ་བའི་ཕྱོགས་ཡོངས་སྲུང་སྐྱོང་བྱས་ཏེ། མཐོ་སྒང་གི་སློབ་མ་འོད་སྣང་གི་ཕྱོགས་སུ་འཁོར་ཞིང་སྔར་ལས་རྒྱང་རིང་བའི་མ་འོངས་པར་བསྐྱོད་པར་སྣེ་ཁྲིད་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད།