
ཟླ11པའི་ཚེས25ཉིན་གྱི་དགོང་མོར། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད”ཅེས་པ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་དུ་བསྡུས།
རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་མཛུབ་སྟོན་འོག མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱེད་བཞིན་པའི་རྒྱལ་ཡོངས་རང་བཞིན་གྱི་བརྙན་ཐུང་འགྲན་སྡུར་ཞིག་ཡིན། རིག་གནས་བརྙན་ཐུང་འགྲན་སྡུར་འདི་བསྟུད་མར་སྐབས་གསུམ་ལ་སྤེལ་ཏེ། རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་སྣེ་ཁྲིད་འོག་བོད་འབྲེལ་ས་ཁུལ་དུ་བྱུང་དང་འབྱུང་བཞིན་པའི་འགྱུར་ལྡོག་ཆེན་པོ་དེ་བརྙན་ཐུང་གི་ལམ་ནས་ཐད་ཀར་ཉམས་སུ་མྱོང་བ་དང་། བརྙན་མིག་རེ་རེ་ལས་མངོན་པའི་མཐུན་སྒྲིལ་དང་ཡར་ཐོན། བདེ་སྐྱིད་ཀྱི་ཚོར་འདུ་ཟབ་མོ་དེས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་ཀྱི་ཐད་དུ་བོད་སྐད་སྨྱན་སྦྱོར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་ཁྱད་པར་ཅན་བཏོན་ཡོད་པ་རེད།
ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གསུམ་པའི་སྟེང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་བོད་འབྲེལ་ས་ཁུལ་སོ་སོ་ནས་ལས་ཁུངས་དང་ཚོགས་པ། ཀུང་སི། མི་སྒེར་བཅས་ཀྱི་བརྩམས་ཆོས་ཁྱོན་བསྡོམས212འབྱོར་བ་དང་། དེའི་ཁྲོད་ནས་བརྩམས་ཆོས་བརྒྱ་ཐམ་པ་ལེགས་འདེམས་ཀྱིས་ཨ་མདོ་བརྙན་འཕྲིན་གྱི་འཕྲིན་སྟེགས་སོ་སོ་ནས་འགྲེམ་སྤེལ་བྱས་ཤིང་དྲ་ལམ་ནས་ལྟ་མཁན་མང་པོའི་དགའ་བསུ་ཆེན་པོ་ཐོབ།
ལེགས་བདམས་བརྩམས་ཆོས་བརྒྱ་ཐམ་པ་དེ་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དཔལ་ཡོན། ཞིང་སྡེ་དར་རྒྱས། གཟུགས་འདས་ཤུལ་བཞག་རིག་གནས། མཐོ་སྒང་གི་ལས་བརྩོན་མི་སྣའི་གཏམ་རྒྱུད། AIལག་རྩལ་བརྩམས་ཆོས་བཅས་རིགས་ཆེན་པོ་ལྔ་རུ་དགར་ནས་དཔྱད་འདེམས་བྱས་པ་དང་། དཔྱད་འདེམས་ལ་རྒྱལ་ནང་གི་འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་གསར་འགྱུར་ལས་རིགས་ཀྱི་ཆེད་ལས་མི་སྣ་ཆེད་དུ་གདན་འདྲེན་ཞུས་ཏེ། དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་སྟེ་དཔྱད་བསྡུར་ནན་མོ་བྱས་པ་བརྒྱུད། བྱ་དགའ་ཨང་དང་པོ3དང་། བྱ་དགའ་ཨང་གཉིས་པ6། བྱ་དགའ་ཨང་གསུམ་པ9། ཕུལ་བྱུང་བྱ་དགའ12བཅས་བསྡོམས་པས་བརྩམས་ཆོས30ལ་གཟེངས་སྐྱེས་བྱ་དགའ་བསྩལ་ཡོད་པ་རེད།
ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་རྩོམ་པ་པོ། དེ་བཞིན་བརྙན་ཐུང་གསར་རྩོམ་ལ་དགའ་བའི་གྲོགས་པོ་སོགས་མི་སྣ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་མ་ཟད། ན་གཞོན་གླུ་བ་གླུ་མ་མིང་གྲགས་ཅན་རེ་འགའ་ཡང་ཆེད་དུ་གདན་འདྲེན་ཞུས་ནས་གླུ་ངག་གི་མཆོད་བསྟོད་དང་དགའ་འབོད་ཀྱི་ཡོ་ལང་ཁྲོད་ནས་བྱ་དགའ་སྤྲོད་པའི་གོ་རིམ་ཆ་ཚང་འཁྲུག་ཆ་དོད་པོས་སྤེལ་ལ། ཨ་མདོ་བརྙན་འཕྲིན་གྱི་དྲ་ལམ་འཕྲིན་སྟེགས་སོ་སོ་ནས་ཡུལ་དངོས་ཐད་གཏོང་བྱས་པས་དྲ་གྲོགས་ལྟ་མཁན་ཡོངས་ཀྱི་དགའ་བསུ་དང་བསྔགས་རྡེབ་མང་པོ་ཐོབ།