ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་གྲུ་འཕེན་གཏོང་ལེགས་འགྲུབ་བྱུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས25ཉིན་གྱི་ཆུ་ཚོད8དང་སྐར་མ18སྟེང་། ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་གྲུ་ཐེག་པའི་རྒྱང་སྐྱོད་གཉིས་པའིFརྒྱང་བརྟག་ཉེར་བཞིའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཕེན་གཏོང་བྱས། ཐང་ཧུང་པོ་དང་། ཝུའུ་དབྱི། ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལི་བཅས་མི་གསུམ་བདེ་བླག་ངང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་པ་དང་། མཁའ་སྐྱོད་ཚན་ཆུང་གཉིས་ཀྱི“བར་སྣང་མཉམ་འཛོམས”ལེགས་འགྲུབ་བྱུང་།

​ཐོ་རེངས་ཆུ་ཚོད5དང་སྐར་མ28ཐོག ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པའི་འཕུར་སྐྱོད་ཚན་ཆུང་ལམ་དུ་ཆས་པའི་མཛད་སྒོ་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ཀྱི་གནམ་དཔྱད་ཁང་གི་ཕུགས་འདུན་མངོན་འགྱུར་གླིང་གི་ཐང་ཆེན་དུ་ཚོགས།

མཁའ་སྐྱོད་ཀྱི་ཚན་རྩལ་མི་སྣ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། དེ་བཞིན་ཕ་ཁི་སི་ཐན་གྱི་འཐུས་ཚབ་ཚོགས་པ་བཅས་ཀྱིས་ཡུལ་དངོས་སུ་མཁའ་སྐྱོད་ཚན་ཆུང་ལ་སྐྱེལ་མ་བྱས། གུས་མགྲོན་འཕྲུལ་རྟའི་རུ་ཁག་གི་འགེབས་སྲུང་འོག ཚན་ཆུང་གི་མཁའ་སྐྱོད་པ3རླངས་འཁོར་ལ་བསྡད་ནས་འཕེན་གཏོང་ར་བར་བསྐྱོད།

མེས་རྒྱལ་དང་མི་དམངས་ཀྱི་བློ་སེམས་བདེ་མོ་བྱོས། ང་ཚོས་ངེས་པར་དུ་ལས་འགན་ཡོངས་འགྲུབ་བྱེད་ཁོ་ཐག་ཡིན་ལ། བདེ་འཇགས་དང་རྒྱལ་ཁའི་ངང་ཕྱིར་ལོག་ངེས། པེ་ཅིང་དུ་མཇལ་ཡོང་། 

ཆུ་ཚོད6པ་ཙམ་ལ། མཁའ་སྐྱོད་པ་ཝུའུ་དབྱི་དང་། མུའུ་ཧན་མུའུ་ཏི·ཆི་ཧྲང·ཨ་ལི། ཐང་ཧུང་པོ་བཅས་སྔ་རྗེས་སུ་འཕུར་གྲུར་བསྡད་ནས་འཕེན་གཏོང་མ་བྱས་སྔོན་གྱི་གྲ་སྒྲིག་སྣ་ཚོགས་ཡག་པོར་བསྒྲུབས།

སྔ་དྲོའི་ཆུ་ཚོད08དང་སྐར་མ18སྟེང་། མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས། སྐར་མ10ཙམ་འགོར་རྗེས། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་གྱེས་ནས་སྔོན་བཀོད་འཁོར་ལམ་དུ་སླེབས་པ་དང་། མཁའ་སྐྱོད་པ་ཚན་ཆུང་གི་རྣམ་པ་ལེགས་པ་དང་འཕེན་གཏོང་བདེ་བླག་ངང་ཡོངས་འགྲུབ་བྱས།

ཀྲུང་གོའི་མཁའ་སྐྱོད་པའི་ཚན་ཞིབ་སྦྱོང་བརྡར་ལྟེ་གནས་ཀྱི་ཝུའུ་ཏ་ཝེ་ཡིས་བཤད་རྒྱུར། འཕེན་གཏོང་གི་རྣམ་པ་ཧ་ཅང་ལེགས། ང་ཚོའི་མཁའ་སྐྱོད་ཚན་ཆུང་གིས་ཐེངས་འདིའི་འཕེན་གཏོང་ལ་སྒུག་པའི་དུས་རིམ་དང་འཕེན་གཏོང་གི་ལས་འགན་ཁྲོད། བཀོལ་སྤྱོད་དང་བཀའ་བརྡ་ཚང་མ་ཧ་ཅང་ཚད་ལྡན་ཡིན་ལ། གཞོགས་འདེགས་ཧ་ཅང་མཐུན་པ་དང་། མཉམ་ལས་ཧ་ཅང་བདེ་བླག་རེད་ཟེར།

ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཀྱི་ཁྲིན་ཐུང་ཞང་གིས་བཤད་རྒྱུར། འདི་ནི་སྐོར་ཐེངས་གསར་པའི་འཕུར་གྲུ་གསུམ་པ་རེད། དཔྱད་ཆས་མ་ལག་གིས་དབྱིབས་ཆུང་ཅན་གྱི་སྒྲིག་གཞི་ཞིག་བཀོད་སྒྲིག་བྱས་ཡོད་ལ། བཀོད་པ་ཁ་ཤས་ཇེ་ལེགས་སུ་བཏང་ཡོད་པ་དང་། གོང་འོག་གི་ཐེག་ཚད་ཇེ་ལེགས་སུ་གཏོང་བའི་ནུས་པར་ཤུགས་སྣོན་ཆེན་པོ་ཞིག་ཐེབས་ཡོད་ཟེར།

འཁོར་ལམ་དུ་ཡོད་པའི་ལྷ་གྲུ་ཉེར་གསུམ་པའི་མཁའ་སྐྱོད་པས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐད་གཏོང་བརྡ་རྟགས་བརྒྱུད་དེ། དུས་ཐོག་ཏུ་ལྷ་གྲུ་ཉེར་བཞི་པའི་འཕེན་གཏོང་བརྒྱུད་རིམ་ཧྲིལ་པོར་བལྟས་པ་རེད། ཆུ་ཚོད11དང་སྐར་མ 56 སྟེང་།  ལྷ་གྲུ་ཉེར་བཞི་པའི་མི་སྡོད་འཕུར་གྲུས་བདེ་བླག་ངང་བར་སྣང་ས་ཚིགས་དང་ཐེན་ཧི་ལྟེ་སྙིང་གྲུ་ཚང་གི་མདུན་གྱི་མཐུད་སྣེ་དང་སྦྲེལ་མཐུད་བྱས་པ་དང་།  འབྲེལ་མཐུད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད3ལྷག་འགོར།  ཆུ་ཚོད14དང་སྐར་མ35སྟེང་།  འཁོར་ལམ་ཐོག་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཉེར་གསུམ་པའི་མཁའ་སྐྱོད་པའི་ཚན་ཆུང་གིས་བདེ་བླག་ངང་སྒོ་ཕྱེ་ནས།  ཐག་རིང་ནས་ཡོང་བའི་མཁའ་སྐྱོད་པ3ཀྲུང་གོའི་བར་སྣང་ས་ཚིགས་སུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་སྐྱོད་པས་ཐེངས་དང་པོར“བར་སྣང་ནས་ལག་འཇུ”བྱེད་པ་མངོན་འགྱུར་བྱུང་། འདི་ནི་ཀྲུང་གོའི་མཁའ་སྐྱོད་ལོ་རྒྱུས་ཐོག་གི“བར་སྣང་མཉམ་འཛོམས”ཐེངས9པ་ཡིན་ལ། “ནམ་མཁའི་ཕོ་བྲང”དུ་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མཁའ་སྐྱོད་པ་བསུ་ཐེངས་དང་པོ་ཡང་རེད།

 ཀྲུང་གོའི་བར་སྣང་ས་ཚིགས་ལ་ནམ་ཡང་རེ་སྒུག་བྱེད་རིན་ཡོད།

 ཀྲུང་གོར་སྡོད་པའི་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཨ་ས་ཏི•ཅི་ལ་ཉི་ཡིས་བཤད་རྒྱུར།    འདི་ནི་ཕ་ཁི་སི་ཐན་གྱི་ལོ་རྒྱུས་རང་བཞིན་ཧ་ཅང་ལྡན་པའི་དུས་སྐབས་ཤིག་རེད། ཕ་ཁི་སི་ཐན་གྱི་མི་དམངས་ཡོངས་ལ་སྤོབས་པ་ཚད་མེད་སྐྱེས་ཡོད་ལ། སེམས་འགུལ་ཆེན་པོ་ཐེབས་པ་དང་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། སེམས་ཤུགས་ཆེན་པོ་བསྐྱེད་ཡོད་དེ།   རྒྱུ་མཚན་ནི་ཁོ་ཚོས་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་བྱ་སྤྱོད་འདི་མཐོང་བས་རེད་ཟེར།

ལྷ་གྲུ་ཉེར་བཞི་པའི་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པའི་སྐབས་སུ།  ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟའི་ལས་གཞི 90སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་།  དེ་གཙོ་བོ་བར་སྣང་ཚེ་སྲོག་ཚན་རིག་དང་། བར་སྣང་རྒྱུ་ཆའི་ཚན་རིག  ལྗིད་ཤུགས་ཕྲ་མོའི་རྒྱུག་གཟུགས་དངོས་ལུགས་དང་འབར་བའི་ཚན་རིག  རྨང་གཞིའི་དངོས་ལུགས། མཁའ་སྐྱོད་གསོ་རིག  མཁའ་སྐྱོད་ལག་རྩལ་གསར་པ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།  

 ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་སྐྱོད་པས་མཉམ་འབྲེལ་བྱས་ཏེ་འཕུར་སྐྱོད་བྱེད་པའི་སྐབས་སུ།  ཕ་ཁི་སི་ཐན་གྱི་མཁའ་སྐྱོད་པ་དུས་རྒྱུན་གྱི་བྱ་བར་ཞུགས་པ་ལས་གཞན། གཙོ་བོ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཀྱི་བར་སྣང་ཚན་རིག་ཚོད་ལྟའི་ལས་འགན་གྱི་འགན་འཁུར་རྒྱུ་ཡིན་པ་དང་།  ཚོད་ལྟའི་དངོས་དཔེ་དང་ཚོད་ལྟའི་ཚན་པ་སྒྲིག་སྦྱོར་བྱེད་རྒྱུ་གཙོར་བཟུང་ནས་ཡོངས་འགྲུབ་བྱེད་དགོས་ལ།   འཆར་གཞི་ལྟར་འཁོར་ལམ་དུ་ཚོད་ལྟའི་བྱ་བ་སྤེལ་དགོས།

 ཀྲུང་གོའི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གི་ཀྲོའུ་ཡ་ཆང་གིས་བཤད་རྒྱུར།    ཀྲུང་གོའི་བར་སྣང་ས་ཚིགས་ལ་ཚན་རིག་ཚོད་ལྟའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ།  བརྟན་བརླིང་གི་འཁོར་སྐྱོད་ནུས་པ་དང་། དེ་བཞིན་འཐུས་ཚང་བའི་གནམ་སའི་འགྲོ་འོང་མ་ལག་དང་།  ཆ་ཚང་བའི་མཁའ་སྐྱོད་སྦྱོང་བརྡར་མ་ལག་བཅས་ཡོད།  དུས་མཚུངས་སུ་ང་ཚོས་ད་རུང་ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་ཚད་ལེན་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ང་ཚོས་སྔར་ལས་མང་བའི་རྒྱལ་ཁབ་དང་ས་ཁུལ་དང་མཉམ་དུ་མཁའ་སྐྱོད་པ་མཉམ་འབྲེལ་འདེམས་སྒྲུག་དང་། མཉམ་འབྲེལ་གསོ་སྐྱོང་། བར་སྣང་ཚན་རིག་ཚོད་ལྟ་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱས་ཏེ།  མཁའ་སྐྱོད་ལག་རྩལ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།