ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ཟླ11པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན། ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་དང་རྒྱལ་མོ་ནཱ་ནཱ་ཆེ་ཕཱ་བཅས་ཀྱིས་མཉམ་དུ་བསྐྱོན་པའི་པར་རེད།

 དགའ་བསུའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐང་ཀ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་། འབྲེལ་བ་བཙུགས་པའི་ཚུན་དུ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་བཞིན་ཡོད་ལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས་ཤིང་། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་བཏང་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཀྱི་ཆེ་ཆུང་མི་འདྲ་བའི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་བཙུགས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ནི་ནམ་ཡང་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་བཟང་པོ་ཡིན་ལ། དུས་གཏན་དུ་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། ཉོ་ཚོང་དངུལ་གཏོང་དང་། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་བཀོད། དག་གཙང་ནུས་ཁུངས། སྨན་བཅོས་འཕྲོད་བསྟེན། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པ་སོགས་ཐད་ཀྱི་མཉམ་ལས་རྒྱ་ཇེ་ཆེ་རུ་བཏང་ནས། སློབ་གསོ་དང་ལུས་རྩལ། ན་གཞོན། སྨྱན་སྦྱོར། ས་གནས་སོགས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་བྱེད་རྒྱ་ཇེ་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་ལྷོ་ཕྱོགས་རྒྱལ་ཁབ་བར་གྱི་མཉམ་ལས་སྒྲོམ་གཞི་རུ་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཐང་ཀའི་ལས་རིགས་སོ་སོའི་མི་སྣ་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་དུ་ཡོང་ནས། རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོར་ཕྱོགས་ཡོངས་ནས་རྒྱུས་ལོན་ཚད་ཇེ་མང་དུ་གཏོང་བར་དགའ་བསུ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་གོའི་མ་འོངས་པའི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་དཔེ་རིས་བཀོད་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་ཕྱོགས་ཀྱིས་འཛམ་གླིང་གི་གྲོས་གཞི་ཆེན་པོ་བཞི་བཏོན་པ་ནི། འཛམ་གླིང་རྒྱལ་ཁབ་སོ་སོས་མཉམ་དུ་འཕེལ་རྒྱས་དོན་གཉེར་དང་ཞི་བདེ་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཐང་ཀས་མཉམ་དུ་འཛམ་གླིང་གྲོས་གཞི་ཆེན་པོ་བཞི་ལག་ལེན་ཏུ་བསྟར་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པ་དང་། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་ཡིས་བསྟན་དོན། ཐང་ཀས་ཀྲུང་གོའི་ཕྱོགས་དང་མཉམ་དུ། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཡུན་རིང་གི་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཐང་ཀས་ཀྲུང་གོ་དང་འབྲེལ་བ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”ལ་ངོ་རྒོལ་དང་། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་ཡིན། ཐང་ཀ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་ཞིང་ལས། དག་གཙང་ནུས་ཁུངས། སློབ་གསོ། སྨན་བཅོས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པར་ཐང་ཀས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་རེ་བ་ཡོད་པར་བསྟན། ཐང་ཀ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་གཞི་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏོད་འདོད་ཡོད།

འཚམས་འདྲི་གནང་བའི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐང་ཀ་རྒྱལ་པོའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དཔལ་འབྱོར་ཚོང་དོན་དང་། སྨན་བཅོས། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

ཚེས་ཉེར་ལྔ་ཉིན་གྱི་ཉིན་གུང་ལ། ཞི་ཅིན་ཕིང་དང་ཕིང་ལི་ཡོན་གྱིས་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་བཟའ་ཟླར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།