ཞི་ཅིན་ཕིང་གིས་ཞང་ཀང་ཞིན་ཅེ་ཏ་ཕུའུ་ཁུལ་གྱི་སྡོད་ཁང་ཐོག་ཁང་ལ་མེ་སྐྱོན་དོན་རྐྱེན་ཚབས་ཆེན་བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་ལས་འགན་སྒྲུབ་སྐབས་རྐྱེན་ལམ་དུ་ཤོར་བའི་མེ་གསོད་མི་སྣར་མྱ་ངན་ཞུས།
ཁུངས། ཀློག་གྲངས། 11

ཞི་ཅིན་ཕིང་གིས་ཞང་ཀང་ཞིན་ཅེ་ཏ་ཕུའུ་ཁུལ་གྱི་སྡོད་ཁང་ཐོག་ཁང་ལ་མེ་སྐྱོན་དོན་རྐྱེན་ཚབས་ཆེན་བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་ལས་འགན་སྒྲུབ་སྐབས་རྐྱེན་ལམ་དུ་ཤོར་བའི་མེ་གསོད་མི་སྣར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་གནོད་འཚེ་ཕོག་པའི་མི་སྣར་འཚམས་འདྲི་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་མེ་གསོད་པར་འབད་བརྩོན་བྱས་ནས་མེ་སྐྱོན་ཁྲོད་མི་སྣ་ཤི་རྨས་བྱུང་བའི་གྱོང་གུན་ཇེ་དམའ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཟླ11པའི་ཚེས26ཉིན་གྱི་ཕྱི་དྲོར། ཞང་ཀང་ཞིན་ཅེ་ཏ་ཕུའུ་ཧུང་ཧྥུའུ་ཡོན་གྱི་སྡོད་ཁང་མང་པོར་མེ་སྐྱོན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་དུས་ཚོད་དང་པོའི་ནང་མེ་སྐྱོན་རོགས་སྐྱོབ་དང་མི་སྣ་ཤི་རྨས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་འགན་འཁུར་བས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་ཁོང་གིས་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་ལས་འགན་སྒྲུབ་སྐབས་རྐྱེན་ལམ་དུ་ཤོར་བའི་མེ་ཟོན་མི་སྣར་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་གནོད་འཚེ་ཕོག་པའི་མི་སྣར་འཚམས་འདྲི་བྱེད་པ་བརྒྱུད་བསྒྲགས་བྱེད་དགོས་པའི་མཛུབ་སྟོན་གནང་བ་དང་།  ཀྲུང་དབྱང་གི་ཞང་ཀང་དང་ཨའོ་མིན་གཞུང་སྒྲུབ་ཁང་དང་། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་མེ་གསོད་པ་དང་། སེམས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས། འདས་པའི་ཁྱིམ་མིར་སེམས་གསོ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་མེ་སྐྱོན་ཁྲོད་མི་སྣ་ཤི་རྨས་བྱུང་བའི་གྱོང་གུན་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འཕྲལ་བསྟུན་རོགས་སྐྱོབ་ལམ་སྲོལ་སྤེལ་འགོ་བརྩམས་པ་དང་། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་འཕྲལ་བསྟུན་ཆེད་དོན་འཛིན་གྲྭ་བཙུགས་ནས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། མིག་སྔར་འབྲེལ་ཡོད་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

ཤ་བོ་གསེར་མཚོས་བསྒྱུར།