ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཚོན་སྦག་བཟོ་གྲྭ་ཞིག་འགད་གཏོར་བྱུང་བའི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀློག་གྲངས།

ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་བཞི་བཅུ་ཡས་མས་སུ། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་ཧྭ་ཧྲིན་ཚོན་སྦག་བཟོ་སྐྲུན་ཚད་ཡོད་ཀུང་ཟིའི་འཁོར་ཁང་དུ་འགད་གཏོར་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཚོན་སྦག་བཟོ་གྲྭ་ཞིག་ཏུ་འགད་གཏོར་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས། གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་ཞིབ་དང་རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཏེ། དོན་མཇུག་ལེགས་བསྡུས་སོགས་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས་ཤིང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གང་མགྱོགས་ཀྱིས་རྩད་བཅད་ནས་འགན་འཁྲི་འཁྲི་བདའ་འདེད་ནན་མོ་བྱེད་དགོས་པ་བསྟན།

ཞི་ཅིན་ཕིང་གིས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ནས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བྱེད་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། མི་གྲངས་མྱུར་དུ་ཞིབ་རྩིས་བྱས་ནས། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་ལ། ཚན་རིག་དང་མཐུན་པར་འཚོལ་སྐྱོབ་རྩ་འཛུགས་བྱས་ཏེ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱེད་དགོས་པ་མ་ཟད་ལས་མཇུག་ལེགས་བསྡུས་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས། དེ་དང་ཆབས་ཅིག་ཏུ། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གང་མགྱོགས་ཀྱིས་རྩད་བཅད་དེ། ཁྲིམས་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་དགོས། དེང་སྐབས་ངལ་རྩོལ་དུས་ཆེན་གྱི་གུང་གསེང་དུས་སྐབས་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ས་གནས་སོ་སོས་དོན་འདི་བསླབ་བྱར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་སྔར་ལས་ཤུགས་བསྣན་ཏེ། དོན་རྐྱེན་ཚབས་ཆེན་འབྱུང་བར་ནན་འགོག་བྱ་དགོས་པ་བསྟན།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། འཕྲལ་བསྟུན་དོ་དམ་པུས་ཡིས་ལས་སྒྲུབ་ཚན་ཆུང་ཡུལ་དངོས་སུ་མཛུབ་སྟོན་བྱེད་དུ་མངགས། ཧུའུ་ནན་ཞིང་ཆེན་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་རྨས་མ་སྐྱོབ་བཅོས་དང་ཡུལ་དངོས་ཐག་གཅོད་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་བཞིན་ཡོད། མིག་སྔར། བྱ་བ་ཁག་སོ་སོ་སྒྲུབ་བཞིན་པའི་སྒང་ཡིན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ།  ཚེས5ཉིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་དུ་བསྐྱོད་དེ། ཚོན་སྦག་བཟོ་གྲྭའི་འགད་གཏོར་དོན་རྐྱེན་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་བྱ་བར་མཛུབ་སྟོན་བྱས།

ཀྲང་གོ་ཆིན་འབྱོར་རྗེས་དུས་ཐོག་ཏུ་འགད་གཏོར་དོན་རྐྱེན་གྱི་ཡུལ་དངོས་དང་ལིའུ་དབྱང་གྲོང་ཁྱེར་སྨན་ཁང་དུ་སོང་སྟེ། རྨས་ཕོག་པའི་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། རོགས་སྐྱོབ་མི་སྣ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་བཅས་བརྒྱུད་སྒྲོག་བྱས་ནས།  མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དེའི་རྗེས་ཡུལ་དངོས་བཀོད་འདོམས་པུའུ་རུ་ཚོགས་འདུ་བསྡུས་ནས།  རོགས་སྐྱོབ་དང་སྐྱོབ་བཅོས། ལས་མཇུག་ལེགས་བསྡུས་ཀྱི་སེམས་གསོ། དོན་རྐྱེན་བརྟག་དཔྱད་སོགས་ཀྱི་བྱ་བ་སྔར་ལས་ལེགས་པར་བསྒྲུབ་པར་ཞིབ་འཇུག་བཀོད་སྒྲིག་བྱས།

ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། འབྲེལ་ཆད་མི་སྣ་འཚོལ་བཤེར་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ལས་མཇུག་ལེགས་བསྡུས་ཀྱི་བྱ་བ་ཡག་པོར་སྒྲུབ་པ། དོན་རྐྱེན་གྱི་རྒྱུ་རྐྱེན་གང་མགྱོགས་ངང་རྩད་གཅོད་བྱེད་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བ་ནན་གྱིས་བསྟན། 

ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ།  མི་གྲངས་ཞིབ་བཤེར་དམ་འཛིན་བྱེད་པ་དང་། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་པ། ཚན་རིག་དང་མཐུན་པར་འཚོལ་སྐྱོབ་བྱས་ཏེ། ཞོར་སྐྱོན་སྔོན་འགོག་ནན་མོ་བྱེད་པ་དང་། ལས་མཇུག་ལེགས་བསྡུས་བྱ་བ་ཡག་པོར་བསྒྲུབ་ནས་དོན་རྐྱེན་གྱི་རྒྱུ་རྐྱེན་གང་མགྱོགས་ངང་རྩད་གཅོད་བྱེད་དགོས་པའི་བླང་བྱ་བཏོན།

ཧུའུ་ནན་ཞིང་ཆེན་དང་ས་གནས་ཁག་གི་འབྲེལ་ཡོད་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་གི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བསླབ་བྱ་ཟབ་མོ་ལེན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁག་ཐེག་བྱེད་དགོས།  

ཀྲང་གོ་ཆིན་གྱིས་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ནས། མི་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་པ་དང་། ཞོར་སྐྱོན་གྱི་ཤི་རྨས་འབྱུང་བ་ནན་འགོག་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་རྐྱེན་བརྟག་དཔྱད་ཚན་ཆུང་འཛུགས་དགོས་པ་དང་། “མི་གཏོང་བ་བཞི”ཡི་རྩ་དོན་ལྟར་དོན་རྐྱེན་གྱི་འབྱུང་རྐྱེན་དང་འགན་འཁྲི་རྩད་གཅོད་གསལ་བོ་བྱས་ནས། ཉེས་ཆད་ལག་བསྟར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས་པ་ནན་གྱིས་བསྟན།