
ཟླ5པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨོ་སི་ཁྲུ་རི་ཡའི་སྲིད་འཛིན་ཧྥན་ཏི་པེ་ལུན་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་55ཡི་རིང་། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་དུས་ཀྱི་འགྱུར་ལྡོག་ཁྲོད་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད། 2018ལོར། ང་དང་སྲིད་འཛིན་ཧྥན་ཏེ་པེ་ལུན་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་མཐུན་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་འཕེལ་བའི་གོ་རིམ་གསར་པའི་འགོ་བརྩམས། ན་ནིང་གི་ཟླ5པར། “དོམ་ཁྲའི་ཕོ་ཉ”གསར་པ་གཉིས་ཝེ་ཡེ་ན་རུ་ཀུན་གྱི་མཐོང་ལམ་དུ་མངོན་པ་དེས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་། ད་ལྟ། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་གཉིས་ནི་འཛམ་གླིང་ཞི་བདེ་ལ་སྐུལ་འདེད་གཏོང་མཁན་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན། རང་མོས་ཉོ་ཚོང་སྲུང་སྐྱོང་བྱེད་མཁན་བཅས་ཡིན་པའི་ངོས་ནས། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། སྒོ་འབྱེད་བསྟུན་མཁས། མཉམ་ལས་གཉིས་རྒྱལ་བཅས་ཐུན་མོང་གིས་སྔར་ལས་རྒྱུན་འཁྱོངས་བྱེད་དགོས། ངས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྲིད་འཛིན་ཧྥན་ཏི་པེ་ལུན་དང་མཉམ་དུ་འབད་བརྩོན་བྱས་ཏེ། འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་འདོད་ཡོད།
ཧྥན་ཏེ་པེ་ལུན་གྱིས་བསྟན་དོན། 2018ལོར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཀྲུའུ་ཞི་སྐུ་ཞབས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་མཛའ་མཐུན་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས་ཤིང་། དེ་ནི་ཕྱོགས་གཉིས་ཀའི་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། འདས་ཟིན་པའི་ལོ55རིང་། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད་ལ། མི་ཆོས་རིག་གནས་དང་། སློབ་གསོ། ཚན་ཞིབ། རིག་གནས། དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོར་འགྲོ་འོང་མང་བ་དང་། ཕྱོགས་གཉིས་ཀའི་མཛའ་འབྲེལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ཡོད། ད་ལྟ་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བས། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་འདྲིས་རྒྱ་ཁྱབ་བྱེད་པ་རྒྱུན་བསྲིངས་དང་། མཉམ་དུ་བརྟན་བརླིང་སྲུང་སྐྱོང་། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་རྒྱུ་བཅས་སྔར་ལས་འགངས་ཆེན་དུ་གྱུར་ཡོད་སྟབས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་གཏིང་ཟབ་དང་སྤུས་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།