ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་གཉིས་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་སྐུ་ཟླ་དང་མཉམ་དུ་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོར་གཟིགས་སྐོར་གནང་། 
ཁུངས། ཀློག་གྲངས།

ས་དེའི་ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་གཉིས་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་དང་ལྕམ་མོ་ཡེ་ཐིས་ས་འར་གྱི་ཕེབས་རོགས་འོག་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོར་གཟིགས་སྐོར་གནང་། 

ཅི་ས་མཐོ་སྒང་དུ། ལོ་ངོ་སྟོང་ལ་རྒྱུན་བསྲིངས་པའི་གཏོར་གཟུགས་མཆོད་རྟེན་ཚོགས་དང་བརྗིད་ཉམས་ལྡན་པའི་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོ་གཉིས་འོད་དུ་འཚེར།

ཞི་ཅིན་ཕིང་དང་ཕིང་ལི་ཡོན་གཉིས་རྟེན་མཛོད་ཁང་དུ་འབྱོར་སྐབས། སའེ་ཞི་སྐུ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་མཉམ་དུ་འགྲེམ་སྟོན་ཚོམས་ཆེན་དུ་ཕེབས་ཏེ། ལ་མའེ་ཞི་སིའི་སྐུ་ཕྲེང་གཉིས་པའི་བརྐོས་བརྙན་མདུན་དུ་མཉམ་པར་བསྐྱོན་ཞིང་། རྟེན་མཛོད་ཁང་དང་གནའ་བོའི་ཨེ་ཅིབ་ཀྱི་ལོ་རྒྱུས་ངོ་སྤྲོད་ལ་གསན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་སྐས་རིམ་ལ་བསྡད་དེ་སྟེང་དུ་བསྐྱོད་པ་མ་ཟད། སྤུས་དག་ལྷུན་སྡུག་གི་རྡོ་བརྐོས་སྐུ་བརྙན་དང་ཡིག་བརྐོས་ཀ་རྡོ། ལྷ་ཁང་གི་རྩེ་མོར་མྱོང་རོལ་བྱས་རྗེས། ལྗོངས་གཟིགས་སྟེགས་བུའི་མདུན་གྱི་སྒེའུ་ཁུང་ལས་གཏོར་གཟུགས་མཆོད་རྟེན་ཚོགས་ལ་རྒྱང་བལྟ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཐུའུ་ཐན་ཁ་མིན་འགྲེམ་སྟོན་ཚོམས་ཆེན་དུ་ཕེབས་ཏེ། ཧྥ་ལའོ་ཡི་རྒྱལ་ཁྲི་དང་གསེར་གྱི་གདོང་འབོག རྒྱལ་བོའི་འཐབ་འཁོར་སོགས་རྟེན་རྫས་རྩ་ཆེན་ལ་གཟིགས་སྐོར་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་དང་འཛམ་གླིང་གི་ཤུལ་བཞག་རྒྱལ་ཁབ་ཆེན་མོ་ཡིན་པས། དཔལ་ཡོན་ཆེན་པོ་གཉིས་དུས་ཚོད་དང་བར་སྟོང་བརྒལ་ནས་ཕན་ཚུན་གཉིས་མོས་མཉམ་འབད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དུས་རབས་ཀྱི་མཛའ་བརྩེའི་ལེའུ་མུ་མཐུད་དུ་བརྩམས། ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་ཕན་ཚུན་དཔེ་ལྟ། གླེང་མོལ། དཀྱེལ་ཡངས་བཅས་ཀྱི་དཔལ་ཡོན་ལྟ་བ་དར་སྤེལ་བྱས་ཏེ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ལག་བསྟར་བྱེད་པ་དང་། དཔལ་ཡོན་མི་འདྲ་བར་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དཔེར་ལྟ་ལ་ཐུན་མོང་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དཔལ་ཡོན་གྱི་སྟོབས་ཤུགས་སྔར་ལས་མང་པོ་གཅིག་སྒྲིལ་བྱེད་པར་སྐུལ་འདེད་གཏོང་དགོས། 

སའེ་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོ་ན་ནིང་སྒོ་འབྱེད་སྐབས་སུ་ཤིས་འཕྲིན་སྤྲིངས་པ་ལ་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། གནའ་བོའི་ཨེ་ཅིབ་ཀྱི་དཔལ་ཡོན་དང་ཀྲུང་ཧྭའི་དཔལ་ཡོན་ཚང་མར་དཀྱེལ་ཡངས་མཉམ་གསོག་དང་སྣ་མང་མཉམ་གནས་ཀྱི་ཁྱད་གཤིས་མངའ་བས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འགོའི་འདུ་ཤེས་དང་ཚད་མཐོའི་གཅིག་གྱུར་བྱུང་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་ཚུལ་རིག་གནས་སྤེལ་རེས་གང་ལེགས་བྱས་ཏེ། དཔལ་ཡོན་དཔེར་ལྟ་ལ་སྐུལ་འདེད་བྱས་ནས། འཛམ་གླིང་སྔར་ལས་འཆམ་མཐུན་དཀྱེལ་ཡངས་ཡོང་བར་བྱེད་དགོས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།