རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ནས་དེང་རབས་འཚོ་བར་ཕན་བདེ་བསྐྲུན། 
ཁུངས། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།   “ལོ་རྒྱུས་རིག་གནས་ཤུལ་བཞག་གིས་འདས་ཟིན་པའི་གནས་ཚུལ་བརྗོད་པ་མ་ཟད།   དེང་སྐབས་དང་མ་འོངས་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད།   དེ་ང་ཚོར་དབང་བ་མ་ཟད་ཕ་ཚ་བུ་རྒྱུད་ལའང་དབང་།   ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱེད་པ་ནི་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ཞིག་ཡིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཁྲིད་སྟོན་འོག  རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་བསྟུད་མར་གལ་ཆེའི་རང་བཞིན་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མང་པོ་བྱུང་བ་དང་།   སྲུང་སྐྱོབ་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་སྔར་ལས་ཕན་བདེ་མང་བོ་ཐོབ་སྟེ། རིག་གནས་རྒྱུན་འཛིན་དང་དུས་རབས་ཀྱི་འཕེལ་རྒྱས་མཐུན་སྦྱོར་ཡོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཞིག་བསྙེགས་ཡོད།

ཟླ་མཆོད་ཀྱི་གུང་གསེང་འདིར།  ཧང་ཀྲོའུ་ཞི་ཧུའུ་མཚེའུ་ཡི་སྟོན་ཉམས་མཛེས་ཤིང་མཚེའུ་དང་རི་བོའི་བཀོད་པ་ལྟ་ན་སྡུག  གྲོང་མི་དང་ཡུལ་སྐོར་བ་གནས་དེར་ཡོང་ནས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚོང་ར་ཉུལ་ཏེ། སྲོལ་རྒྱུན་ལག་ཤེས་ལ་མྱོང་རོལ་བྱས་ནས། སྤྲོ་སྐྱིད་ཀྱིས་ཁེངས་བའི་ཟླ་མཆོད་དུས་ཆེན་ལ་ལྷན་དུ་རོལ། 

ད་ལྟ།   ཁྱོད་རང་མཚོ་འགྲམ་དུ་འཆམ་འཆམ་ལ་ཕྱིན་ཏེ། “མཛེས་སྡུག་ལྡན་པའི”ཞི་ཧུའུ་མཚེའུ་ལ་ལྟ་སྐབས། ལོ་ཉི་ཤུ་ལྷག་གི་སྔོན་ལ། ཞི་ཧུའུ་མཚེའུ་རེ་ཞིག་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འགལ་བའི་དཀའ་གནས་སུ་ལྷུང་མྱོང་བ་ཚོད་དཔག་བྱེད་དཀའ་ཞིང་། མཚེའུ་ལ་གྱང་སྐོར་སྡོང་འཛུགས་བྱས་ཏེ། ལྗོངས་ཁུལ་ཐར་ཐོར་བཏང་བས། རིག་དངོས་དང་། མཚེའུ་དང་རི་བོའི་མཛེས་ལྗོངས་སྲུང་སྐྱོབ་ཐད་དཀའ་གནད་མི་ཉུང་བ་ཞིག་དང་འཕྲད། 2002ལོར། སྐབས་དེའི་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་གསལ་བོར་བསྟན་དོན། “ཞི་ཧུའུ་མཚེའུ་ཡི་ཕྱོགས་བསྡུས་སྲུང་སྐྱོབ་བཟོ་སྐྲུན་ནི་ཕན་བདེ་དགེ་ལས་དང་དམངས་སེམས་ཐོབ་པའི་བྱ་སྤྱོད་ཅིག་ཡིན། ”“རང་བྱུང་སྐྱེ་ཁམས་སླར་གསོ་ཐུབ་དགོས་ལ། མི་ཚུལ་རིག་གནས་མཛེས་ལྗོངས་ཡང་སླར་གསོ་བྱེད་དགོས་པ་ནན་གྱིས་བསྟན།  ” ཁོང་གིས་དངོས་སུ་ཐུགས་ཁུར་དང་སྐུལ་འདེད་འོག  ཞི་ཧུའུ་མཚེའུ་ཡི་ལོ་རྒྱུས་དང་མི་ཚུལ་རིག་གནས་མཛེས་ལྗོང180ལྷག་རིམ་བཞིན་སླར་གསོ་བྱུང་བ་དང་། མཚེའུ་སྐོར་བའི་སྤྱི་གླིང་ཚང་མ་རིན་མེད་ངང་སྒོ་ཕྱེ་ཡོད། ཡུན་རིང་བྱས་རྗེས་འཇོག་པ་དང་མཚེའུ་དམངས་ལ་སྤྲོད་པའི་ལག་ལེན་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སློག་སྟེ། ཞི་ཧུའུ་མཚེའུ་སྲུང་སྐྱོབ་བྱ་བར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱས།  སྔོན་ཏག་ཏག་ལ།  གསར་དུ་དཔར་བའི《ཧང་ཀྲོའུ་ཞི་ཧུའུ་མཚེའུ་ཡི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་འཆར་འགོད》ལ་དངོས་སུ་ཆོག་མཆན་ཐོབ་པ་དང་། སུང་རྒྱལ་རབས་ལྷོ་མའི་གོང་མའི་ཁྲོམ་གཞུང་དང་ཧི་ཧྥང་ཁྲོམ་གཞུང་སོགས་གྲོང་ཁྱེར་གྱི་ལོ་རྒྱུས་ཤུལ་བཞག་སྲུང་སྐྱོབ་ཁྱབ་ཁོངས་སུ་བཅུག་ཡོད། དེ་ལས་མང་བའི་སྲུང་སྐྱོབ་གྲུབ་འབྲས་ཀྱིས་རྒྱ་ཆེའི་གྲོང་མི་ཡུལ་སྐོར་བར་རྒྱུན་མཐུད་ངང་ཕན་ཐོགས་ཡོད།

ཡངས་ཤིང་རྒྱ་ཆེ་བའི་ཀྲུང་ཧྭའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་ཤེས་དཔལ་གྱི་གཏིང་ཟབ་པ་ནི་ང་ཚོའི་གདེང་ཚོད་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནའ་བོའི་ཕོ་བྲང་དང་། མིས་བཟོས་གཙང་པོ་ཆེན་པོའི་འགྲམ་རྒྱུད། མོ་ཀའོ་བྲག་ཕུག   ཝུའུ་དབྱི་རི་བོ།  ཧྲང་གི་རྒྱལ་སའི་མཁར་ཤུལ་སོགས་འཛམ་གླིང་ཤུལ་བཞག་གནས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་རྒྱས་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་།  རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་གཙོ་གཞིའི་རང་བཞིན་སྲ་བརྟན་དུ་གཏོང་བའི་དཀྱེལ་ཡངས་བའི་མིག་རྒྱང་དང་འཐབ་ཇུས་ཀྱི་མིག་རྒྱང་ལ་བརྟེན་ནས། དུས་རབས་གསར་པར་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཇི་ལྟར་བྱ་རྒྱུའི་སྐོར་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་བཏབ་ཡོད། “མེས་པོས་བཞག་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱས་ཏེ།  ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་སྔར་ལས་ལེགས་པོར་བྱ་དགོས། ”“ལོ་རྒྱུས་ལ་བརྩི་འཇོག་དང་རིག་གནས་ལ་དགའ་ཞེན་བྱེད་པའི་བསམ་པ་བཟུང་ནས། སྲུང་སྐྱོབ་ཨང་དང་པོ་དང་།  བེད་སྤྱོད་ལུགས་མཐུན།  ཐེ་གཏོགས་ཆུང་ཤོས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རིག་གནས་ཤུལ་བཞག་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་དང་གཅིག་གྱུར་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་དགོས།

2015ལོ་ནས2023ལོའི་བར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྱི་རྫ་ཆས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་ཐུགས་ཁུར་ཐེངས་མང་གནང་བ་དང་།   ཅིན་ཏི་ཀྲིན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རེ་ཞུའི་བྱ་བར་ཁ་ཕྱོགས་གསལ་སྟོན་གནང་།    ད་ལོའི་ཟླ7པར།    “ཅིན་ཏི་ཀྲིན་གྱི་ལག་ཤེས་རྫ་ཆས་ལས་རིགས་ཀྱི་ཤུལ་བཞག”བདེ་བླག་ངང《འཛམ་གླིང་ཤུལ་བཞག་མིང་ཐོ》ནང་བཅུག་པ་དང་བསྟུན་ནས་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་རྣམ་གྲངས61ཟིན་ཏེ།    དབྱི་ཐ་ལི་དང་འཛམ་གླིང་ཤུལ་བཞག་གི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།    ད་ལོའི་ཟླ་མཆོད་དུས་ཆེན་གྱི་དགོང་མོར།    ཞི་བདེ་བསྲེགས་དོང་རེ་རེར་བསྲེགས་དོང་འགྲམ་དུ་རིམ་བཞིན་སྦར་ཞིང་།    མང་ཚོགས་ཀྱིས་ཞི་བདེ་དང་བདེ་སྡོད་ལས་བརྩོན་གྱི་འདུན་པ་མཚོན་པའི་དམངས་སྲོལ་བྱེད་སྒོ་དེ་ད་བར་དུ་རྒྱུན་མཐུད་བྱས་ཤིང་།   རྫ་ཆས་ཀྱི་རིག་གནས་ལ་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། དེ་བས་ཀྱང་གྲོང་ཁྱེར་འདིའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱེད་ཀྱིན་ཡོད།


རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱེད་ཤུགས་དང་ཆུ་ཚད་མཐོ་རུ་བཏང་སྟེ། མེས་པོས་བཞག་པའི་རིག་གནས་ཤུལ་བཞག་ལ་སེམས་ཞིབ་མོས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཏེ། འཛམ་གླིང་དུ་སྐད་གྲགས་ཆོད་པའི་རིག་གནས་ཀྱི་གཅེས་ནོར་ཞིག་ཡིན་པའི་ཆ་ནས། ཏུན་ཧོང་མོ་ཀའོ་བྲག་ཕུག་སྔོན་ཆད་སྲུང་སྐྱོབ་ཀྱི་ཐད་ནས་དཀའ་གནད་རབ་དང་རིམ་པར་འཕྲད་ཡོད་ལ། “སྲུང་སྐྱོབ་ཡག་པོ་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ། ཉེ་བའི་ལོ་ཤས་རིང་མོ་ཀའོ་བྲག་ཕུག་ཏུ་ལྡེབས་རིས་དང་ཚོན་ལྡན་འཇིམ་བརྙན་ལ་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོའི་ལས་དོན་རྒྱུན་མཐུད་ངང་སྤེལ། “གྲངས་འཛིན་ཏུན་ཧོང”གི་བཟོ་སྐྲུན་ལ་བརྟེན་ནས། ལྡེབས་རིས་གྲངས་འཛིན་ཅན་དང་ཚོན་རིས། རྗེས་ཤུལ་ཆེན་པོའི་རྩ་གསུམ་བསྐྱར་སྐྲུན་སོགས་ཀྱི་གནད་འགག་ལག་རྩལ་འགག་སྒྲོལ་བྱས་ཏེ། ཏུན་ཧོང་བྲག་ཕུག་ལ་དུས་གཏན་གྱི་གྲངས་འཛིན་ཡིག་ཚགས་བཟོས་ནས། འཛམ་གླིང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་ཀྲུང་གོའི་ཇུས་གཞི་ཕུལ།  གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱིས་རིག་གནས་ཤུལ་བཞག་དེ་དེང་རབས་ལ་སྦྲེལ་མཐུད་བྱེད་པའི་ཁྲོད་ཡུན་རིང་རྒྱུན་འཛིན་མངོན་འགྱུར་བྱུང་།  ཀོང་ཏུང་ཁྲའོ་ཀྲོའུ་གནའ་མཁར་གྱིས“འཕྲལ་ཁེ་རྔམ་སྒྲུབ་མི་བྱེད་པ་དང་བཤིག་སྐྲུན་ཆེན་པོ་མི་བྱེད་པའི”རྩ་དོན་རྒྱུན་བསྐྱངས་ནས། 2018ལོར“ཕྱོགས་མང་པོས་གནའ་མཁར་ཉམས་གསོ་བྱེད་པའི”བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། མེ་ཏོག་གཙགས་པའི་སྙིང་རུས་ལ་བརྟེན་ནས་གནའ་མཁར་ཉམས་གསོ་དང་གསོན་ཉམས་ལྡན་པར་སྐུལ་འདེད་བཏང་སྟེ། གནའ་མཁར་གྱི་རིག་དངོས་ས་ཚིགས139དང་གནའ་བོའི་སྡོད་ཁང་སྟོང་ཕྲག་ལྷག་ཁག་བགོས་ཀྱིས་ཉམས་གསོ་བྱས་པ་དང་། གནའ་མཁར་གྱི་སྲང་ལམ33གསར་སྒྱུར་དང་སྒྱུར་བཀོད་གང་འཚམ་བྱས་ལ། བཟོ་བཀོད་རྙིང་པ་གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་། ཁྱད་ལྡན་ལས་རྣམ་དུ་ནང་འདྲེན་བྱས་ཏེ།  ཁྲའོ་ཀྲོའུ་ཡི་འཚེམ་དྲུབ་དང་ཇ་རྩལ་སོགས་ཀྱི་སྲོལ་རྒྱུན་རིག་གནས་གནའ་མཁར་གྱི་སྲང་ལམ་དང་འདྲེས་པར་བྱས་ཏེ། སྔར་གྱི་སྡོད་དམངས་ཁྲི6ལ་ཉེ་བའི་འཚོ་བའི་རྣམ་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་པ་བསྩལ་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐངས། རྒྱལ་ས་པེ་ཅིང་དུ། ལོ་དྲུག་འགོར་རྗེས། སླར་ཡང་སྒོ་འབྱེད་བྱས་པའི་མདུན་སྒོའི་ཁ་གཏད་ཀྱི་མཁར་ཐོག་གིས་སྤྱི་དམངས་ཀྱིས་དཀྱིལ་ཐིག་ལ་རྒྱུས་ལོན་བྱེད་པར་སྒེའུ་ཁུང་གསར་པ་ཕྱེས་པ་དང་། འདི་ནི་སྤྱི་ལེ7.8ཡོད་པའི“གནའ་མཁར་གྱི་ཡང་རྩེ”ཡིན་ལ། ད་ལྟ་འཛམ་གླིང་གིས་ཀྲུང་གོར་ཤེས་རྟོགས་བྱེད་པའི་རིག་གནས་ཀྱི་མིང་བྱང་ཞིག་ཡིན་པར་མ་ཟད། གྲོང་ཁྱེར་གྱི་གསོན་ཤུགས་ལ་སྐུལ་སློང་དང་ཡུལ་སྐོར་གྱི་ཚ་རླབས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

རྒྱང་རིང་འདས་སོང་ལ་ཕྱིར་མིག་བལྟས་ན། ད་གཟོད་རྒྱང་རིང་བའི་འབྱུང་འགྱུར་མཐོང་ཐུབ། མིག་སྔའི་བར་དུ། རྒྱལ་ཡོངས་སུ་སྤོ་འགུལ་བྱེད་མི་རུང་བའི་རིག་དངོས་འབུམ་བདུན་ཁྲི་དྲུག་ལྷག་ཐོ་འགོད་བྱས་ཡོད་པ་དང་། རྒྱལ་དབང་སྤོ་འགུལ་བྱས་ཆོག་པའི་རིག་དངོས་ཀྱི་བསྡོམས་འབོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་ལ་སླེབས་ཡོད། ཐོ་འགོད་བྱས་པའི་རྟེན་མཛོད་ཁང་བདུན་སྟོང་ཆིག་བརྒྱ་ལས་བརྒལ་ཏེ། 91%ཡན་རིན་མེད་ངང་སྒོ་ཕྱེས་པ་དང་། ལོ་རེར་ལྟད་མོ་བ་མི་ཐེངས་ཐེར་འབུམ་གཅིག་དུང་ཕྱུར་ལྔ་ལས་བརྒལ་བ་སྣེ་ལེན་བྱས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས། རང་རྒྱལ་གྱི་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། རིག་གནས་ཤུལ་བཞག་གིས་རྒྱ་ཆེའི་མང་ཚོགས་ལ་སྔར་ལས་ལྷག་པའི་ཕན་པ་བསྐྲུན་ནས་དེང་རབས་ཀྱི་འཚོ་བའི་ཁྲོད་ཡུན་ཕན་སྲུང་སྐྱོབ་དང་། བེད་སྤྱོད་ལུགས་མཐུན། ཡུན་རིང་རྒྱུན་འཛིན་བྱ་ངེས།