ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཟེངས་སུ་ཐོན་པའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ལ། གསར་གཏོད་རང་བཞིན་གྱིས་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ་སྟེ། རིག་གནས་དར་རྒྱས་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བསམ་བློའི་དྲག་ཆས་སྟོབས་ལྡན་དང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་རྩ་རྒྱུན་མཐུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པ་རུ་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།
རྒྱལ་སྟོན་གུང་གསེང་སྐབས་འདིར། ཧྲང་ཧའེ་ཡི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་དང་ཅང་ཞིས་རུའེ་ཅིན་གྱི་ཀྲུང་ཧྭ་སུའུ་ཝེ་ཨེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་སོགས་གསར་བརྗེའི་གནས་རྙིང་ཁུལ་དུ། མི་རྣམས་ཀྱིས་སྔོན་རབས་པའི་ཞབས་རྗེས་འཚོལ་སྙེགས་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་རྟོགས་པར་བྱས། ཉེ་ཆར་རྒྱལ་ཁབ་རྟེན་མཛོད་ཁང་དང་ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་དུ་རིག་དངོས་གསར་པ་ཐོན་པ་དང་། ལྟད་མོ་བ་ཚོས་རྡོ་ཆས་གསར་པའི་དུས་རབས་ནས་ཀྲོའུ་ཤར་མ་དང་ཀྲོའུ་ནུབ་མའི་དུས་སྐབས་ཀྱི་རིག་དངོས་ཁྲོད་ནས་ཀྲུང་ཧྭའི་རིག་གནས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་ཉམས་སུ་མྱངས། ཧུའུ་ནན་ཁྲང་ཏེ་ཧི་སྲང་ལམ་དང་ཅང་སུའུ་སུའུ་ཀྲོའུ་ཕིང་ཅང་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ། རྒྱལ་ཁབ་ཀྱི་དར་སྲོལ་དང་རྒྱལ་ཁབ་ཀྱི་རླབས་རྒྱུན་གྱིས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་གསར་པར་བཀྲག་མདངས་འཚེར་དུ་བཅུག་པ་དང་། མི་རྣམས་ཀྱིས་ལོ་རྒྱུས་གླེང་མོལ་བྱས་པ་ལས་དཔལ་ཡོན་གྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་དང་རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་ཏུ་བཏང་།
ཡུལ་སྐོར་བ་ཀྲང་དབྱིས་ཀྱིས་བཤད་རྒྱུར།
ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལ་བལྟས་ན། ང་ཚོའི་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་ཉམས་སུ་མྱོང་ཐུབ་པ་དང་། རྒྱལ་ཡོངས་སུ་དུས་ཆེན་ལ་རོལ་བའི་བདེ་སྐྱིད་ཀྱི་འཚོ་བའི་ཁྲོད་ནས་ང་ཚོ་རང་ཉིད་ཀྱི་རིག་གནས་ལ་སྔར་ལས་ཤེས་རྟོགས་ཟབ་མོ་བྱུང་བར་མ་ཟད། ང་ཚོ་ན་གཞོན་ཚོའི་མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་བཏང་།
ཀྲུང་ཧྭའི་རིག་གནས་རྒྱུན་རིང་ཞིང་། ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ལ་གཏིང་ཟབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་། གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན་བཅས་ཇེ་བརྟན་དུ་གཏོང་བར། མཐར་གཏུགས་ནས་བཤད་ན་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་དགོས་པ་ཡིན་ལ། རིག་གནས་ཡིད་རྟོན་ནི་ཆེས་གཞི་རྩ་དང་། ཆེས་གཏིང་ཟབ། ཆེས་རྒྱུན་སྲིང་བཅས་ཀྱི་སྟོབས་ཤུགས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཚད་མཐོའི་རིག་གནས་ཡིད་རྟོན་མེད་པ་དང་། རིག་གནས་ཀྱི་དར་རྒྱས་གོང་འཕེལ་མེད་ཚེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་འབྱུང་མི་སྲིད་ཅེས་ནན་གྱིས་བསྟན་ཡོད།
རིག་གནས་ཤུལ་བཞག་ལ་རྟོག་ཞིབ་བྱས་ཏེ། ཤེས་དཔལ་གྱི་འབྱུང་རྩ་འཚོལ་ཞིབ་བྱེད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཞབས་རྗེས་ལས་ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་བསམ་གཞིག་ཟབ་མོ་གནང་བ་མངོན་ཡོད། ཧྥུ་ཅན་ཝུའུ་དབྱི་ཧྲན་ཀྲུའུ་ཞི་གླིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས། “ང་ཚོས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་རིག་གི་ཉིང་བཅུད་སྔོག་འདོན་བྱེད་པར་མཐོང་ཆེན་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་ཞེས་བསྟན།
2023ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ཁྲོད། ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་མངོན་གསལ་ཅན་ལྔ་ལ་རྒྱས་བཤད་གཏིང་ཟབ་གནང་སྟེ། “ཟུང་འབྲེལ་གཉིས”དང་ལྷག་པར་དུ“ཟུང་འབྲེལ་གཉིས་པ”ཡི་དོན་སྙིང་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་གསལ་བཤད་གནང་ལ། “ཟུང་འབྲེལ་གཉིས་པ”ནི་ཡང་བསྐྱར་བསམ་བློ་བཅིངས་འགྲོལ་གཏོང་བ་ཞིག་ཡིན་པར་མ་ཟད། “རིག་གནས་ཀྱི་བྱེད་པོ་རང་བཞིན”གྱི་ཆོད་གཏམ་གལ་ཆེན་གསལ་བོར་བཏོན་ཏེ། “རིག་གནས་ཡིད་རྟོན་ནི་ང་ཚོའི་རིག་གནས་ཀྱི་བྱེད་པོའི་རང་བཞིན་ལས་བྱུང་བ་ཡིན”ཞེས་བསྟན་ཡོད།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་གོའི་བགྲོད་ལམ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐེན་སྲུང་ཡན་གྱིས་བཤད་རྒྱུར།
རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་ན། ད་གཟོད་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་སྡོང་བོར་གཞི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཁྲོད་འདུས་པའི་ཚན་རིག་དང་མཐུན་པའི་བདེན་དོན་གྱི་རིན་ཐང་དེ་དུས་རབས་གསར་པའི་རླབས་ཆེན་གྱི་རིག་གནས་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་མངོན་པར་བྱས་ལ། དེས་དུས་རབས་གསར་པ་དང་འཐབ་ལམ་གསར་པར་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་རྒྱུར་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གལ་ཆེན་མཁོ་འདོན་གནང་བར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་དང་ཤེས་དཔལ་གྱི་ཁ་ཕྱོགས་གཏན་འཁེལ་གནང་།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཤེས་དཔལ་ལ་དེང་རབས་ཀྱི་སྟོབས་ཤུགས་སྩོལ་བ་དང་། ཀྲུང་ཧྭའི་ཤེས་དཔལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནང་དོན་ཟབ་མོ་བསྐྲུན་ཐུབ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་སྟོན་འོག རང་རྒྱལ་གྱི་རིག་གནས་འཛུགས་སྐྱོང་གིས་ཡོངས་ཁུངས་གཙང་སྒྱུར་དང་བདེན་སྲུང་གསར་སྐྲུན་གྱི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།
རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་གཞུང་ལུགས་ལ་འབོད་སྐུལ་བྱེད་ལ། རླབས་ཆེན་གྱི་གཞུང་ལུགས་ཀྱིས་རླབས་ཆེན་གྱི་དུས་རབས་ལ་སྣེ་ཁྲིད་བྱེད།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་། གསུང་རྩོམ་གྱིས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་བཏང་ནས་བླངས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་གཅིག་བསྡུས་ཀྱིས་མཚོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་བྱེད་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེའི་སྟོབས་ཤུགས་གང་ལེགས་ཀྱིས་མངོན།