མིའི་དགོས་མཁོར་གཞིགས་ནས་འཛད་སྤྱོད་ཁྲོམ་ར་ཆེན་པོ་སྐུལ་སློང་བྱེད་དགོས།
ཁུངས། ཞིན་ཧྭ་གསར་འགྱུར། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   འཛད་སྤྱོད་རྒྱ་སྐྱེད་གཏོང་རྒྱུ་དེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱ་རྒྱུ་དང་ཟུང་འབྲེལ་བྱ་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་དགོས་མཁོ་སྔར་ལས་སྣ་མང་དང་། སྤུས་ཚད་སྔར་ལས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། འཛད་སྤྱོད་ཀྱང“ཅི་ཞིག་ཉོ”ཐུབ་པ་ནས“འཚོ་བའི་ཉམས་ལེན་ཅི་འདྲ་ཐོབ་པའི”བར་འགྱུར་བཞིན་ཡོད།  ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར།  རང་རྒྱལ་གྱིས་མི་དམངས་མང་ཚོགས་ཀྱི་རྒྱུན་ཆད་མེད་པར་རིམ་འཕར་བྱུང་བའི་དགོས་མཁོ་གསར་པ་དང་བསྟུན་ནས།  མཁོ་སྤྲོད་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།  དགོས་མཁོ་ཁྲི་སྟོང་མང་པོ་རྒྱལ་ནང་གི་ཚོང་ར་སྟོབས་ལྡན་དུ་འདུ་བར་བྱེད་པའི་བར་སྟོང་གསར་པ་ཆགས་པར་བྱེད་དགོས།

འདས་མ་ཐག་པའི་རྒྱལ་སྟོན་གུང་གསེང་གི་སྐབས་སུ།   རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་རྒྱུན་མཐུད་ངང་འདོན་སྤེལ་བྱུང་བ་དང་།  གསར་དུ་ཁྱབ་བསྒྲགས་བྱས་པའི་ཚོང་དོན་པུའུ་ཡི་ཚོང་དོན་གཞི་གྲངས་ཆེན་མོ་ལས་མངོན་པ་ལྟར་ན།   ཟླ10པའི་ཚེས1ཉིན་ནས་ཚེས6ཉིན་བར། རྒྱལ་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱེད་སའི་རྐང་ཐང་ཚོང་ལམ78གྱི་འགྲུལ་རྒྱུན་ཚད་དང་ཚོང་གཉེར་ཡོང་འབབ་ལོ་སྔོན་མའི་དུས་མཉམ་ལས་སོ་སོར་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་དང་བརྒྱ་ཆའི་བཞི་དང་གྲངས་ཆུང་བདུན་འཕར་བ་དང་། འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱས་པས་མི་ཐེངས་ས་ཡ་དྲུག་སུམ་འབུམ་དགུ་ཁྲི་ཉིས་སྟོང་ལ་ཕན་ཐོགས་ཡོད་ལ།  ཕྱིར་འཚོང་དངུལ་འབོར་སྒོར་ཐེར་ཆེན་གསུམ་ཐེར་འབུམ་གསུམ་དུང་ཕྱུར་བཞི་བྱེ་བ་བརྒྱད་ཟིན་ཡོད།  རིག་ནུས་དང་ལྗང་མདོག  བདེ་ཐང་ཚོང་ཟོག་བཅས་ཀྱི་དགོས་མཁོ་ཆེ་རུ་འཕེལ་ཡོད།


ད་ལྟ།  མི་རྣམས་ཀྱིས“ཚོར་སྣང”དང་དངོས་པོ“མི་འདྲ་བར”གྲོན་དངུལ་སྤྲོད་འདོད་ཆེ།   སྲིད་ཇུས་ཞབས་ཞུ་ཡང་དགོས་མཁོའི་རྗེས་སུ་འབྲངས་ཡོད། གུང་གསེང་གི་སྐབས་འདིར། རྒྱལ་ཡོངས་ཀྱི་རྒྱལ་སྟོན་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་རེར་བྱེད་སྒོ་ཐེངས་ཉིས་ཁྲི་ལྷག་སྤེལ་བ་དང་འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་གཏོང་སྤྲོད་བྱས།  

འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད།  འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་ནི་ནམ་ཡང་མིའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་ཆེད་ཡིན།  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   སྤུས་ལེགས་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེར་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བའི་འཕེལ་རྒྱས་ཡིན།  ཁོང་གིས་བསྟན་དོན།   སྤུས་ལེགས་འཕེལ་རྒྱས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁྱད་གཤིས་ཅན་དང་སྣ་མང་ཅན། རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པའི་དགོས་མཁོ་རྒྱུན་མཐུད་ཀྱིས་སྐོང་དགོས།  ཁོང་གིས་ནན་གྱིས་བསྟན་དོན། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས།  ཡོང་འབབ་མི་འདྲ་བའི་ཚོགས་སྤྱིའི་དགོས་མཁོ་དངོས་དང་འཚམ་པར་བྱས་ཏེ།   སྤུས་ལེགས་མཁོ་སྤྲོད་ལ་བརྟེན་ནས་སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་དང་འདོད་བློ་ཆེ་རུ་གཏོང་དགོས།  འཛད་སྤྱོད་དེ་ཚོང་ཟོག་སྔར་ལས་མང་བ་ནས་ཞབས་ཞུ་དང་ཉམས་ལེན་ཕྱོགས་སུ་རྒྱུན་བསྲིངས་པར་བསྟུན་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  འཛད་སྤྱོད་ཀྱི་ལས་རྣམ་དང་རྣམ་པ་གསར་གཏོད་བྱས་ཏེ་ཞབས་ཞུའི་འཛད་སྤྱོད་སོགས་འཕར་གཞི་གསར་པ་ཆགས་པར་བྱེད་དགོས།

ད་ལོའི་འཛད་སྤྱོད་ཁྲོམ་རའི་མཁོ་སྤྲོད་ཀྱིས་སྔར་ལས་གནད་འཁེལ་གྱི་སྒོ་ནས་དགོས་མཁོ་ཞིབ་ཕྲ་རེ་རེ་བཞིན་སྐོང་བཞིན་ཡོད་པ་སྟེ།  ཕྱིར་སྐྱོད་ཐེངས་གཅིག་ལ་སྔར་ལས་རིན་ཐང་ལྡན་པ་ཇི་ལྟར་བྱེད་དགོས་སམ།  གྲོང་ཁྱེར་གྱིས་མིའི་ཉིན་གཅིག་གི་འཚོ་བ་ལྟར་ཞབས་ཞུ་བཀོད་སྒྲིག་བྱས་ཡོད།   རྟེན་མཛོད་ཁང་དང་ཚོང་ཁྲོམ་དུས་འགྱངས་བྱས་ནས་སྒོ་ཕྱེ་བ་དང་། འཁྲབ་སྟོན་དང་འགྲན་སྡུར་མཇུག་བསྒྲིལ་རྗེས་འགྲིམ་འགྲུལ་ཚད་ཇེ་མང་དུ་སོང་ཡོད། ཁ་པར་འཕྲིན་ཡིག་ལས་མངོན་པར། ཟླ་བཅུ་གཅིག་པའི་གུང་གསེང་གི་སྐབས་སུ།  རྒྱལ་ཡོངས་ཀྱི་ཚོང་ལམ་གཙོ་བོའི་འགྲུལ་རྒྱུན་ནང་མི་ལྔ་རེའི་ནང་མི་གཅིག་གི་འདུག་ཚད་དུས་ཚོད4ལས་བརྒལ་གྱིན་ཡོད། ཧི་པའེ་ཀྲིན་ཏིན་དུ་རུང་གོ་ཧྥུའུ་སོགས་མཛེས་ལྗོངས་ཁུལ་དུ་འཁྲབ་སྟོན་ཐེངས་བཞི་བཅུ་ལྷག་སྔ་རྗེས་སུ་འཁྲབ་པ་དང་།  དགོང་མོར་སྨི་གྲུ་བཞི་མ་ཆིག་ཁྲི་ལྷག་ཡོད་པའི་རླངས་འཁོར་འཇོག་ས་དེ་འདུ་འཛིའི་མཚན་ཁྲོམ་ཆེན་མོ་རུ་གྱུར་ཡོད།  ཅང་སུའུ་སུའུ་ཀྲོའུ་རུ། ཐག་རིང་ནས་ཡོང་བའི་ཁོན་ཆུས་ཟློས་གར་ལ་དགའ་མཁན་ཚོ་གར་སྟེགས་སུ་བུད་དེ།  འཁྲབ་རྩལ་དང་གཞས་གདངས་སྦྱོང་བཞིན་ཡོད། པར་བརྒྱབ་ནས་ཉམས་ལེན་ཟབ་མོ་བྱེད་བཞིན་འདུག


ཁྱིམ་ཚང་ཞིག་གིས་དོན་དངོས་ཅི་ཞིག་བརྗེ་དགོས་སམ། ཁ་གསབ་གསལ་ཐོ་ཡང་དགོས་མཁོ་དང་བསྟུན་ནས་འགྱུར་བཞིན་ཡོད། འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས།  ད་ལོར་ས་གནས་ཀྱི་རང་བདག་བར་སྟོང་སྔར་བས་རྒྱ་ཆེར་གཏོང་དགོས།  ས་ཁུལ་ཁག་ཅིག་གིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་གློག་སྒུལ་རྐུབ་སྟེགས་དང་ཕྱིའི་རུས་སྒྲོམ་འདེགས་སྐྱོར་འཕྲུལ་མི་སོགས་ཀྱི་ཐོན་རྫས་ཁ་གསབ་ཁྱབ་ཁོངས་ནང་བཞག་ཡོད།

འཛད་སྤྱོད་སྔར་ལས་སྟབས་བདེ་རུ་ཇི་ལྟར་གཏོང་དགོས།  ཞབས་ཞུ་སྒོ་འགྲམ་དུ་སྣུར་བཞིན་ཡོད། སྔོན་ཆད་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་སྡེ་བར་སྐྱེལ་རྒྱུ་སྟབས་བདེ་མིན།  ཁྱིམ་སྤྱོད་གློག་ཆས་རྙིང་པ་སྐྱེལ་འདྲེན་ཡང་དཀའ་ཚེགས་ཆེ།  ད་ལྟ། རྒྱལ་ཡོངས་སུ་རྫོང་མཁར་གྱི་ཕྱོགས་བསྡུས་ཚོང་དོན་ཞབས་ཞུའི་ལྟེ་གནས3100ལྷག་དང་།   ཞང་དང་གྲོང་རྡལ་གྱི་ཚོང་དོན་ལྟེ་གནས་ཆིག་ཁྲི་ལྔ་སྟོང་ལ་ཉེ་བ་བསྐྲུན་ཟིན་པ་དང་། སྡེ་བར་འཐེན་པའི་ཚོང་དོན་ཟོང་འགྲུལ་ཞབས་ཞུའི་དྲ་བ་ཞིག་གྲུབ་བཞིན་ཡོད་པས།  ཞིང་སྡེའི་འཛད་སྤྱོད་པའི་འགྲོ་སྐྱོད་ཇེ་ཉུང་དང་དངུལ་གཏོང་ཇེ་ཉུང་དུ་བཏང་ཡོད།


མིའི་དགོས་མཁོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ནས། ལམ་ལུགས་ཀྱིས་ཀྱང་རེ་སྒུག་གསར་པར་བར་སྟོང་ངེས་ཅན་བསྐྱུར་ཡོད།

ད་ལོའི་ལོ་སྨད་དུ། འཛད་སྤྱོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་ཐོག་མ་སྟེ《འཛད་སྤྱོད་རྒྱ་ཆེར་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》དངོས་སུ་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ། མི་ལ་དོ་སྣང་བྱ་རྒྱུ་དེ་ཡུན་རིང་ལམ་ལུགས་བཀོད་སྒྲིག་ནང་བཅུག ཕྱོགས6དང་གཙོ་གནད་ལས་འགན་གྱི་བྱེད་ཐབས28ལས་ཆེས་ཐོག་མར་བཞག་ཡོད་པ་ནི“ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་དམངས་ཕན་ལ་སྐུལ་སྤེལ་གཏོང་རྒྱུ”དེ་རེད། རྒན་པ་དང་། བྱིས་པ། བྱིས་སྐྱོང་ཁྱིམ་ཚང་ནས་སྐབས་བསྟུན་ལས་ཞུགས་མི་སྣ་དང་། ཞིང་པ་ཞོར་ལས་པ། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་ཀྱི་ཐད་ནས། སྲིད་ཇུས་ཀྱི་དོ་ཁུར་བྱ་ཡུལ་སྔར་ལས་ཞིབ་ཕྲར་གྱུར། དེ་དང་བསྟུན་ནས “འབབ་འཕར་དང་། འགན་སྲུང་། དམངས་ཕན་བཅས་ཡོང་བར་བྱས་ནས་མིའི་དགོས་མཁོ་བསྐངས། “གསར་སྒྱུར་དང་། གསོ་སྐྱོང་། ལེགས་སྒྱུར”བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་ལེགས་སྒྱུར་བྱས། སྤུས་འདེགས་དང་ཤོང་སྐྱེད་ཀྱིས་སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་སྔར་ལས་མང་པོ་རྒྱུན་ལྡན་གྱི་འཚོ་བའི་ནང་ཞུགས་ཐུབ་པར་བྱས།


མིའི་དགོས་མཁོ་གཞི་གནས་སུ་བཟུང་སྟེ། འཚོ་བའི་འདུན་པ་རེ་རེ་སྔར་ལས་ལྷག་པས་མངོན་འགྱུར་བྱུང་བ་མ་ཟད། དགོས་མཁོ་གསར་པ་སྔར་ལས་མང་པོས་མཁོ་སྤྲོད་གསར་པ་འབྱུང་བར་སྐུལ་འདེད་བཏང་། མི་དམངས་དུང་ཕྱུར་མང་པོའི་བདེ་སྐྱིད་ཀྱི་འཚོ་བའི་ཐད་ནས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་གསོན་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་མདུན་དུ་བསྐྱོད་པར་སྒུལ་ཤུགས་ཆེས་ཟབ་མོ་དང་ཡུན་རིང་སྩོལ་ངེས་རེད།