
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་གཅན་ཚ་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བོད་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་ཆེན་མོ༼གསེར་ལྗོངས་སྣང་རའི་སྤྲོ་འཛོམས༽ཞེས་པ་དེ་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་གཅན་ཚ་རྫོང་སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ནས་གཟབ་རྒྱས་ངང་ཚོགས།
ཐེངས་འདིའི་སྤྲོ་ཚོགས་སྟེང་དུ། རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ལིས་ཀྲུང༼ ཡོན་ཏན ༽དང་། ཁུལ་དཔོན་གཞོན་པ་ཀླུ་རྒྱལ་ཚེ་རིང་། གཅན་ཚ་རྫོང་གི་རྫོང་དཔོན་ཀླུ་རྒྱལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ་སོགས་འབྲེལ་ཡོད་འགོ་ཁྲིད་དང་། ས་གནས་མང་ཚོགས་བཞི་བརྒྱ་ལྷག་ལྷན་གཅིག་ཏུ་འཛོམས་ཏེ་ལོ་སར་གྱི་དགའ་སྟོན་ལ་རོལ།
ཐེངས་འདིའི་ལོ་སར་སྤྲོ་ཚོགས་ལ་ནང་དོན་དང་རྣམ་པ་གང་གི་ཆ་ནས་ཀྱང་ལོ་སྔོན་མ་དག་གི་སྤྲོ་ཚོགས་དང་མི་འདྲ་བའི་ཁྱད་ཆོས་མང་དུ་ཡོད། ནང་དོན་ལ་བོད་སྲོལ་རྒྱུན་གྱི་རྣམ་ཐར་དང་། རྩེད་རིག འཆམ། རྡུང་ལེན། བཤད་པ། དམངས་གླུ དེང་གཞས། གླུ་ཤགས་སོགས་བོད་ཐུན་མིན་གྱི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་བཀོད་སྒྲིག་བྱས་ཡོད་པས་སྣ་འཛོམས་རང་བཞིན་གྱི་དགོང་ཚོགས་ཤིག་ཡིན་