
བློ་དང་ལྡན་ན་མ་སྨྲས་ཀྱང་། ། རྣམ་འགྱུར་ཉིད་ལས་བསམ་པ་གོ། །
བལ་བོའི་སེའུ་མ་ཟོས་ཀྱང་། ། ཁ་དོག་ཉིད་ལས་བྲོ་བ་ཤེས། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་རིན་ཆེན་རྣམ་རྒྱལ་གྱིས་བླངས་པའི་བྱིས་གླུ《འགྲོ》དང་གྲོགས་པོ་ཆུང་ཆུང་བསྟན་འཛིན་དབང་མོས་བླངས་པའི་བྱིས་གླུ《དབྱར་ཁ་སླེབས་བྱུང》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《བདུད་སྲིན་སྤུན་གཉིས》དང་བྱིས་སྒྲུང《གྲོང་གི་ཕག་གསོད》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ལས《བདེ་ཐང་སྐོར་གྱི་ཤེས་བྱ་དགའ》ལས་ཁག་བཞི་པ་དང་བྱིས་རྩོམ་གྱེར་འདོན་ལས《བྱིའུ་ཆུང་ལགས》བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ལེ་ཚན་ནང་གྱེར་བའི་བྱིས་རྩོམ༼བྱིའུ་ཆུང་ལགས༽ །
རྩོམ་པ་པོ། ཟླ་རོང་ཀརྨ་དོན་རྒྱལ།
བྱིའུ་ཆུང་ལགས།
ཁྱོད་ཀྱི་གཤོག་ཟུང་ང་ལ་གཡོར་དང་།
དཔྱིད་ཀྱི་དྲི་བསུང་དང་མེ་ཏོག་སྣ་བརྒྱའི་ཚལ་དུ།
ང་ནི་ཐེངས་ཤིག་འཕུར་ན་འདོད།
བྱིའུ་ཆུང་ལགས།
ཁྱོད་ཀྱི་གཤོག་ཟུང་ང་ལ་གཡོར་དང་།
དབྱར་གྱི་གཙང་འགྲམ་དང་ལྗོན་པའི་ཡལ་གའི་སྟེང་།
ང་ནི་ཐེངས་ཤིག་དབབ་ན་འདོད།
བྱིའུ་ཆུང་ལགས།
ཁྱོད་ཀྱི་གཤོག་ཟུང་ང་ལ་གཡོར་དང་།
སྟོན་ཀའི་བསིལ་རླུང་དང་སྙེ་མའི་རྦ་རླབས་ངོགས།
ང་ནི་ཐེངས་ཤིག་བསྐྱོད་ན་འདོད།
བྱིའུ་ཆུང་ལགས།
ཁྱོད་ཀྱི་གཤོག་ཟུང་ང་ལ་གཡོར་དང་།
དགུན་ཁའི་ཙག་རླུང་དང་ཁ་བ་བུ་ཡུག་ཁྲོད།
ང་ནི་རེ་ཞིག་བརྒལ་ན་འདོད།
བྱིས་རྩོམ་འདི་གངས་རྒྱན་ན་ཆུང་ཚགས་པར་ལས་བཤུས་པ་ཡིན།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།