

བན་དེ་མཁར་གྱིས་ཨ་ཕའི་ལག་གི་ཆང་བསྙལ་ཟོ་བ་ཕྲོགས་ནས“ཨ་ཕ་ལགས། ཁྱེད་རང་རྒས་འདུག་པས་ད་རུང་འདི་ལྟར་བྱས་ནས་ཅི་བྱ”ཞེས་བསོད་ནམས་མགོན་པོས་དེ་ལྟར་བཤད་པ་ན། བན་དེ་མཁར་གྱིས་གཉེར་མས་ཁེངས་པའི་དཔྲལ་བའི་སྟེང་གི་རྔུལ་ཆུ་འབྱིད་ཞོར་དུ“ཁྱེད་ཀྱིས་འདིའི་བྲོ་བ་མྱོངས་དང་། ད་རུང་ཐེངས་འགར་ཚོད་ལྟ་བྱས་ན་ལེགས་འགྲུབ་འབྱུང་ཁོ་ཐག་ཡིན”ཟེར།
2013ལོའི་དབྱར་ཁར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་འཕན་པོ་སྡེ་བའི་བན་དེ་མཁར་ཚང་དུ་དེ་ལྟ་བུའི་རྩོད་གླེང་ཉིན་འགའ་རེའི་ནང་ལ་ཐེངས་རེར་འབྱུང་བཞིན་ཡོད།
ལས་འཁྱུར་ངལ་གསོ་བྱས་པའི་ཕྱུགས་ཀྱི་སྨན་པ་ཨུ་ཚུགས་ཅན་དེས་འབྲི་མོའི་འོ་མ་ཆང་དུ་བཙག་ཐུབ་པ་སུའི་སེམས་ལའང་དྲན་མ་མྱོང་། “ཁྱེད་ཀྱིས་སྣོམས་དང་། བྲོ་བ་ཞིམ་མམ”ཞེས་ལོ76ལ་སོན་པའི་བན་དེ་མཁར་གྱིས་འོ་ཆང་དམ་བེ་ཞིག་གི་ཁ་ཕྱེ་ནས་གསར་འགོད་པར་བྱིན། དྲི་མ་ཞིམ་པོ་ཞིག་གང་སར་ཁྱབ་པ་དང་། དམ་བེ་གཡུག་གཡུག་ཙམ་བྱས་པ་ན་ཆང་དེ་དཀར་པོར་གྱུར་ཅིང་འོ་མའི་བྲོ་བ་སྔར་ལས་ཇེ་ཞིམ་དུ་གྱུར།
བན་དེ་མཁར་གྱིས་འབྲི་མོའི་འོ་ཆང་བཙགས་པའི་གཏམ་རྒྱུད་དེ2009ལོ་ནས་མགོ་བརྩམས། སྐབས་དེར། ལོ60ཡིན་པའི་བན་དེ་མཁར་ལས་རྐང་ནས་ངལ་གསོས་རྗེས་ཕྱིར་འཕན་པོ་སྡེ་བར་ལོག འཕན་པོ་སྡེ་བ་རྫོང་མཁར་དང་བར་ཐག་སྤྱི་ལེ1མ་གཏོགས་མེད་རུང་། འོན་ཀྱང་སྡེ་མི་མི་ཉུང་བ་ཞིག་གིས་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད། ཁོམ་ཡོད་པའི་བན་དེ་མཁར་དུས་རྒྱུན་སྡེ་མི་ཚོའི་རྗེས་འབྲངས་ནས་རྩྭ་ཐང་ལ་ནོར་ལུག་གི་ནད་གསོ་བཅོས་བྱེད་པར་སོང་།
2009ལོར། རྩྭ་ཐང་སེམས་ནས་འདོར་མི་ཐུབ་པའི་བན་དེ་མཁར་གྱིས་རླུང་རྟ་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཆེད་ལས་མཉམ་ལས་ཁང་བཙུགས། ཁོས་ནོར་ལུག་ཉོས་ཤིང་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་ནང་འདྲེན་བྱས་ཏེ་སྡེ་མི་ཚོའི་སྣེ་ཁྲིད་དེ་ཕྱུགས་ཟོག་ཚོད་ལྟའི་ཚུལ་དུ་འཚོས། “འཚོས་པའི་ནོར་ལུག་མང་ན་ས་གནས་ཀྱི་ཁྱད་ཆོས་ཤོར་འགྲོ།”བན་དེ་མཁར་རྩྭ་ཐང་ལ་རྒྱུན་དུ་སོང་བས། རྐང་ཚ་རྫོང་ལ་ཕྱུགས་ཟོག་ཐོན་ཁུངས་ཕུན་སུམ་ཚོགས་རུང་། ཐོན་ཁུངས་དེ་ཐོན་རྫས་སུ་བསྒྱུར་པའི་ནུས་པ་མེད་པ་རིམ་བཞིན་གསལ་པོར་ཤེས།
“ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བསྐྲུན་ནས་སྡེ་མི་རྣམས་ལ་དོན་བཟང་ཞིག་བསྒྲུབ་འདོད”ཅེས་པའི་བསམ་ཕྱོགས་དེ་ས་བོན་ཞིག་དང་འདྲ་བར་བན་དེ་མཁར་གྱི་སེམས་ནང་དུ་མྱུ་གུ་འབུས་ཤིང་རྩ་བ་རྒྱས། བན་དེ་མཁར་སྐམས་ཤ་ལུག་ཤའི་ལས་སྣོན་ལ་འཇུག་དགོས་མིན་གྱི་ཐེ་ཚོམ་དུ་ཚུད་པའི་སྐབས་སུ། སྟེས་དབང་གིས་ཁོས་གཞི་རིམ་དུ་འབྲོག་མོ་རྣམས་ཀྱིས་དགུན་ཁར་འོ་མ་བཞོས་ནས་ལག་པར་སེར་ཁས་ཁེངས་ཡོད་རུང་། འོན་ཀྱང་འོ་མ་ཉོ་མཁན་ཕལ་ཆེར་མེད་པའི་གནས་ཚུལ་དེ་ཤེས།
“འབྲི་མོའི་འོ་མ་མཐོ་སྒང་དུ་མ་གཏོགས་མེད། དེའི་ཁར་སྦག་བཙོག་ཐེབས་མེད་པའི་ལྗང་མདོག་ཐོན་རྫས་ཡིན་པས། ངས་འོ་མའི་ཐོན་རྫས་ལས་སྣོན་བྱེད་པར་ཚོད་ལྟ་ཞིག་བྱེད་འདོད་སྐྱེས།”2013ལོར། བན་དེ་མཁར་སྔ་གཞུག་ཏུ་ནང་སོག་དང་སི་ཁྲོན་སོགས་ཀྱི་ས་ཆར་བརྟག་ཞིབ་སློབ་སྦྱོང་དུ་སོང་། ཁོས་རྒོད་མའི་འོ་ཆང་གི་ཚོང་བྲིན་པ་མཐོང་རྗེས། རིག་ལམ་དེ་མ་ཐག་ཏུ་གསལ་པོར་གྱུར། སེམས་སུ“མཚོ་བོད་མཐོ་སྒང་ཁོ་ནར་ཡོད་པའི་འབྲི་མོའི་འོ་མ་རྒོད་མའི་འོ་མ་ལས་རྩ་ཆེ་ལ། འབྲི་མོའི་འོ་མ་ཆང་དུ་བཙག་ཐུབ་ཚེ་ཚོང་བཟང་བ་ཁོ་ཐག་ཡིན་རྒྱུ་རེད”ཅེས་འདོད་ནས་མཚན་གང་བོར་གཉིད་མ་ཁུགས། ཟླ་གཅིག་གི་རིང་ལ་འབྲོག་ས་མང་པོ་ཞིག་ཏུ་བརྒྱུགས་ནས་འབྲི་དེབ་སྟེང་འོ་ཆང་བསྙལ་བའི་དྲོད་ཚད་དང་ཤ་མོའི་སྡེབ་སྦྱོར་སོགས་ཀྱི་མིང་ཚིག་གིས་བཀང་ཡོད།
ཕྱིར་འཕན་པོ་སྡེ་བར་ལོག་རྗེས། བན་དེ་མཁར་གྱིས་བློ་གཅིག་སེམས་གཅིག་གིས་འབྲི་མོའི་འོ་ཆང་བཙག་པའི་ཐད་ཞིབ་འཇུག་བྱས། “ཕྱུགས་ཟོག་སྨན་པ་ཞིག་གིས་ཆང་བཙག་ཤེས་སམ”ཞེས་པའི་ཡུལ་མི་རྣམས་ཀྱི་དོགས་པར་གདོང་གཏད་དེ་ཁོས་ཕྱོགས་གཅིག་ནས་ཚོད་ལྟ་བྱེད་པ་དང་ཕྱོགས་གཅིག་ནས《མཚོ་བོད་མཐོ་སྒང་གི་འབྲི་མོའི་འོ་ཆང་ལས་སྣོན་ལས་གཞིའི་བཀོལ་ཆོག་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》མཐུག་པོ་ཞིག་བྲིས། དེ་ནི་རྒན་པ་འདིས་འོ་མའི་ཐོན་ལས་ལ་བཅངས་པའི་རེ་ལྟོས་རེད།
རང་རྒྱལ་དུ་ཆང་མང་ཆེ་བ་འབྲུ་རིགས་དང་སིལ་ཏོག་གིས་བསྙལ་བ་ཡིན་ལ། འབྲི་མོའི་འོ་ཆང་སྙོལ་མཁན་ཞིག་མེད་པས། འབྲི་མོའི་འོ་ཆང་གི་ཞིབ་འཇུག་གསར་གཏོད་ཀྱི་གོ་རིམ་ནི་དེ་འདྲའི་བདེ་བླག་ཅིག་ཡིན་མི་སྲིད། “ལོ་ངོ་ལྔ་ཙམ་ལ་ཡང་དང་བསྐྱར་དུ་ཚོད་ལྟའི་ཚུལ་དུ་བསྙལ།” 2015ལོ་ནས2016ལོའི་བར། བན་དེ་མཁར་གྱིས་འོ་མ་རྒྱ་མ་ཁྲི་གཅིག་ལྷག་བཀོལ་ནས་ཚོད་ལྟ་བྱས་རུང་ད་རུང་འབྲི་མོའི་འོ་ཆང་བདེ་བླག་ངང་བཙག་མ་ཐུབ།
“འོ་མ་སྐྱུར་སླ་ལ། ཆང་ནི་འོ་མ་མ་སྐྱུར་གོང་དུ་བསྙལ་དགོས་པས། ཐོག་མར་སོས་འཛིན་དུས་ཡུན་བསྲིངས་པའི་དཀའ་ཁག་སེལ་དགོས།”ལག་རྩལ་དེ་ནི་བན་དེ་མཁར་གྱི་སེམས་ཀྱི་ཁུར་བོ་ཆེན་པོ་ཞིག་ཏུ་གྱུར། “ཉིན་རེར་གཉིད་ལས་སད་མ་ཐག་ཚོད་ལྟའི་ཁང་དུ་སོང་སྟེ་བསྙལ་བའི་འོ་མར་བལྟས།” དེ་ལྟར2017ལོར་སླེབས་དུས། དྲི་མ་ཞིམ་ལ་ཆང་བཅུད་ཀྱི་འདུས་ཚད་དམའ་བའི་འབྲི་མོའི་འོ་ཆང་ཟོ་བ་ཐོག་མ་དེ་བསྙལ་ནས་བདེ་བླག་བྱུང་། བན་དེ་མཁར་ལ་སྒུག་ལོང་འདུག་དབང་མེད་པར་དེ་མ་ཐག་ཏུ་ཐོན་རྫས་དེ་པེ་ཅིན་དང་ལན་ཀྲོའུ་སོགས་ཆེད་ལས་བཤེར་འཇལ་ལས་ཁུངས་སུ་བསྐུར་ནས་བཤེར་འཇལ་བྱེད་དུ་བཅུག
2018ལོར། འབྲི་མོའི་འོ་ཆང་གི་ཚད་མཐུན་བཤེར་འཇལ་སྙན་ཞུ་བླངས་ནས་བཟོ་གྲྭ་བཙུགས་ནས་ཆང་བཙག་པར་བསམ་བློ་བཏང་། སྐབས་དེར་རྐང་ཚ་རྫོང་ཐོན་ལས་ར་བས་རང་འགུལ་གྱིས་བན་དེ་མཁར་དེའི་ནང་དུ་བླངས་ནས་ཐོན་ལས་ར་བ་རུ་བཟོ་གྲྭ་བཙུགས་ཏེ་ཆང་བཙག་པར་རོགས་སྐྱོར་བྱས།
“འོ་ཆང་བཙག་མགོ་བརྩམས་མ་ཐག་གི་སྐབས་དེར་འོ་མ་རྒྱ་མ10ཡིས་ཆང་རྒྱ་མ་གང་མ་གཏོགས་བཙག་མི་ཐུབ། ད་ལྟ་ལག་རྩལ་རིམ་བཞིན་དར་རྒྱས་གོང་འཕེལ་དུ་སོང་སྟེ། འོ་མ་རྒྱ་མ5ཡིས་ཆང་རྒྱ་མ་གང་བཙག་ཐུབ།”བན་དེ་མཁར་གྱིས་འབྲི་མོའི་འོ་ཆང་དང་འབྲི་མོའི་ཕྱུར་ཆང་།འབྲི་མོའི་བཤེར་ཆང་བཅས་སྣ་ཁ་གསུམ་ཞིབ་འཇུག་གསར་གཏོད་བྱས་ལ། ཆང་བཅུད་ཀྱི་འདུས་ཚད་ཆེས་མཐོ་བར་ཏུའུ་གྲངས18མ་གཏོགས་མེད།
ལོ་རེའི་དབྱར་ཁ་དང་སྟོན་ཁ་ནི་རྩྭ་ཐང་ཆེས་མཛེས་པའི་སྐབས་ཡིན་ལ།ནོར་གནག་ལ་ཤ་ཤེད་རྒྱས་པའི་སྐབས་ཀྱང་ཡིན། བན་དེ་མཁར་གྱིས་ཚོང་ར་ལས་རིན་གོང་མཐོན་པོས་དཔལ་དགེ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོའི་འབྲོག་སྡེ་ནས་འབྲི་མོའི་འོ་མ་ཉོ་མགོ་བརྩམས། 2024ལོར་ཁོའི་བཟོ་གྲྭས་འབྲོག་ཁྱིམ200ལྷག་གི་ལག་ནས་འོ་མ་སྤྱི་རྒྱ15000ལྷག་ཉོས།
གཡུ་དཀར་འོམ་ལུང་ཡུལ་ཚོའི་ཆོས་སྲུང་བཀྲ་ཤིས་ཚང་ནི་དེའི་ཁྲོད་ནས་ཕན་ཆེན་པོ་ཐོགས་པའི་འབྲོག་ཁྱིམ་ཞིག་རེད། “སྔོན་ཆད། བཞོས་པའི་འོ་མ་མར་དུ་དཀྲུགས་པ་དང་ཞོ་རུ་བསྙལ་ནས་རང་ཚང་གིས་བེད་དུ་སྤྱད་པས། དབྱར་ཁར་འོ་མ་མང་ཆེ་བ་རུལ་འགྲོ། ད་ལྟ། ཞོགས་པར་བཞོས་པའི་འོ་མ་ཕྱི་དྲོར་བཟོ་གྲྭའི་ནང་དུ་ཐོན་ནས་དུག་སེལ་བྱེད་བཞིན་ཡོད།” ཟླ་ངོ་གཉིས་ཀྱི་འོ་བཞོ་དུས་ཚིགས་སུ་ཆོས་སྲུང་བཀྲ་ཤིས་ཚང་གིས་འོ་མ་བཙོང་བའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་ལྔ་ལ་སླེབས།
འབྲི་མོའི་འོ་ཆང་བཙགས་རྗེས། ཇི་ལྟར་འཚོང་རྒྱུ་ནི་གནད་དོན་ཞིག་རེད། རྐང་ཚ་རྫོང་མཁོ་འཚོང་ཁང་དང་གྲོས་མོལ་བྱས་པ་བརྒྱུད། བན་དེ་མཁར་གྱི་འབྲི་མོའི་འོ་ཆང་མཁོ་འཚོང་ཁང་གི་འཚོང་བྱའི་ཁྱབ་ཁོངས་སུ་གྱུར། ན་ནིང་སྒོར་ས་ཡ་གཅིག་ལྷག་གི་ཆང་བཙོང་། དཔྱིད་ཀར་འབྲི་མོའི་འོ་ཆང་བཙག་པའི་དུས་ཚིགས་སུ་ཐོན་མེད་རུང་། འོན་ཀྱང་བན་དེ་མཁར་བཟོ་གྲྭའི་ནང་དུ་ཉུལ་རྒྱུར་ཧ་ཅང་དགའ། འོ་མ་བསྙལ་བའི་དྲི་མ་བྲོ་ན་ཁོར་སྟོབས་ཤུགས་ཀྱིས་ཁེངས་པར་འགྱུར། རྐང་ཚའི་ས་གཞི་སྟེང་དུ་ལས་གཏོད་རྒན་པ་འདིས་ཁོས་བཙགས་པ་ནི་དྲི་ཞིམ་གང་སར་ཐུལ་བའི་བདུད་རྩི་ཡིན་པ་མ་ཟད། བརྟན་སྲུང་དང་གསར་སྐྲུན་སྐོར་གྱི་ངོ་མཚར་གྱི་གཏམ་རྒྱུད་ཅིག་ཡིན་པའང་ཁོས་ཤེས་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།