

ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་རྒྱུ་བ་དང་རྩྭ་ཐང་སྔོ་ལྗང་ངེར་གནས་པ་སོགས་དབྱར་ཁའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཉེ་ལམ་གྱི་ས་སྲོད་ཞིག་ལ། མཚོ་རླུང་འཇམ་པོ་ལྡང་བས་གསེར་དངུལ་རྩྭ་ཐང་འཁྱགས་སིབ་སིབ་ཏུ་སྣང་། མཚོ་སྔོན་པོའི་འགྲམ་ངོགས་ཀྱི་བོན་གྱ་ཕྱུགས་རའི་སྦྱིན་བདག་ཀླུ་རྒྱལ་ཆོས་འཕེལ་གྱིས་དཔུང་པ་གཉིས་བརྐྱངས་ཤིང་མིག་ཟུང་བཙུམ་ནས་ཁུ་སིམ་མེར་བདེ་བ་དེ་ལོངས་སུ་སྤྱོད་བཞིན་ཡོད།
ཀླུ་རྒྱལ་ཆོས་འཕེལ་གྱིས་བཤད་རྒྱུར། “ལོ་ངོ8ཀྱི་ཡར་སྔོན་དུ། ཡུལ་དེ་ནི་བེད་མེད་དུ་བསྐྱུར་པའི་རྩྭ་ཐང་ཞིག་ཡིན། སློབ་ཆེན་འགྲིམ་སྐབས། ངས་སྒོང་རུམ་རྟེན་གཞི་རུ་ལས་གཞི་གཉེར་པ་ཡིན་ལ། སེམས་ནས་ནམ་ཡང་ཕ་ཡུལ་གྱི་གནས་ཚུལ་ཇི་ལྟར་གཞན་ལ་ཤེས་སུ་འཇུག་དགོས་པའི་ཐད་ལ་བསམ་བློ་བཏང་བ་ཡིན”ཟེར།

ད་ལྟ་རྒྱ་ཁྱོན་ལ་སྤྱི་ཆིང13.33ཡོད་པའི་བོན་གྱ་ཕྱུགས་རའི་ནང་དུ། བརྐོས་རིས་ཀྱིས་བརྒྱན་པའི་སྐར་ཁུང་གསོལ་མགྲོན་ཁང་གི་ཁང་མིག380པོ་སྐར་ཚོགས་ས་ལ་བཀྲམ་པ་ལྟར་གནས་ཤིང་། མེ་ཕུང་དགོང་ཚོགས་སྟེང་གི་སྐོར་བྲོའི་རོལ་དབྱངས་དང་བསྡོངས་པའི་དཀྲུགས་ཇའི་དྲི་མ་རྒྱང་དུ་ཐུལ་འདུག མཐའ་འཁོར་གྱི་འབྲོག་མི་རྣམས་ཀྱི་སྣེ་ཁྲིད་དེ་ཡོང་སྒོ་སྒོར་ས་ཡ་དྲུག་བླངས་པའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་འདུས་ཕུང་བོ་འདི་ལ་དང་ཐོག་གླས་ཡོང་བའི་སྦྲ་ནག་ཁ་ཤས་ལས་མེད་ཅེས་བཤད་ན་སུས་རྣར་འགྲོ་འམ།
2017ལོར་སློབ་མཐར་ཕྱིན་རྗེས། ཀླུ་རྒྱལ་ཆོས་འཕེལ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཕྱིར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དུ་ལོག སློབ་ཆེན་མཐར་ཕྱིན་སློབ་མ་ཕྱིར་རང་ཡུལ་དུ་ལོག་ནས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་བའི་སྲིད་ཇུས་ཀྱི་སྣེ་འདྲེན་འོག མཚོ་སྔོན་པོའི་འགྲམ་ངོགས་ནས་ཐོན་པའི་བོད་རིགས་ན་གཞོན་འདིས་ཕ་ཡུལ་ལ་བརྩེ་བ་ཟབ་མོ་བཅངས་ནས་ལས་གཏོད་བྱེད་མགོ་བརྩམས། ཁོས་སློབ་ཆེན་སྐབས་སུ་སྦྱངས་པའི་ཡུལ་སྐོར་དོ་དམ་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས། ཧེ་ཡན་བོན་གྱ་ཕྱུགས་རའི་སློབ་ཆེན་པའི་ལས་སྐྲུན་ཚོགས་པ་བཙུགས་ཤིང་། ཧེ་ཡན་རྫོང་ཕྱུགས་རའི་འབྲོག་པའི་སྤྲོ་སྐྱིད་ཁང་བཙུགས། “ངས་ཁྱད་ཆོས་ལྡན་ཞིང་མི་ཚོགས་འཁོར་བའི་ཡུལ་སྐོར་བྱ་ཡུལ་ཞིག་བསྐྲུན་ནས་མི་སྔར་ལས་མང་པོར་ཕ་ཡུལ་གྱི་མཛེས་པར་ལྟད་མོ་བལྟ་རུ་འཇུག་བསམ་པ་ཡིན”ཞེས་ཀླུ་རྒྱལ་ཆོས་འཕེལ་གྱི་མིག་ནང་དུ་ཡིད་ཆེས་ཀྱི་མདངས་ཤར་ནས་དེ་ལྟར་བཤད།
ཐོག་མའི་སྐབས་སུ་མ་རྩ་མེད་པས་ཁོས་གྲོགས་པོར་སྒོར་མོ་མི་བསྐྱི་ཐབས་མེད་བྱུང་། ཕྱོགས་ཡར་མར་ནས་བསྐྱིས་ཡོང་བའི་མ་རྩ་བཀོལ་ནས་སྦྲ་ནག་དྲུག་གླས་རྗེས་མཚོ་སྔོན་པོ་ཤར་རྒྱུད་དུ་ཕུབ། སྦྲ་གུར་ནང་དུ་མདུན་ཅོག་དམའ་མོ་འགའ་དང་གྲལ་གདན་འགའ་བསྒྲིགས། ཅོག་ཙེའི་སྟེང་དུ་རང་གིས་བཏགས་པའི་རྩམ་པ་བཤམས་ཤིང་། སྦྲ་གུར་ནང་ངོས་སུ་ས་གདན་གྱིས་ལས་པའི་ཅོག་རས་བཀལ། སྦྲ་གུར་གྱི་ཕྱི་རོལ་དུ“བོན་གྱ་ཕྱུགས་ར”ཞེས་པའི་སྒོ་བྱང་བཀལ་ནས་སྟབས་བདེ་སྒོས་ཚོང་གཉེར་བྱེད་མགོ་བརྩམས་པ་རེད། “ང་རང་ཆེས་དཀའ་བའི་སྐབས་སུ་བྱང་བུའི་སྟེང་སྒོར་བརྒྱ་ཕྲག་འགའ་མ་གཏོགས་ལྷག་མེད་མོད། འོན་ཀྱང་ང་ཚོའི་ཕྱུགས་ར་རིམ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་པ་མཐོང་ཐེངས་རེར་རང་ཉིད་ཀྱིས་མྱངས་པའི་དཀའ་ལས་དཀའ་ཚེགས་ཡོད་ཚད་ལ་དོན་སྙིང་ཡོད་པར་འདོད”ཅེས་ཀླུ་རྒྱལ་ཆོས་འཕེལ་དགོད་ཞོར་དུ་ལས་གཏོད་བརྒྱུད་རིམ་ཕྱིར་དྲན་བྱས་ཤིང་། མིག་མདངས་ལ་རྣམ་རིག་རྒྱས་ཡོད།
2019ལོར། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྐུལ་འདེད་འོག ཧེ་ཡན་བོན་གྱ་ཕྱུགས་རའི་འབྲོག་པའི་སྤྲོ་སྐྱིད་ཁང་དེ་མཚོ་བྱང་བོན་གྱ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིར་གྱུར། དུས་མཚུངས་སུ། བོན་གྱ་ཕྱུགས་རའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་ལྟད་མོ་ཁུལ་བཙུགས་ཏེ། སྐར་ཁུང་སྦས་ཡུལ་གསོལ་མགྲོན་ཁང་གི་ཁང་མིག347དང་དམངས་སྲོལ་འགྲུལ་ཁང4ལས་པར་མ་ཟད། རིག་གནས་གསར་སྐྲུན་ལྟེ་གནས་དང་བཟའ་བཏུང་ལྟེ་གནས། འབྲོག་དམངས་ཉམས་ལེན་ཁུལ། རྩེད་འཇོ་ཁུལ། བོད་སྤོས་ལག་ཤེས་ལས་ཤག བོན་གྱ་དཔེ་ཁང་སོགས་ལྟད་མོ་དང་ཉམས་ལེན་རང་བཞིན་གྱི་སྡེབ་སྒྲིག་སྒྲིག་བཀོད་རབ་དང་རིམ་པ་བཙུགས།
བྱ་བཞག་དེ་རྒྱུན་སྲོལ་དུ་གྱུར་པ་དང་བསྟུན་ནས། ཀླུ་རྒྱལ་ཆོས་འཕེལ་གྱིས“རང་ཉིད་གཅིག་པུ་ཕྱུག་ན་ཕྱུག་པོ་མིན་ལ། ཡུལ་མི་རྣམས་ཀྱི་སྣེ་ཁྲིད་ནས་ཚང་མ་ཕྱུག་ན་ད་གཟོད་ཕྱུག་པོ་ཡིན”བསམ་ནས་མིག་རྒྱང་ཇེ་རིང་དུ་བཏང་། 2021ལོར། ཁོས་མཚོ་བྱང་ཁུལ་ཧེ་ཡན་རྫོང་སན་ཅོ་གྲོང་རྡལ་ཧའེ་ཧྥེང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་སྡོད་ཧྲུའུ་ཅི་དང་པོ་བཙལ་ནས། ཏང་འཛུགས་སྐྲུན་གྱིས་སྣེ་དྲངས་པར་བརྟེན། “ཏང་ཀྲི་པུའུ་དང་ཁེ་ལས། མཉམ་ལས་ཁང་། སྡེ་བའི་ཐུན་མོང་དཔལ་འབྱོར”གྱི་ཐོན་ལས་ཅན་གྱི་ཚོང་གཉེར་བྱེད་སྟངས་སྤྱད་ནས། སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཚོ་བྱང་བོན་གྱ་སྐྱེ་ཁམས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྐྱེ་ཁམས་གསོ་སྤེལ་ལས་རིགས་དཔལ་འབྱོར་དང་གྲོང་གསེབ་ཡུལ་སྐོར་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ལ། སྐྱེ་ཁམས་དང་ཞིང་ཕྱུགས་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2019ལོར་ཀུང་ཟི་བཙུགས་པ་ནས་ད་ལོའི་ཟླ6པའི་བར། བོན་གྱ་ཕྱུགས་རས་མཐའ་འཁོར་འབྲོག་ཁྱིམ་ལ་སྣེ་ཁྲིད་ནས་རིམ་བསགས་ཀྱིས་ཡོང་སྒོ་སྒོར་ས་ཡ་བདུན་ལྷག་བླངས་པ་དང་། ལས་རྐང1300ལྷག་འདོན་སྤྲོད་བྱས་ཏེ་ངལ་རྩོལ་གླ་ཕོགས་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བྱིན། བྱེད་སྟངས་དེས་གྲོང་གསེབ་དཔལ་འབྱོར་རྒྱུག་པོར་བཏང་བར་མ་ཟད། “སྔོན་དུ་ཕྱུག་མཁན་གྱིས་གཞུག་གི་ཕྱུག་མཁན་གྱི་སྣེ་ཁྲིད་པ”ཡི་ལག་ལེན་ལ་བརྟེན་ནས་དམངས་གཉེར་ཁེ་ལས་ཀྱིས་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་འགན་འཁྲི་དང་ཁག་ཁུར་ལ་འགྲེལ་བཤད་བྱས། 2025ལོར། མཚོ་བྱང་བོན་གྱ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བདེ་བླག་ངང“རྒྱལ་ཡོངས་ཀྱི་ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་དར་སྤེལ་གཏོང་བའི་ཕུལ་བྱུང་སྐོར་ཁག་དང་པོའི་དཔེ་མཚོན”དུ་གྱུར་ཏེ། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ཐུན་མོང་ཕྱུག་འགྱུར་ལ་སྣེ་ཁྲིད་པའི་དཔེ་མཚོན་དུ་གྱུར།
དགོང་ཁའི་མཚོ་སྔོན་པོ་ལྷིང་འཇགས་ངང་གནས་ལ། ཀླུ་རྒྱལ་ཆོས་འཕེལ་གསར་དུ་ལས་པའི་ལྟ་གཟིགས་སྟེགས་བུའི་སྟེང་དུ་འགྲེངས་ནས་རྒྱང་རིང་དུ་ལྟ་ཞོར“ཐག་རིང་གི་ཡུལ་གྲུ་དེ་ན”ཞེས་པའི་གླུ་དབྱངས་སྙན་མོ་ངག་ལ་འགུག་བཞིན་ཡོད། དང་ཐོག་གི་སྦྲ་གུར6པོ་དེ་ད་ལྟའི་བོན་གྱ་ཕྱུགས་རར་གྱུར་པའི་བར་དུ། ཁོའི་འབད་བརྩོན་གྱི་བརྒྱུད་རིམ་ལ་ས་གཞི་འདིའི་སྟེང་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཁོས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཐོན་ལས་དར་ཞིང་འབྲོག་དམངས་ཕྱུག་པའི་དུས་རབས་གསར་པའི་འབྲོག་ཁུལ་འཕེལ་རྒྱས་ཀྱི་ཡུལ་ལྗོངས་རི་མོ་ཞིག་འབྲི་དང་འབྲི་བཞིན་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།