ཕ་ཡུལ་དུ་རྐང་བཙུགས་ནས་ལང་ཚོའི་སྟོབས་ཤུགས་མངོན་པར་བྱེད་མཁན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

—རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་འབའ་ཐང་དོ་དམ་ཨུ་ཡོན་ལྷན་ཁང་ཤུག་ཁྲ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ལྷ་དཔལ་རྒྱལ་གྱི་གནས་ཚུལ་བཀོད་པ།

ལྷ་དཔལ་རྒྱལ(གཡས་ཀྱི་གཉིས་པ)གྱིས་འབྲོག་པ་མང་ཚོགས་དང་མཉམ་དུ་རྩྭའི་སྐྱེ་སྟོབས་ལ་ལྟ་བཞིན་པ།

ལྷ་དཔལ་རྒྱལ(གཡས་ཀྱི་གཉིས་པ)གྱིས་རས་གུར་ནང་དུ་འབྲོག་པ་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

ཉེ་ལམ། དབྱར་དུས་ཀྱི་ཚ་སྨུག་ཆེ་བའི་སྐབས་འདིར། རྩྭ་ཐང་དུ་སོང་ཚེ་བསིལ་འཇམ་གྱི་ཚོར་བ་སྟེར་སྲིད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་འབའ་ཐང་དོ་དམ་ཨུ་ཡོན་ལྷན་ཁང་ཤུག་ཁྲ་སྡེ་བ་རུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ལྷ་དཔལ་རྒྱལ་མུ་མཐའ་བྲལ་བའི་རྩྭ་ཐང་དུ་སྐྱོད་ཀྱིན་འདུག

གསོ་སྤེལ་ཁྱིམ་ཆེན་ཚེ་རིང་རྒྱལ་གྱིས་རྩྭ་ཐང་དུ་ནོར་ལུག་འཚོ་བཞིན་ཡོད་ལ། ཁོ་ཚང་གི་ནོར་ལུག་གི་ཤ་ཤེད་ཧ་ཅང་བཟང་།  ནོར་ལ་ཤ་ཤེད་བཟང་བས་ཉི་འོད་འོག་ཏུ་རྒྱབ་ན་འོད་ལམ་ལམ་བྱེད་ཀྱིན་ཡོད་ལ། གསར་དུ་རྩེབ་པའི་བེའུ་དག་གིས་རང་རང་གི་ཨ་མར་སྐོར་བ་བྱེད་བཞིན་འདུག   ལྷ་དཔལ་རྒྱལ་གྱིས་སྐྱེ་སྟོབས་ཀྱིས་ཁེངས་པའི་རྣམ་པ་དེ་མཐོང་ནས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས།

ལྷ་དཔལ་རྒྱལ་གྱིས་ཚེ་རིང་རྒྱལ་ལ་བཤད་རྒྱུར། ཁྱོད་ཚང་གི་ནོར་གྱི་ཤ་ཤེད་བཟང་བར་ལྟོས་དང་། ང་ཚོ་འབྲོག་པ་རྣམས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ནོར་གསོ་སྤེལ་ཡག་པོ་བྱས་ན། ད་གཟོད་འཚོ་བ་ཇེ་བཟང་དུ་འགྲོ་ངེས། ཉིན་འགའ་འགོར་རྗེས་སྡེ་བའི་ནང་དུ‘7+5’ ཡི་གསོ་སྤེལ་རྣམ་པ་ཁྱབ་སྤེལ་བྱེད་རྒྱུ་ཡིན་ལ། ཟླ་བ་བདུན་གྱི་རིང་རང་བྱུང་རྩྭ་ཐང་ནས་རེས་སྐོར་བྱས་ཏེ་འཚོ་དགོས་པ་དང་།  ཟླ་བ་ལྔ་ལ་སྤྱིལ་ཁང་ནས་གཟན་རྩྭ་བྱིན་ཏེ་གསོ་དགོས། དེ་ལྟར་བྱས་ན་རྩྭ་སར་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། གསོ་ཁ་ནས་འབུད་ཚད་ཀྱང་གོ་རིམ་ལྡན་པར་བྱེད་ཐུབ་པས་ཁྲོམ་རར་འཚང་ཁ་བྱེད་མི་དགོས་ལ། འབྲོག་པའི་ཡོང་སྒོ་ཡང་སྔར་ལས་ཇེ་བཟང་དུ་གཏོང་ཐུབ་ཟེར།

སྐད་ཆ་ཚིག་འགའ་ལས་ལོ་སོ་གསུམ་ཅན་གྱི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པས་ཐོན་ལས་ཐད་སེམས་ཁྲལ་བྱེད་ཀྱིན་པ་མཚོན་ལ། སྡེ་བའི་ཡུལ་མི་རྣམས་དུས་ནམ་ཡང་ཁོའི་སེམས་སུ་ཡོད་པ་མཚོན་ཐུབ།

ལྷ་དཔལ་རྒྱལ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་པ་དང་། 2024ལོར། ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་ཐག་བཅད། ང་རང་འབའ་ཐང་ནས་འཚར་ལོངས་བྱུང་པ་ཡིན་ལ། ངས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཤུག་ཁྲ་སྡེ་བ་ནི་དཔེ་མཚོན་གྱི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ།  སྡེ་དམངས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ཏེ་འཚོ་བ་རོལ་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ཁོ་ནར་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད་པས། འཚོ་བར་ཅུང་དཀའ་ཁག་ཆེ་ལ་ལག་ཏུ་མ་དངུལ་ཡང་ཆེན་པོ་མེད། ཕྱིར་ཕ་ཡུལ་དུ་ལོག་པའི་ལྷ་དཔལ་རྒྱལ་གྱིས་སེམས་ཤུགས་ཡོད་ཚད་ཐོན་ལས་འཕེལ་རྒྱས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཐད་བཏོན་ཡོད་ལ། ཁོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་ཀྱིན་ཡོད་པ་མ་ཟད། སྡེ་བར་རྒྱུན་མཐུད་ཆོག་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གྲུབ་འབྲས་བཟང་བས། ལྷ་དཔལ་རྒྱལ་གྱིས་སྤོབས་པ་ཆེན་པོས་ང་ཚོ་སྡེ་བའི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་རར་བལྟ་རུ་འགྲོ་ཞེས་བཤད།

ཕྱུགས་ཟོག་ཉོ་འཚོང་ཁྲོམ་རར་སོང་ཚེ།    རྣ་ལམ་དུ་ནོར་གྱི་ངུར་སྒྲ་དང་ལུག་གི་འབའ་སྒྲ། དེ་མིན་མི་རྣམས་ཀྱིས་ནོར་ལུག་གི་རིན་གཏོང་གཏམ་བཞིན་པའི་འུར་སྒྲ་གྲག་ཡོང་།     སྡེ་མི་རྣམས་ཀྱིས་རང་རང་གི་ནོར་ལུག་དེད་ཡོང་ནས་དེ་རུ་ཕྱིར་བཙོང་བྱེད་བཞིན་ཡོད།   སྡེ་མི་ཞིག་གིས་སྐད་འཕྲིན་གྱི་ཁ་ཕྱེས་ནས་ནོར་ལུག་བཙོང་བའི་ཡོང་འབབ་མཐོང་སྐབས།   གདོང་ལ་འཛུམ་གྱིས་ཁེངས་ནས་སྔོན་ཆད་ཕྱུགས་ཟོག་ཕྱིར་འཚོང་བྱེད་དགོས་ཚེ།   རྩེ་ཁོག་རྫོང་ཐོག་གམ་ཡང་ན་ཧི་ནན་རྫོང་དུ་འགྲོ་དགོས།   ད་ལྟ་རང་གི་སྒོ་ཁ་རུ་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་ཡོད་པས།   ཧ་ཅང་སྟབས་བདེ་རེད་ཟེར།

ལྷ་དཔལ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།    ཁྲོམ་རའི་གནས་ཚུལ་ཧ་ཅང་གསལ་བོ་རེད།    ལུག་གཅིག་གི་རིན་གོང་ཕལ་ཆེར་སྒོར་བདུན་བརྒྱ་ནས་ཉིས་སྟོང་གི་བར་ཡིན་པ་དང་།   ནོར་གཅིག་གི་རིན་གོང་སྒོར་ཉིས་སྟོང་བརྒྱད་བརྒྱ་ནས་ཆིག་ཁྲི་ཉིས་སྟོང་གི་བར་རེད།  ཁྲོམ་ར་འདི་ནི་རྩེ་ཁོག་རྫོང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཡིན་ཞིང་།  སྡེ་བའི་ཐུན་མོང་དཔལ་འབྱོར་དུ་བརྩིས་ནས།  གཞན་ལ་གླས་ཚེ་ལོ་རེར་བོགས་དངུལ་ཁོ་ནས་ཀྱང་སྡེ་བའི་སྤྱི་ལ་སྒོར་ཁྲི་གཉིས་ཀྱི་ཡོང་འབབ་ཡོད།    དངོས་གནས་སྡེ་མི་རྣམས་ཐག་རིང་ལ་འགྲོ་མི་དགོས་པར་རང་གི་སྒོ་ཁ་ནས་ཕྱུགས་ཟོག་བཙོང་ཆོག་ཟེར།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྔར་ལས་ཇེ་མང་དུ་འགྲོ་བ་དང་སྔར་ལས་བརྟན་འཇགས་ཡོང་ཆེད། ལྷ་དཔལ་རྒྱལ་ལ་ད་རུང་སྡེ་བའི་ནང་གི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བེད་སྤྱོད་བཟང་བོ་བྱེད་འདོད་ཡོད་པ་རེད།    དེ་ལྟར།  སྡེ་བའི་ཐུན་མོང་གི་རྩྭ་ས་མ་རྐང་དུ་བཞག་པ་དང་།  སྡེ་མི་རྣམས་ཀྱང་མི་རེར་སྒོར་ལྔ་བརྒྱའི་ཚད་གཞི་ལྟར་མ་རྐང་དུ་ཞུགས་ཆོག    ལྷ་དཔལ་རྒྱལ་གྱིས་སྡེ་མི་སྐུལ་སློང་བྱས་ཏེ་རྩྭ་སའི་སྟེང་མཉམ་དུ་བུལ་རྩྭ་འདེབས་འཛུགས་བྱེད་བཞིན་ཡོད།

བུལ་རྩྭ་ནི་གཟན་རྩྭ་སྤུས་ལེགས་ཤིག་ཡིན་ཏེ།  གཞུང་རྟ་མཉེན་ཞིང་ཁུ་བ་མང་བ་དང་།   འཚོ་བཅུད་ཕུན་སུམ་ཚོགས་པས་ནོར་ལུག་གིས་ཟོས་ན་མགྱོགས་མྱུར་ངང་ཤ་ཤེད་རྒྱས་ཐུབ་ལ།   ཤ་ཡང་ཞིམ་པོ་ཡིན་པར་མ་ཟད།    འོ་མའི་ཐོན་ཚད་ཀྱང་ཇེ་མཐོར་འགྲོ་ལ།   གསོ་སྤེལ་ཕན་ནུས་ཇེ་མཐོར་གཏོང་བར་ཡང་རོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ།

དེ་ལས་ཀྱང་གལ་ཆེ་བ་ནི་མིས་འདེབས་འཛུགས་བྱས་པའི་བུལ་རྩྭ་རང་བྱུང་རྩྭ་ཐང་གི་སྤུས་ལེགས་གཟན་རྩྭ་རུ་གྱུར་ཡོད།     དགུན་དཔྱིད་ཀྱི་དུས་ཚིགས་སུ་སླེབས་ཚེ།  རྩྭ་དཀོན་པའི་གནས་ཚུལ་འབྱུང་ངེས་པས།   སྐབས་དེར་བུལ་རྩྭས་གཟན་རྩྭའི་འདོན་སྤྲོད་ལ་འགན་སྲུང་བྱེད་ཐུབ།  དེ་ལས་གཞན།    བུལ་རྩྭས་ས་གཤིས་དང་ཆུ་སྲུང་འཛིན་བྱེད་ཐུབ་པས།    ས་གཤིས་སྤུས་ཚད་ལེགས་བཅོས་བྱེད་ཐུབ་ལ།   རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ཐད་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད།

དེ་ལྟར།   རྩྭ་འདེབས་ཕྱུགས་སྐྱོང་དང་རྩྭ་ལ་བརྟེན་ནས་ཕྱུགས་སྲུང་སྐྱོབ་བྱེད་པའི་འཁོར་སྐྱོད་བཟང་བོ་གྲུབ་པར་བྱས་ནས། སྐྱེ་ཁམས་དང་ཐོན་ལས་གྱིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་ལྷ་དཔལ་རྒྱལ་གྱིས་རྩྭ་འདེབས་པའི་དོན་སྙིང་གལ་ཆེན་སྐོར་གླེང་བྱུང་།

ཧུར་ཐག་གིས་གྲོན་ཆུང་བྱས་པ་འདིར་མི་འགྱངས་བར་གྲུབ་འབྲས་ཐོབ་ངེས་ཡིན།  འདས་པའི་ལོ་གཅིག་གི་རིང་།  མཉམ་ལས་ཁང་གི་ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་དགུ་ཡིན་པ་དང་།  དེས་སྡེ་བ་ཧྲིལ་བོའི་ཁྱིམ་ཚང147དང་མི635ལ་ཁེ་ཕན་ཐོབ་པ་དང་།  སྒོར་འབུམ་དྲུག་ཁྲི་གསུམ་སྟོང་ལྔ་ལྷག་བགོ་འགྲེམ་བྱས།  ལྷ་དཔལ་རྒྱལ་གྱིས་ཡུལ་མི་ཚོའི་དངུལ་ཁུག་ཇེ་མཐུག་དུ་སོང་བར་ལྟ་བཞིན།  ཞིང་གྲོང་དུ་གཞི་ཚུགས་ཏེ་སྐྱེ་ཁམས་དང་འབྲེལ་བའི་འཚོ་ཐབས་འདི་ཡང་དག་ཡིན་པ་ཤེས་བྱུང་།

ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་པ་ལས་གཞན་ད་དུང་།  ལྷ་དཔལ་རྒྱལ་གྱིས་ཡུལ་མི་ཚོའི་དམངས་ཚིས་བདེ་སྡུག་སེམས་སུ་ཉར་ཡོད།  མི་དང་ཕྱུགས་ཟོག་གི་བཏུང་ཆུ་ལེགས་བཅོས་བྱེད་པའི་ལས་གཞིར་སྐུལ་འདེད་བྱེད་པའི་སྐབས་སུ།  ཁོ་ཁྱིམ་ཚང་རེ་རེར་སོང་སྟེ།  ཁྱིམ་ཚང་སོ་སོའི་བཏུང་ཆུའི་གནད་དོན་ཡིག་གེར་ཕབ་ནས་སེམས་ལ་བཟུང་། 

“ཡུལ་མི་ཚོས་རྒྱུན་དུ་ང་ལ་དགུན་ཁར་ཆུ་ཤུགས་མེད་པ་དང་།  ཁྱིམ་ཚང་མང་པོ་ཞིག་གི་ནོར་ལུག་ལ་གཞི་ནས་བཏུང་ཆུ་མེད་པས།  ས་ཐག་རིང་བོར་སོང་ནས་ཆུ་འགོ་འཚོལ་དགོས”ལྷ་དཔལ་རྒྱལ་གྱིས་ད་ལྟ་ད་དུང་སྐབས་དེའི་མང་ཚོགས་རྣམས་ཀྱི་རེ་ཐག་ཆད་པའི་མིག་མདངས་སེམས་སུ་གསལ་ལེར་འཁོར་བཞིན་ཡོད། 

དོན་དག་དེ་དག་སེམས་ལ་བཟུང་ནས།  ལྷ་དཔལ་རྒྱལ་གྱིས་མྱུར་དུ་སྔ་རྗེས་སུ་ཐོན་ཁོངས་མཐུན་སྦྱོར་བྱེད་པ་དང་།  ཆུའི་སྦུ་གུ་འཐེན་པའི་ཐག་གཅོད་ཇུས་གཞི་བཟོས།  དེ་ལྟར་ཧུར་བརྩོད་བྱས་མཐར།  ཁྱིམ་ཚང55ཡི་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་།  སྡེ་བའི་སློབ་ཆུང་དང་འཕྲོད་བསྟེན་ཁང་དུའང་བདེ་ཐང་གི་ཆུ་མཁོ་སྤྲོད་བྱས།  དེ་ནས་བཟུང་བཏུང་ཆུ་དཀོན་པའི་གནད་དོན་ལ་སེམས་ཁུར་བྱེད་མི་དགོས་པར་གྱུར། 

“ལང་ཚོའི་དོན་སྙིང་ནི་གང་དུ་བསྡད་ཡོད་པ་མིན་པར་གང་གི་ཕྱོགས་སུ་བསྐྱོད་རྒྱུ་དེ་ཡིན” ལྷ་དཔལ་རྒྱལ་གྱིས་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་ཤུག་ཁྲ་སྡེ་བའི་ཁོད་ཡངས་པའི་ས་གཞིའི་རྒྱ་ཁྱོན་གཞལ་ཡོད་པ་དང་།  ལག་ལེན་ལ་བརྟེན་ནས་དུས་རབས་གསར་བའི་སློབ་ཆེན་པས་སྡེ་བའི་ནང་དུ་འོས་འགན་ཇི་ལྟར་སྒྲུབ་ཚུལ་གསལ་བཤད་བྱེད་བཞིན་ཡོད།  ཁོས་གཡང་ས་ཞལ་དཀར་དེ་རུ་ཡུལ་མི་ཚོའི་མཛུམ་མདངས་དང་ལྷན་དུ་ལང་ཚོའི་རྨི་ལམ་ལ་མཚར་སྡུག་བསྐྲུན། 

ཤ་བོ་རིན་མཚོ་དང་ལྷ་མོ་ཚེ་རིང་།  ཁོན་ཐར་དབང་རྒྱལ་བཅས་ཀྱིས་བསྒྱུར།