“ལོ་རབས་དགུ་བཅུ་པར”སྐྱེས་པའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཞིག་གིས་སྡེ་བ་དར་སྤེལ་གྱི་བགྲོད་ལམ་གསར་དུ་བཏོད།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22


 ཚེ་རིང(གཡས་ཀྱི་དང་པོ)དང་སྡེ་བའི་ལས་བྱེད་པ་རྣམས་དུད་ཁྱིམ་དུ་བཅར་བ། 

——མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་གི་གནས་ཚུལ་རགས་བཀོད།

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་གིས་སྡེ་མི་དར་མ་ཚང་གི་སྒོ་བརྡུངས་ནས“ཨ་ཁུ་ལགས། ཉེ་ལམ་ཁྱེད་ཚང་གི་ནོར་གནག་ལ་ནད་ཀྱིས་ཤི་བའམ་རི་སྐྱེས་སྲོག་ཆགས་ཀྱིས་རྨས་པའི་གནས་ཚུལ་བྱུང་མེད་དམ”ཞེས་ཕྱུགས་ཟོག་གི་གནས་ཚུལ་དྲིས།

དར་མ་དགོད་ཞོར་དུ“སློབ་ཆེན་ཧྲུའུ་ཅི་ལགས། ཚང་མ་བདེ་བར་གནས་ཡོད། རྩྭ་སྐྱེས་པ་ལེགས་པས་ནོར་ལ་ཤ་ཤེད་རྒྱས་འདུག”ཅེས་ལན་བཏབ། 

ནོར་གནག་ནི་སྟག་ལུང་སྡེ་བའི་འབྲོག་མི་རྣམས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། མཚོ་འཕང་མཐོ་བའི་ཁོར་ཡུག་ལས་རང་བྱུང་གནོད་པ་དང་རི་སྐྱེས་སྲོག་ཆགས་ཀྱི་འཇབ་རྒོལ་སོགས་ཀྱི་གནས་ཚུལ་འབྱུང་བ་མང་ལ། དེའི་ཁར་འབྲོག་པ་རྣམས་ཀྱིས་རང་འགུལ་གྱིས་ཉེན་བཅོལ་ཉོ་མཁན་ཉུང་བས། ནོར་གནག་གི་ཉེན་ཁ་དེ་ནམ་ཡང་ཚེ་རིང་གི་སེམས་ཀྱི་ལྗིད་ཏིག་ཏིག་གི“རྨ་ཁར”གྱུར་ཡོད།

“ནོར་གནག་ཚང་མར་ཉེན་བཅོལ་ཉོས་ན། ད་གཟོད་ཡུལ་མི་རྣམས་ཀྱི‘སྒོར་ཁུག་ནང་གི་སྒོར་མོ’བསྲུང་ཐུབ་པ”ཚེ་རིང་གིས་གསལ་པོར་ཤེས་ཡོད། “ཟླ6པའི་ཟླ་དཀྱིལ་དུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་དང་སྡེ་མིའི་འཐུས་མི་རྣམས་ཀྱིས་བགྲོ་གླེང་ཡང་ཡང་བྱས་ཤིང་། གཟབ་ནན་གྱིས་བསམ་བློ་བཏང་རྗེས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་གྱིས་མ་དངུལ་བཏང་སྟེ། ནོར་གནག་ལ་ཉེན་བཅོལ་ཉོ་རྒྱུ་ཐག་བཅད། ”ཚེ་རིང་གིས་ད་ལྟའི་བར་དུ། སྡེ་བའི་ནང་གི་ནོར་གནག་ཁྲི2ལ་ཕྱུགས་ཟོག་ཉེན་བཅོལ་ཉོས། རྒྱུན་ལྡན་མ་ཡིན་པར་ཤི་བའི་ནོར་གནག་རེར་སྒོར2400ཡི་ཉེན་བཅོལ་སྐྱིན་ཚབ་བླངས་ཆོག

ཚེ་རིང་ཁྱིམ་ཚང་རེ་རེར་སོང་ནས་འཚམས་འདྲི་བྱས་ཏེ་དུས་ཚོད་གསུམ་འགོར་ནའང་ཕྱུགས་ཟོག་ཤི་བའི་གནས་ཚུལ་གཅིག་ལའང་འཕྲད་མེད། “འབྲོག་ཁྱིམ་རྣམས་ཐར་ཐོར་དུ་གཞིས་ཆགས་ཡོད་ལ་ལུང་བའི་ནང་དུ་བརྡ་རྟགས་མི་བཟང་བས། ཉིན་འདི་འགར་ང་ཚོ་སྡེ་བའི་ལས་བྱེད་པ་རྣམས་ཁྱིམ་ཚང་དུ་འཚམས་འདྲིར་འགྲོ་བཞིན་ཡོད། ཚེགས་ཆེ་རུང་སེམས་པ་སྐྱིད་པོ་ཞིག་རེད”ཅེས་ཚེ་རིང་གི་གདོང་ལ་འཛུམ་མདངས་རྒྱས་ཤིང་སྔོན་ཆད་ཀྱི་དོན་དག་ཕྱིར་དྲན་བྱས་ནས་དེ་ལྟར་བཤད།

“ལོ་རབས་དགུ་བཅུ་པར”སྐྱེས་པའི་ཚེ་རིང་ནི་སྟག་ལུང་སྡེ་བ་རུ་འཚར་ལོངས་བྱུང་བ་ཞིག་རེད། 2016ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། ཁོས་ཕ་ཡུལ་འཛུགས་སྐྲུན་བྱེད་འདོད་ཀྱི་བསམ་པ་བཅངས་ནས་ཕྱིར་མཐོ་སྒང་དུ་ལོག  སྐབས་དེར་སྟག་ལུང་སྡེ་བའི་རྨང་གཞིའི་སྒྲིག་བཀོད་མི་བཟང་ལ། ཐ་ན་འདུས་སྡོད་ཁུལ་དུ་ལམ་གློག་ གཅིག་ཀྱང་མེད་པས། མཚན་མོར་སྒོར་སོང་ན་ཧ་ཅང་སྟབས་བདེ་མིན། 2021ལོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པའི་འགན་ཁུར་བའི་ཚེ་རིང་གིས་གནས་ཚུལ་དེ་བསྒྱུར་རྒྱུའི་སེམས་ཐག་བཅད། ཁོ་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་ཚོས་ཐེངས་མང་པོར་བརྟག་ཞིབ་བྱས་རྗེས་རྒྱུ་ཆ་བྲིས་ནས་རིམ་པ་གོང་མར་གནས་ཚུལ་ཡར་ཞུ་བྱས། ཧུར་བརྩོན་བྱས་མཐར་གྲུབ་འབྲས་ཐོབ་པ་སྟེ། 2022ལོའི་ཟླ་དཀྱིལ་དུ་ནུས་ཁུངས་གྲོན་ཆུང་གི་གློག་སྒྲོན་མང་པོ་སྡེ་བའི་ལམ་ངོགས་སུ་གྲལ་ཕྲེང་འགྲིག་མོས་གསལ་ལྷང་ངེར་བཀར།

ལོ70ལྷག་ལ་སོན་པའི་སྟག་ལུང་སྡེ་བའི་སྡེ་མི་ཀླུ་དབང་གི་གདོང་ལ་འཛུམ་གྱིས་ཁེངས་ཞོར། “སྔོན་ཆད་མཚན་མོར་མིག་གིས་གསལ་བོར་མི་མཐོང་བས་སྐྲག་སྟེ་ནང་དུ་འཛུལ་ནས་བསྡད་པ་ཡིན། ད་ལྟ་ལམ་ངོགས་སུ་གློག་སྒྲོན་ཡོད་པས་དགོང་ཟས་ཟོས་རྗེས་ཚང་མ་ཕྱི་རོལ་ཏུ་མཉམ་འཛོམས་ཀྱིས་ཁ་བརྡ་བྱེད་བཞིན་ཡོད། གསལ་ལྷང་ལྷང་གི་ཚོར་བ་འདི་ཤིན་ཏུ་བཟང”ཞེས་བཤད།

གྲོང་གསེབ་དར་སྤེལ་དུ་གཏོང་བའི་གནད་འགག་ཐོན་ལས་རེད།

ཕྱུགས་ལས་ཁོ་ན་གཉེར་བའི་སྟག་ལུང་སྡེ་བའི་སྲོལ་རྒྱུན་གསོ་སྤེལ་བྱེད་སྟངས་ཀྱི་ལག་རྩལ་ཆུ་ཚད་རྗེས་ལུས་ཡིན་ལ་དཔལ་འབྱོར་གྱི་ཕན་འབྲས་ཞན། དཀའ་ཁག་དེ་ལས་ཐར་ཆེད། 2022ལོར། ཚེ་རིང་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་རྣམས་ཀྱིས“ཏང་ཀྲི་པུའུ་དང་མཉམ་ལས་ཁང་། འབྲོག་ཁྱིམ”བཅས་མཉམ་འབྲེལ་གྱི་རྣམ་པ་གསར་སྐྲུན་བྱས་ཏེ། སྨི་གྲུ་བཞི་མ600ཅན་གྱི་ཚད་ལྡན་ཕྱུགས་ཁང3ལས་པར་བརྟེན། མིག་སྔར་ནོར་གནག200ལྷག་འཚོས་ཡོད་ལ། 2024ལོར་ཡོང་སྒོ་སྒོར་ཁྲི9ལྷག་བླངས།

འོན་ཀྱང་ཚེ་རིང་གིས་གསོ་སྤེལ་ལས་རིགས་ཁོ་ནར་བལྟས་ནས་བསྡད་མེད། 2024ལོའི་ཟླ5པར། ཁོས་བརྙན་ཐུང་ལ་ལྟ་སྐབས་ནོར་གནག་གི་རུས་བརྐོས་ཐོན་རྫས་ཀྱི་ཚོང་བཟང་བ་ཤེས་པས། “སྡེ་བའི་ནང་དུ་ནོར་གནག་གི་རུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། དེར་བརྟེན་ནས་སྡེ་བ་ཐུན་མོང་གི་ཐོན་ལས་འཕེལ་རྒྱས་བཏང་ན་མི་ལེགས་སམ”སྙམ་པའི་བསམ་ཚུལ་སྐྱེས།

བསམ་མ་ཐག་ཏུ་ལས་ཀའི་མགོ་བརྩམས་པ་དང་། འཚོལ་ཞིབ་ལ་བརྟེན་ནས་ཉམས་མྱོང་གསོག་འཇོག་བྱས།  2024ལོའི་ཟླ7པར། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཐུན་མོང་དཔལ་འབྱོར་གྱི་ནང་ནས་མ་དངུལ་བཏོན་ཏེ་སྒྲིག་ཆས་དང་རྒྱུ་ཆ་ཉོས་རྗེས་ཚོད་ལྟའི་ཚུལ་དུ་ལས་མགོ་བརྩམས་མོད། འོན་ཀྱང་དོན་དངོས་གནས་ཚུལ་གྱིས་ཁོ་ཚོ་ཕམ་པར་བྱས། ཚེ་རིང་གིས“བཟོ་པ་རྣམས་འཕྲུལ་ཆས་ལ་རྒྱུས་མངའ་མེད་པ་དང་རུས་བརྐོས་ཀྱི་ཉམས་མྱོང་མེད་པ། ཐོན་རྫས་ཀྱི་དཔེ་དབྱིབས་མི་ལེགས་པ་བཅས་ཀྱིས་ཚོང་རའི་མཛེས་དཔྱོད་དང་མཐུན་པ་མ་བྱུང”ཞེས་སྐབས་དེའི་དཀའ་ཁག་སྐོར་ཕྱིར་དྲན་བྱས།

དཀའ་ཁག་དེ་ལས་གང་མྱུར་གྱིས་ཐར་ཆེད། ཚེ་རིང་གིས་ཐོག་མར་རུས་བརྐོས་བཟོ་པ་ཁྲིད་ནས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་རུས་བརྐོས་བཟོ་གྲྭ་ཞིག་ཏུ་སོང་སྟེ་གསོ་སྦྱོང་ཆ་ཚང་བར་བྱས། རྗེས་སུ་བཟོ་གྲྭ་དེའི་ལག་བྱང་དུ་གྱུར་པའི་བཟོ་པ་འགའ་སྟག་ལུང་སྡེ་བར་གདན་དྲངས་ནས། ནོར་གནག་གི་རུས་པ་བརྐོ་འདོད་ཡོད་པའི་སྡེ་མི་རྣམས་ལ་ཡུལ་དངོས་སུ་རུས་བརྐོས་ལག་རྩལ་ཁྲིད་དུ་བཅུག ཟླ་ངོ་གཅིག་གི་རིང་ལ་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། སྟག་ལུང་སྡེ་བའི་ནོར་གནག་རུས་བརྐོས་ཀྱི་ཐོན་ལས་རིམ་བཞིན་རྒྱུན་ལྡན་གྱི་ལམ་དུ་ཞུགས།

2024ལོར། སྟག་ལུང་སྡེ་བས་བཙུགས་པའི་ནོར་གནག་རུས་བརྐོས་ཀྱི“སྦྲ་གུར་འཁོར་ཁང”གིས་ལོ་གཅིག་ལ་ནོར་གནག་གི་རུས་པ་ཏུན1བརྐོས་ནས། ཁྱིམ་ཚང27ལ་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་དྲུག་རེ་འཕར་དུ་བཅུག ཡོང་སྒོ་ཐོབ་པའི་བྲོ་བ་མྱངས་རྗེས། ཚེ་རིང་གིས་ཐོན་ལས་གཞི་ཁྱོན་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ད་ལོའི་ལོ་མགོར་ཁོས་རིམ་པ་གོང་མར་ལས་གཞིའི་མ་དངུལ་སྒོར་འབུམ་དགུ་དང་ཁྲི་དྲུག་གི་རེ་འདུན་ཞུས།

ཚེ་རིང་གིས་གདོང་ལ་སྤོབས་པས་ཁེངས་ཏེ་བཟོ་གྲྭ་གསར་པ་དེ་སྟོན་ཞོར།  “ལྟོས་དང་། ང་ཚོས་གསར་དུ་ལས་པའི་སྨི་གྲུ་བཞི་མ200ལྷག་གི་བཟོ་གྲྭ་ད་ལྟ་གྲུབ་ཡོད་ལ། སྒྲིག་ཆས6ཀྱང་ཇེ་མང་དུ་བཏང་ཡོད། ཉེ་ལམ། ནོར་གནག་རུས་བརྐོས་ཀུང་སི་འཛུགས་པར་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་དེར་སྡེ་མི་མང་པོ་ཞིག་ནང་དུ་བསྡུས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན”ཟེར།

ནུབ་ཁའི་ཉི་ཟེར་སྟག་ལུང་སྡེ་བའི་རྩྭ་ཐང་གི་གསར་དུ་ལས་པའི་བཟོ་གྲྭའི་སྟེང་དུ་འཕྲོས་འདུག ཚེ་རིང་གིས་དམངས་ཀྱི་གནས་ཚུལ་ཐད་ཀྱི་བསམ་གཞིག་ཡོད་ཚད་བྲིས་ཡོད་པའི་འབྲི་དེབ་དེའི་ཁ་ཟུམ་ནས། མིག་གིས་རྒྱང་དུ་ལྟ་ཞོར“བཟོ་གྲྭ་གསར་པ་དང་སྒྲིག་ཆས་གསར་པ་ཡོད་པས། གཞུག་ཕྱོགས་ཞིབ་ཚགས་ཀྱི་དོ་དམ་བྱེད་ཐབས་བཀོལ་ནས་རང་ཉིད་ཀྱི་ཟོང་རྟགས་བསྐྲུན་པ་དང་། ‘སྟག་ལུང་ནོར་གནག་རུས་བརྐོས’ཀྱི་སྙན་གྲགས་རྒྱས་སུ་བཅུག་ནས། ཐོན་རྫས་ཚོང་ར་ཆེན་པོར་འཚོང་བ་དང་། ཡུལ་མི་སྔར་ལས་མང་པོས་ཁྱིམ་ཚང་གི་སྒོ་མདུན་དུ་ལས་ཞུགས་བྱས་ནས་ཡོང་འབབ་འཕར་བ་མངོན་འགྱུར་བྱེད་རྒྱུ་ཡིན”ཞེས་གཟབ་ནན་གྱིས་བཤད་ལ།     ཁོང་གི་མིག་མདངས་ལ་རེ་བས་ཁེངས་ཤིང་། མུ་མཐུད་དུ “ང་ལྟ་བུའི་སློབ་ཆེན་པ་སྔར་ལས་མང་པོས་ཕ་ཡུལ་གྱི་འགྱུར་ལྡོག་དང་སྦས་ཤུགས་མཐོང་ནས། ང་ཚོ་དང་མཉམ་དུ་རེ་བས་ཁེངས་པའི་མཐོ་སྒང་འདི་འཛུགས་སྐྲུན་བྱེད་དུ་ཡོང་བར་རེ་བ་བཅངས་ཡོད”ཟེར།