སྒྲ་སྙན་དཀྲོལ་ནས་རྨ་ཆུའི་བརྩེ་བ་གླུ་རུ་ལེན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

 ནོར་བྷེ(གཡས)དགའ་སྤྲོའི་ངང་སྒྲ་སྙན་དཀྲོལ་བཞིན་པའི་རྣམ་པ།

སྒྲ་སྙན་ཞིག་ཡོད་ཚེ། ནོར་བྷེ་ཡིས་དུས་དང་གནས་སྐབས་གང་ཡིན་རུང་དཀྲོལ་ལེན་བྱས་ནས། རང་ཉིད་གཙོར་བྱས་པའི་གར་སྟེགས་ཆུང་ངུ་ཞིག་བསྐྲུན་ཐུབ།

ཟླ9པའི་ཚེས7ཉིན། ནོར་བྷེ་དང་འཕྲད་སྐབས། ཁོ་དང་ལས་གྲོགས་ཚོ་རྨ་སྟོད་རྫོང་གི་མཚེའུ་ཆུང་ཆུང་ཞིག་གི་འགྲམ་དུ་སྐོར་སྐོར་བྱས་ཏེ། དགའ་བའི་གླུ་ལེན་ཞིང་སྐྱིད་པའི་བྲོ་འཁྲབ་ཀྱིན་འདུག

ད་ལོ་ལོ་ན་སོ་དགུ་ལ་སོན་པའི་ནོར་བྷེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུའི་འགོ་ཁུངས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁོངས་མི་རེད། འབྲོག་པ་ཞིག་ནས་ཆེད་ལས་འཁྲབ་སྟོན་རུ་ཁག་གི་རུ་མི་དང་། དེ་ནས་རྨ་སྟོད་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པར་གྱུར་བའི་བར། ནོར་བྷེ་ཡིས་རང་གི་དགའ་ཕྱོགས་དེ་གར་སྟེགས་མང་པོར་འབུད་པའི་ཐེམ་སྐས་ལྟ་བུར་བསྒྱུར།

རྨ་སྟོད་རྫོང་ལ་མཚེའུ་སྟོང་གི་རྫོང་ཞེས་པའི་མཚན་སྙན་ཡོད་ལ། རྨ་ཆུའི་འགོ་ཁུངས་ཡིན་པའི་ཆ་ནས། མཚོ་དང་མཚེའུ་ཆེ་མ་ཆུང་གསུམ5849ཡིས་གནས་འདིའི་མི་རྣམས་ལ་རི་ཆུར་བཅངས་པའི་བརྩེ་བ་དམིགས་བསལ་བ་ཞིག་ཆགས་པར་བྱས་ཡོད།

ནོར་བྷེ་ཡིས་བཤད་རྒྱུར། སྔོན་ཆད་ངས་མཱན་ཐའོ་ལིན་དཀྲོལ་བ་དང་། 2015ལོ་ནས་བཟུང་སྒྲ་སྙན་དཀྲོལ་མགོ་བརྩམས་པ་ཡིན་ཞིང་། ད་ལྟ་རྨ་སྟོད་རྫོང་གི་དཀྲོལ་ལེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་ཞིག་ཡིན་ཞེས་ཟེར། དེ་མིན། ཁོས་ཕ་ཡུལ་གྱི་རི་ཆུ་དང་འབྲོག་པའི་འཚོ་བར་དགའ་ཞེན་ཆེན་པོ་ཡོད་ལ། ད་ལྟའི་འཚོ་བ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཡིན་ཚུལ་གླེང་། 

རླབས་རིས་འཁྱུག་པའི་མཚོ་ངོས་དང་གསེར་མདོག་གི་རྩྭ་ཐང་གི་མཛེས་པས་མིའི་སེམས་ལ་བདེ་སྣང་ཞིག་སྟེར། ནོར་བྷེ་ཡི་སྒྲ་སྙན་ལས་སྙན་འཇེབས་ཀྱི་སྒྲ་དབྱངས་དཀྲོལ་ཞིང་། ཚང་མས་དེར་བསྟུན་ནས་གླུ་དབྱངས་ལེན་བཞིན་འདུག  ང་ཚོས་གླུ་ཚིག་གི་ནང་དོན་མི་གོ་རུང་། སྔར་བཞིན་མིག་མདུན་གྱི་སྤྲོ་དགའི་རྣམ་པས་སེམས་པ་སྤྲོ་བས་བརྟས་སོང་།

རྨ་སྟོད་ཀྱི་རྨ་ཆུའི་འགོ་ཁུངས་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི2013ལོར་བཙུགས་ཤིང་། སྒྲ་སྙན་དཀྲོལ་ལེན་སྒྱུ་རྩལ་ལ་ཅུང་བྱང་ཆ་ལྡན་པའི་ནོར་བྷེ་ཡང་བདེ་བླག་ངང་དེའི་ཁྲོད་དུ་བདམས་ཐོན་བྱུང་།

ནོར་བྷེ་ཡིས་བཤད་རྒྱུར། དང་ཐོག་སྒྱུ་རྩལ་ཚོགས་པར་ཚོགས་མི་བཅོ་ལྔ་མ་གཏོགས་མེད་ལ། འཁྲབ་སྟོན་གྱི་ནང་དོན་ནི་རྨ་སྟོད་རྫོང་ཁོངས་སུ་ཀུན་གྱིས་གོ་ཐོས་ཡོད་པའི་སྲོལ་རྒྱུན་ལེ་ཚན་དག་དག་ཡིན་ཞིང་། འབྲོག་པའི་འཚོ་བ་ལས་བྱུང་བའི་སྲོལ་རྒྱུན་ལེ་ཚན་དེ་དག་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྱི་ནང་དོན་གཙོ་བོར་གྱུར་ཡོད་ཅེས་ཟེར།

སྒྱུ་རྩལ་ཚོགས་པར་ཚོགས་མི་མང་པོ་མེད་ཀྱང་། འཁྲབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་སྟེ། ཞབས་བྲོ་དང་གླུ་དབྱངས། གར་ཆུང་། སྲོལ་རྒྱུན་ཟློས་གར་སོགས་འདུས་ཡོད།

ཚོགས་མི་ཉུང་བར་བརྟེན་གང་དགར་འཁྲབ་སྟོན་བྱེད་མི་རུང་སྟེ། ཚང་མས་འཁྲབ་འགན་མང་པོ་འཁུར་ཡོད། ནོར་བྷེ་ཡིས་ཁོ་རང་དཀྲོལ་ལེན་ལས་གཞན། སྐབས་རེར་མདོ་འཛིན་དང་། གར་ཆུང་། གེ་སེར་སྒྲུང་བཤད་པ་སོགས་ཀྱི་ལེ་ཚན་ཁྲོད་ཞུགས་དགོས་ཟེར།

རྨ་སྟོད་རྫོང་གི་ཕུན་སུམ་ཚོགས་པའི་རི་ཆུའི་རིག་གནས་དང་འབྲོག་རའི་རིག་གནས་སོགས་ལེ་ཚན་གྱི་བརྗོད་བྱ་གཙོ་བོ་བྱས་སྟབས། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། སྒྱུ་རྩལ་ཚོགས་པ་བཙུགས་པའི་ཚུན་ལ། ཁོ་ཚོ་རྨ་སྟོད་རྫོང་གི་ཡུལ་ཚོ་གཉིས་དང་གྲོང་རྡལ་གཉིས་སྡེ་བ་སོ་གཉིས་བཅས་སུ་སོང་ནས་འཁྲབ་སྟོན་བྱས།

ནོར་བྷེ་ཡིས་བཤད་རྒྱུར། ང་ཚོས་འབྲོག་པའི་འཚོ་བ་གར་སྟེགས་ལས་མངོན་པར་བྱ་རྒྱུ་ཡིན་ལ།  ལྷག་པར་དུ་འདི་ནི་རྨ་ཆུའི་འབྱུང་ཡུལ་ཡིན་པས།   ཐུན་མོང་མ་ཡིན་པའི་རྨ་ཆུའི་རིག་གནས་ཡོད་པ་དང་།   རྨ་སྟོད་རྫོང་ནི་གེ་སར་སྒྲུང་རིང་ཁྲོད་ཀྱི་རྟ་རྒྱུག་གི་ཕ་ས་དང་སྒྲུང་གི་འབྱུང་ཁུངས་ཡིན་ལ།   བཤད་མི་ཚར་བའི་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་སོགས་རྔམ་མཐུག་པའི་རིག་གནས་དེ་དག་ང་ཚོས་འཁྲབ་སྟོན་བྱེད་འདོད་པའི་ནང་དོན་ཡིན་ཟེར།   སྒྱུ་རྩལ་ཚོགས་པས་དམངས་ཁྲོད་དུ་ངག་ནས་ངག་ཏུ་བརྒྱུད་པའི་གླུ་དབྱངས་དང་འཁྲབ་ཚན་འཚོལ་སྡུད་བྱས་ནས། ཡང་བསྐྱར་རྩོམ་སྒྲིག་བྱས་པ་བརྒྱུད།  སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས།

རྨ་ཆུའི་འགོ་ཁུངས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ནང་དོན་དམངས་ཁྲོད་ནས་ཡོང་བར་མ་ཟད།   འཁྲབ་སྟོན་མི་སྣ་མང་ཆེ་བ་ཡང་འབྲོག་ཁུལ་ནས་ཡོང་བའི་འབྲོག་པ་ཡིན།   ད་ལོར་ལོ་སོ་གསུམ་ལ་བུད་པའི་འོད་ཟེར་སྒྲོལ་མ་སྒྱུ་རྩལ་ཚོགས་པར་ཡོང་ནས་ལོ་བཅུ་འགོར་སོང་།   ལོ་བཅུའི་སྔོན་ལ་མོས་ད་དུང་ཕ་ཡུལ་དུ་ཕྱུགས་འཚོ་བཞིན་ཡོད། ཁོ་མོ་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་དབང་གིས་སྒྱུ་རྩལ་ཚོགས་པར་མི་བསྡུ་བཞིན་པ་ཤེས་རྗེས་ཐེ་ཚོམ་ཅི་ཡང་མེད་པར་མིང་ཐོ་བཀོད་པ་རེད།

ཆེད་ལས་ཀྱི་སློབ་སྦྱོང་མ་བྱས་ཀྱང་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་རྐྱེན་གྱིས་སམ་ཡང་ན་བོད་མི་རིགས་ལ་འགྲོ་ཤེས་པ་ཙམ་ནས་ཞབས་བྲོ་འཁྲབ་ཤེས་པ་དང་།  སྐད་ཆ་བཤད་ཤེས་པ་ཙམ་གྱིས་གླུ་ལེན་ཤེས་པའི་ལྷན་སྐྱེས་ཀྱི་ཤེས་རབ་ཡོད་པའི་རྐྱེན་གང་ཡིན་ཡང་ལོ་ཉེར་གསུམ་སྟེང་སྒྱུ་རྩལ་ཚོགས་པར་ཡོང་བ་ནས་བཟུང་།   འོད་ཟེར་སྒྲོལ་མ་ལ་ཆེད་ལས་ཀྱི་མཛུབ་སྟོན་དང་གསོ་སྦྱོང་ཐོབ་ནས།   གླུ་ངག་སྒྱུ་རྩལ་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་བྱུང་ཞིང་།   དེ་མིན་ད་རུང་རང་གི་ཞུམ་པ་མེད་པའི་འབད་བརྩོན་བརྒྱུད་དེ།  འོད་ཟེར་སྒྲོལ་མ་ད་ལྟ་རྨ་སྟོད་རྫོང་གེ་སར་སྒྲུང་གི་རྒྱུན་འཛིན་པར་གྱུར་ཡོད།

འོད་ཟེར་སྒྲོལ་མའི་གདོང་ལ་འཛུམ་གྱིས་ཁེངས་ནས།  སྐབས་དེར་བསམ་བློ་མང་པོ་མ་བཏང་།  གླུ་ལེན་རྒྱུར་དགའ་བའི་དབང་གིས་མིང་ཐོ་བཀོད་པ་ཡིན།   ད་ལྟ་ཟླ་རེར་ཟླ་ཕོགས་ཡོད་པར་མ་ཟད།   ག་ས་གང་དུ་འཁྲབ་སྟོན་ལ་སོང་ནས་མཐོང་རྒྱ་ཆེ་རུ་སོང་ཡོད་ལ།   རང་གི་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་ཕོགས་ཆེན་པོ་ཡོད་ཟེར།   མོས་ད་རུང་མུ་མཐུད་དུ་སྐབས་དེར་སྒྱུ་རྩལ་ཚོགས་པའི་ནང་ཞུགས་རྒྱུ་དེ་ལས་སླ་མོ་ཞིག་མིན་པར།   ཆེད་ལས་ཀྱི་རྒྱུགས་ལེན་དགོས།   ད་ལྟ།  ཟླ་ཕོགས་སྒོར་ཆིག་སྟོང་དྲུག་བརྒྱ་ནས་ཉིས་སྟོང་དྲུག་བརྒྱར་འཕར་བ་མ་ཟད།   ཅང་སུའུ་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་འཁྲབ་སྟོན་ལ་སོང་མྱོང་ཟེར།

འབྲོག་པ་དཀྱུས་མ་ཞིག་ནས་གར་སྟེགས་འགྲིམས་པའི་བར་དུ།  ཁོ་ཚོའི་ཐོབ་ཐང་འགྱུར་སོང་རུང་།   ཁོ་ཚོས་འཚོ་བར་བཅངས་པའི་སྤྲོ་སྣང་དང་རྨ་སྟོད་ལ་བཅངས་པའི་བརྩེ་བར་འགྱུར་ལྡོག་བྱུང་མེད།

ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད་དེ།   སྒྱུ་རྩལ་ཚོགས་པའི་ཁོངས་མི་སྔར་ལས་ཇེ་མང་དུ་སོང་བ་དང་།  འཁྲབ་ཚན་ཡང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ལ།  འཁྲབ་སྟོན་བྱེད་ས་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།   ཁོ་ཚོས་བློ་སེམས་རྩེ་གཅིག་གིས་རྨ་སྟོད་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་རྩོམ་སྒྲིག་བྱས་ཤིང་།    གཞི་རིམ་དང་ཞིང་ཆེན་ཕྱི་རུ་འཁྲབ་སྟོན་ལ་སོང་ནས།    རྨ་སྟོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་བསྩལ་བར་མ་ཟད།   རྨ་སྟོད་ཀྱི་རིག་གནས་འགུག་ཤུགས་ག་ས་གང་དུ་ཁྱབ་པར་བྱས།

ལྷ་མོ་འཚོ་དང་ལྷ་མོ་ཚེ་རིང་གཉིས་ཀྱིས་བསྒྱུར།