རྨ་ཆུའི་འགྲམ་རྒྱུད་ཀྱི་སྲོག་ཆགས།
ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ། ཀློག་གྲངས། 1

བསོད་ནམས་རྡོ་རྗེ་ཡིས་རང་ཁྱིམ་གྱི་སྒོ་ཁ་ནས་རི་སྐྱེས་སྲོག་ཆགས་འཚོལ་བཞིན་པའི་རྣམ་པ།

རི་སྐེད་དུ་འགྲོ་བཞིན་པའི་ཤྭ་དམར།  

འཐབ་རེས་བྱེད་བཞིན་པའི་ཝ།

གཡི་དཀར་ཆེ་ཆུང་གསུམ།

“པར་འདི་ནི་ཤྭ་སྐྱའི་ཁྱུ་རེད།  ངའི་ཕ་ཡུལ་ནས་རྒྱུན་དུ་མཐོང་ཐུབ”

“ཉེ་འགྲམ་གྱི་ཤྭ་བ་ནི་ཧ་ཅང་སྙིང་སྟོབས་ཅན་ཞིག་རེད།  ངས་པར་འདི་ལེན་སྐབས་བར་ཐག་ལ་སྨི20ཙམ་ལས་མེད་ནའང་། མི་འདྲོགས་པར་མ་ཟད།  ད་དུང་ཉམས་སྣ་ཚོགས་སྟོན།”

“ང་ཆུང་དུས་སུ་ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་རིག་མྱོང་མེད།  ཡིན་ནའང་ལོ་འདི་འགར་དགུན་དུས་སུ་མང་པོ་མཐོང་རྒྱུ་འདུག”

ཟླ9བའི་ཚེས11ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ་ཐང་སྐྱ་སྡེ་བའི་སྡེ་མི་བསོད་ནམས་རྡོ་རྗེ་ཡིས་རང་གིས་བླངས་པའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་དག་ལེགས་སྒྲིག་བྱེད་བཞིན་འདུག  པར་འདི་དག་ནི་སྟོན་དུས་སུ་འབྲོག་ཁུལ་ནས་ཕྱུགས་འཚོ་སྐབས་བླངས་པ་རེད།  བརྙན་རིས་རྒྱུ་ཆ་འདི་དག་ཁོས་ནོར་བུ་བཞིན་གཅེས་སུ་འཛིན་ལ།  རེ་རེ་བཞིན་སྤོ་སྒུལ་སྲ་སྡེར་དུ་བཅུག་ཡོད་པས།  ཆེ་ཆུང2Tཅན་གྱི་སྲ་སྡེར་དེ་ཁོའི་སྐྱེ་ཁམས་ཀྱི་མཛོད་ཁང་ལྟ་བུར་གྱུརཡོད།

བསོད་ནམས་རྡོ་རྗེ་ཚང་གི་ཁང་བའི་གྱང་ངོས་སུ།  རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་འདྲ་པར་མང་བོ་བཀལ་ཡོད་ལ།  དེ་ནེ་ཁོའི་སྟབས་བདེ་བའི་བྱ་སྒྲུབ་ཁང་དུ་གྱུར་ཡོད།  བྱ་བ་སྒྲུབ་ནས་ཐང་ཆད་སྐབས།  ཁོས་ནམ་རྒྱུན་ཞིབ་ཚགས་ངང་འདྲ་པར་རེ་རེའི་རྒྱབ་ངོས་ཀྱི་གཏམ་རྒྱུན་འཆད་ངེས།

ད་ལོ་ལོ35ལ་བུད་པའི་བསོད་ནམས་རྡོ་རྗེ་ནི།  དར་ལག་རྫོང་སྡེར་ནང་ཡུལ་ཚོ་ཐང་སྐྱ་སྡེ་བར་གཞིས་སྡོད་བྱས་ཡོད་ལ།  ཁོའི་ཁང་བ་རྨ་ཆུ་དང་ཐག་མི་རིང་བའི་སྨི200ཙམ་གྱི་མཚམས་སུ་ཡོད།  ཆུང་དུས་ནས་སློབ་གྲྭ་འགྲིམ་མ་མྱོང་བའི་ཁོས།  རང་སྦྱོང་བྱས་ཏེ་བརྙན་ལེན་ཤེས་པར་མ་ཟད།  རྩིས་འཁོར་ཀྱང་བེད་སྤྱོད་བྱེད་ཤེས།  དེ་བས་ཁོ་རང་འབྲོག་ཁུལ་དང་ཁ་བྲལ་ནས་ཧྲང་ཧེ་དང་ཟི་ལིང་སོགས་གྲོང་ཁྱེར་དུ་སོང་ནས་འགྲེམས་སྟོན་ལ་ཞུགས་ཏེ།  མིག་རྒྱ་བསྐྱེད་ཡོད།

འགྱུར་བ་འདི་ཚང་མ2018ལོ་ནས་མགོ་བརྩམས་པ་ཡིན།  སྐབས་དེར་བསོད་ནམས་རྡོ་རྗེ་དང་སྡེ་བའི་ནང་གི་ན་གཞོན15ཡིས། རང་འགུལ་སྒྲིག་འཛུགས་བྱས་པའི་ཐང་སྐྱ་སྡེ་བའི་སྐྱེ་ཁམས་ཁོར་སྲུང་བརྙན་ལེན་མཐུན་ཚོགས་བཙུགས།  ཁོ་ཚོས་རང་ངོས་ནས་མ་དངུལ་བཏང་སྟེ།  པར་ཆས་དང་མི་མེད་གནམ་གྲུ།  རྩིས་འཁོར་སོགས་སྒྲིག་ཆས་ཉོས་པ་དང་།  བསོད་ནམས་རྡོ་རྗེ་གཅིག་པུས་སྒོར་ཁྲི་བཞི་ལྷག་བཏང་ཡོད།

ཐོག་མའི་ཕུགས་འདུན་གླེང་སྐབས།  ཁོས་བཤད་རྒྱུར“ང་ནི་ནགས་ས་དང་རྩྭ་ཐང་གི་སྲུང་སྐྱོབ་མཁན་ཞིག་ཡིན།  ཉིན་རྒྱུན་ནོར་རྫི་དང་སྐོར་ཞིབ་བྱེད་སྐབས་ཀྱང་རི་སྐྱེས་སྲོགས་ཆགས་མང་པོ་རིག་ཐུབ།  དང་ཐོག་པར་ཆས་ཀྱིས་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཟིན་ཐོར་འགོད་བསམ་པ་ཡིན”ཟེར།

མཐུན་ཚོགས་བཙུགས་རྗེས།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས།  རི་ཆུའི་མཛེས་ལྗོངས་བཅས་པར་ལེན་ཚོ་ཆུང་གསུམ་དུ་བགར་ཡོད།  བསོད་ནམས་རྡོ་རྗེ་ནི་ཚོགས་པ་འཛུགས་མཁན་གྲོས་ཀྱི་གཅིག་ཡིན་པའི་ངོས་ནས།   རི་སྐྱེས་སྲོག་ཆགས་པར་ལེན་ཚོ་ཆུང་གི་ཚོ་དཔོན་གྱི་འགན་ཁུར།  ཁོས་བརྩམས་ཆོས་གསུམ་དང་དེའི་རྒྱབ་ངོས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས།

རི་མགོར་ཡོད་པའི་ཤྭ་བའི་པར་ཅིག་བསྟན་ཏེ།  “འདི་ནི་ངས་པར་ལེན་སྟངས་སྦྱངས་ནས་ཟླ་གཅིག་འགོར་བའི་རྗེས་ནས།  རང་ཉིད་ཅུང་ཡིད་ཚིམས་པའི་བརྩམས་ཆོས་ཐོག་མ་དེ་ཡིན།  སྐབས་དེར་ང་དང་ངའི་དགེ་རྒན་ངེད་གཉིས་མཉམ་དུ་ཡོད།  ཁོས་ཀྱང་བརྩམས་ཆོས་འདིར་ངེས་ལེན་བྱས་ཡོད།”ཟེར། ཡིན་ནའང་དགེ་རྒན་གྱིས་བསོད་ནམས་རྡོ་རྗེ་ལ། རབ་ཡིན་ན་ཞོགས་པ་དང་ས་སྲོད་ཀྱི་དུས་སུ་པར་བླངས་ན་བཟང་།  ཉིན་གུང་ཉི་མའི་འོད་ཆེ་དྲག་པས་པར་བླངས་ན་དེ་འདྲའི་གསལ་བོ་མེད་ཅེས་གསལ་འདེབས་གནང་།

བསོད་ནམས་རྡོ་རྗེ་ཚང་རྨ་ཆུའི་འགྲམ་རྒྱུད་དུ་ཡོད་ལ།  ནམ་རྒྱུན་ཤྭ་བ་ཁྱུ་དང་ཁྱུ་བྱས་ནས་འགྲོ་བཞིན་པ་མཐོང་ཐུབ།  ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར“ལོ་རེའི་དགུན་ཁར།  རྨ་ཆུའི་འགྲམ་དུ་རི་སྐྱེས་སྲོག་ཆགས་མང་བོ་མཐོང་ཐུབ་ལ། ལྷག་པར་དུ་རི་དྭགས་གནའ་དང་ཤྭ་བ་མང་བོ་རིག་ཐུབ། ཐེངས་ཤིག་ལ་ཤྭ་བ་ལྔ་བཅུ་མཉམ་དུ་འགྲོ་བཞིན་པ་མཐོང་མྱོང་།”ཟེར།

ཝ་གཉིས་འཐབ་རེས་བྱེད་བཞིན་པའི་པར་ཅིག་བསྟན་ཏེ།  ཁོས“ཝ་གཉིས་འཐབ་རེས་བྱེད་བཞིན་པའི་པར་འདིའི་ཤུགས་སུ་ངང་སྒུག་གི་གཏམ་རྒྱུད་ཅིག་ཡོད།  སྐབས་དེར་ང་རང་ཕྱུགས་རྫི་ཡིན།  སྟེས་དབང་གིས་ཝ་ཡི་ཚང་ཞིག་རྙེད་བྱུང་།  ངས་དེ་ཚོར་འདྲོགས་མི་སློང་ཕྱིར་རྒྱང་རིང་ནས་ཁ་རོག་གེར་སྒུག་ནས་བསྡད་པ་ཡིན། ཉི་མ་ནུབ་ནས་ས་རུབ་པའི་བར་དུ་སྒུག་པ་ཡིན།  ས་རུབ་རྗེས་ཝའི་ཨ་མས་ཁ་ཟས་འཚོལ་ཕྱིར་ཚང་ལས་བུད་དེ་ཕྱི་རོལ་དུ་ཐོན།   སྐབས་དེར།  ཕྲུ་གུ་ཆུང་ཆུང་བཞི་ཕྱི་རོལ་དུ་ཡོང་ནས་ཕན་ཚུན་འཐབ་རེས་དང་རྩེད་མོ་རྩེ་བཞིན་འདུག  ངས་མྱུར་དུ་པར་ཆས་བླངས་ནས་བསྟུད་མར་པར་མང་པོ་བླངས་པ་ཡིན”

“སྐབས་དེར་ས་རུབ་ཡོད་པས་དེ་འདྲའི་འོད་གསལ་བོ་མེད་ནའང་།  པར་ནང་གི་གཟུགས་བརྙན་ཅུང་གསལ་བོར་འདུག  ཁོ་ཚོའི་རང་བྱུང་གི་ཉམས་སྣང་དེས།  ང་རང་པར་འདི་ལ་གཞན་ལས་ལྷག་པའི་བརྩེ་འདང་ཡོད་ལ།  པར་རྩལ་དེ་འདྲ་བཟང་རྒྱུ་མེད་འང་།  ངའི་སེམས་སུ་པར་འདི་ནི་ཆེས་གཅེས་སུ་འོས་པའི་བརྩམས་ཆོས་སུ་གྱུར་ཡོད།”ཟེར།

གཡི་དཀར་ཆེ་ཆུང་གསུམ་གྱི་པར་ཅིག་བསྟན་ཏེ།  “ 2021ལོའི་ཟླ11པར།  ང་རང་ཕྱུགས་རྫི་ཡིན།  རི་འགོར་ཐོན་མ་ཐག་མདུན་ཕྱོགས་ནས་གྲིབ་མ་ཞིག་མཐོང་བྱུང་།  ཞིབ་ཏུ་བལྟས་པ་ན་གཡི་དཀར་ཞིག་ཡིན་པ་ཤེས།  ང་རང་འགྲོ་མཚམས་བཞག་ནས།  མགྱོགས་མྱུར་ངང་པར་ཆས་ལ་རྒྱང་མཐོང་བརྙན་མིག་སྤྲད་དེ་པར་ཆས་ལས་ཞིབ་ཏུ་ལྟ་ཞིབ་བྱས་པ་ཡིན།  མ་གཞི་དེ་ནི་གཡིའི་ཨ་མ་ཡིན་པར་འདུག  གམ་དུ་ད་དུང་ཕྲུ་གུ་ཞིག་ཀྱང་འདུག ངས་བསྟུད་མུར་པར་འགའ་བླངས་པ་ཡིན”

“པར་བླངས་ཚར་རྗེས།  ཞིབ་ཏུ་བལྟས་པ་ན་པར་གྱི་གཡས་ཕྱོགས་ཀྱི་རྩྭ་གསེང་ན་ད་དུང་གཡི་དཀར་ཆུང་ཆུང་ཞིག་ཡོད་པ་མཐོང་།  དེས་ང་རང་དགའ་སྣང་ཚད་མེད་སྐྱེས་སུ་བཅུག སྔོན་ཆད་ཀྱང་གཡི་དཀར་པར་དུ་བླངས་པ་མང་བོ་ཡོད་མོད།  འོན་ཀྱང་གཡི་དཀར་ཆེ་ཆུང་གསུམ་པར་དུ་བླངས་པ་ཐེངས་དང་པོ་ཡིན།  སྐབས་དེའི་དགའ་སྣང་དེ་ད་དུང་ཡང་བརྗེད་ཐབས་མི་འདུག  པར་འདི་ནི་གཡི་དཀར་ཟིན་ཐོར་བཀོད་པའི་བརྩམས་ཆོས་ཤིག་ཡིན་པར་མ་ཟད།  ང་རང་ལ་རང་བྱུང་ཁམས་ཆེན་མོའི་ལྐོག་གྱུར་གྱི་གསང་བ་དང་ཚེ་སྲོག་གི་དྲོད་ཁོལ་ཚོར་དུ་བཅུག་པའི་བརྩམས་ཤིག་ཀྱང་ཡིན”ཟེར།

བཅར་འདྲི་མཇུག་བསྒྲིལ་ལ་ཉེ་སྐབས།  བསོད་ནམས་རྡོ་རྗེ་ཡིས་བཤད་རྒྱུར།  ཐོག་མར་ངས་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཟིན་ཐོར་འགོད་བསམ་པ་ཙམ་ཡིན།  ད་ལྟ།  ངས་བརྙན་རིས་འདི་དག་ལ་བརྟེན་ནས་མི་མང་བོར་ངའི་ཕ་ཡུལ་དང་ཕ་ཡུལ་གྱི་རྨ་ཆུའི་གཏམ་རྒྱུད་བཤད་འདོད་པ་ཡིན་ཟེར།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།