ལྷག་བསམ་རྣམ་དག་གིས་འབྲོག་པའི་འཚོ་བར་རོགས་རམ་བྱེད་མཁན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་མཐོ་ཡེ་མ་ཡུལ་ཚོ་ཆུ་དཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།  སྡེ་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐལ་བཟང་བསམ་འགྲུབ་ཀྱི་གནས་ཚུལ་བཀོད་པ།

སྐལ་བཟང་བསམ་འགྲུབ་ཀྱིས་འདུམ་སྒྲིག་མི་སྣར་འདུམ་སྒྲིག་ཤེས་བྱ་བཤད་ཀྱིན་པ།

ཉེ་ལམ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མཐོ་ཡེ་མ་ཡུལ་ཚོ་ཆུ་དཀར་སྡེ་བའི་མུ་མཐའ་བྲལ་བའི་རྩྭ་ཐང་དུ།    སྡེ་མི་རྣམས་མཉམ་དུ་འདུས་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་བསམ་འགྲུབ་ཀྱིས་འདུམ་སྒྲིག་ཤེས་བྱ་སྒྲོག་བཤད་བྱེད་པར་ཉན་བཞིན་ཡོད།

སྐལ་བཟང་བསམ་འགྲུབ་ཀྱིས་གནས་ལུགས་ཆེན་པོ་ཞིག་བཤད་ཀྱིན་མེད་པར་ཁྱིམ་མཚེས་བར་གྱི་རྩྭ་ས་རྩོད་གླེང་དང་ཕྱུགས་ཟོག་ལྕགས་རར་ལྡིང་བའི་སྐྱིན་འཚབ་སྟེར་བ།   ཁྱིམ་ཚང་གི་ལོ་ལོན་བདག་སྐྱོང་ཐད་ཀྱི་ལས་བགོས་སོགས་འབྲོག་པའི་འཚོ་བ་དང་སྦྱར་ཏེ།  རྩྭ་ཐང་དུ་ཆེས་རྒྱུན་མཐོང་གི་དོན་དག་བདམས་ནས་བཤད་བཞིན་ཡོད།

དཔེར་ན།  རྩྭ་ས་རྩོད་གླེང་གི་གནད་དོན་ལ་མཚོན་ན།   སྡེ་བའི་ནང་གི་རྩྭ་ས་བགོ་བའི་ཉམས་མྱོང་ཡོད་པའི་རྒན་པ་གདན་ཞུ་བྱེད་པའམ་ཡང་ན་དཔང་ཡིག་ལྟར་ས་མཚམས་གསལ་བོར་དབྱེ་ནས།   རྩྭ་ས་བཟུང་བ་མང་བའི་གནས་སུ་ལུག་འཚོ་བ་དང་རྩྭ་ས་ཕྱིར་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།  ཕྱུགས་ཟོག་ལྕགས་རར་ལྡིང་བའི་གནད་དོན་ཐད་ནས།    ཚང་མ་མཉམ་དུ་འཛོམས་ཏེ་རྩྭ་ས་མུའུ་ག་ཚོད་ཟོས་ཡོད་པ་ཚད་འཇལ་རྗེས།  སྒོར་མོས་སྐྱིན་ཚབ་སྤྲོད་པའམ་ཟླ་ཕྱེད་ཙམ་ཕྱུགས་ཟོག་འཚོ་རོགས་བྱེད་པ།  ཡང་ན་མར་ཆུར་གྱི་སྐྱིན་ཚབ་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་དགོས་ཞེས་ཡངས་པའི་རྩྭ་ཐང་སྟེང་དུ་སྐལ་བཟང་བསམ་འགྲུབ་ཀྱི་སྐད་སྒྲས་ཁེངས་འདུག

ལོ་ལོན་བདག་སྐྱོང་གི་གནད་དོན་ཐད།  སྐལ་བཟང་བསམ་འགྲུབ་ཀྱིས་ཐག་ཉེ་ན་ཡོད་མཁན་གྱིས་ཉིན་རྒྱུན་གྱི་འཚོ་བའི་བདག་སྐྱོང་ལ་འགན་མང་ཙམ་འཁུར་དགོས་པ་དང་།    ཐག་རིང་ན་ཡོད་མཁན་གྱིས་རྒྱུན་དུ་བདག་སྐྱོང་མ་དངུལ་བསྐུར་དགོས།   གལ་ཏེ་ལོ་ལོན་ལ་ན་ཚ་བྱུང་ན་རེས་མོས་ཀྱིས་རོགས་སྐྱོར་བྱེད་དགོས་ལ།   དུས་ཆེན་གྱི་སྐབས་སུ་ཚང་མ་ཕྱིར་རང་ཁྱིམ་དུ་ཡོང་ནས་བཟའ་མི་ལྷན་འཛོམས་བྱེད་དགོས།      བཅའ་ཁྲིམས་ཀྱི་ངོས་ནས་བཤད་ན་བུ་ཕྲུག་ཚང་མར་ཕ་མ་གཉོར་སྐྱོང་བྱེད་པའི་འགན་འཁྲི་ཡོད་མོད།  བོད་ཀྱི་སྲོལ་རྒྱུན་ལྟར་ན།  ཕ་མ་གཉོར་སྐྱོང་བྱེད་པའི་བསམ་བློ་དེ་སྒོར་མོ་ལས་ཀྱང་གལ་ཆེ་ཞེས་བཤད་སྲོལ་ཡོད་ཅེས་བཤད་བཞིན་འདུག

མུ་མཐའ་བྲལ་བའི་རྩྭ་ཐང་སྟེང་དུ།   སྐལ་བཟང་བསམ་འགྲུབ་ནི་འབྲེལ་ཟམ་ཞིག་དང་འདྲ་བར།   སྡེ་བ་ཡོངས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་བརྩེ་བ་དང་གནས་ལུགས་མཉམ་བསྲེས་སྒོས་ཁྱིམ་མཚེས་ཕན་ཚུན་བར་གྱི་འགལ་བ་ཐག་གཅོད་བཞིན་ཡོད།

གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ལོ་ངོ་ཉེར་ལྔའི་རིང་འདུམ་སྒྲིག་བྱས་མྱོང་བའི་སྐལ་བཟང་བསམ་འགྲུབ་ལ་མཚོན་ན།   འབྲོག་པ་རྣམས་ཁ་ཐོར་དུ་བསྡད་ཡོད་པས།   འབྲེལ་འདྲིས་བྱེད་པར་དུས་ཚོད་དང་དཀའ་ངལ་མང་པོ་ཡོད་པ་དང་།  སྨན་བཅོས་དང་སློབ་གསོ།   བཅའ་ཁྲིམས་སོགས་སྤྱི་པའི་ཞབས་ཞུས་ཁེབས་དཀའ་བ།    ཁྱིམ་མཚེས་བར་གྱི་འགལ་བ་དུས་ལྟར་ཐག་མ་བཅད་ན་འགལ་བ་རིམ་བཞིན་ཆེ་རུ་འགྲོ་སླ་བ་སོགས་གཞི་རིམ་གྱི་ལས་དོན་ཐད་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་གསལ་བོར་རྟོགས་ཡོད།

དེ་བས།  སྐལ་བཟང་བསམ་འགྲུབ་ཀྱིས་རང་རྟོགས་ངང་རླངས་འཁོར་རྙིང་པ་ཞིག་བསྐོར་ཏེ། ག་དུས་ཡིན་ཀྱང་ནང་དུ་བཅའ་ཁྲིམས་ཁྲིམས་སྲོལ་དང་མྱུར་སྐྱོབ་སྨན་རྫས།  འབྲོག་པའི་འཚོ་ཚིས་བྲིས་ཡོད་པའི་ཟིན་བྲིས་སོགས་བཅུག་ཡོད་པའི་འདུམ་སྒྲིག་ཁུག་མ་ཞིག་བཟུང་ནས།   རྩྭ་ཐང་གི་གྲུ་ཟུར་རེ་རེར་ཞབས་ཞུ་དང་དྲོད་ཁོལ་བསྐྱལ་ཏེ།  བར་ཐག་བར་ཆད་དུ་མི་འགྱུར་བ་དང་། ངང་སྒུག་འགལ་བ་རུ་མི་འགྱུར་བར་བྱས།

ཐེངས་ཤིག་ལ།  སྡེ་མི་རྡོ་རྗེ་རིན་ཆེན་དང་ཆུང་མ་རིན་ཆེན་སྒྲོལ་མ་གཉིས་ཀྱིས་དོན་དག་ཙག་ཙིག་ཐད་འཁོན་འཛིང་བྱས་ནས་བཟའ་འཐོར་བྱེད་དགོས་པའི་གནས་སུ་ལྷུང་ཡོད་ལ།  བྱིས་པ་ཡང་དོན་དག་དེ་དག་གི་ཤུགས་རྐྱེན་ལས་སློབ་གྲྭར་འགྲོ་མ་འདོད་པར་གྱུར།

སྐལ་བཟང་བསམ་འགྲུབ་ཀྱིས་མྱུར་དུ་རླངས་འཁོར་བསྐོར་ནས་ཁོ་ཚང་གི་ཁྱིམ་དུ་སོང་སྟེ།  བཟའ་ཟླ་གཉིས་ལ་ཁ་ཏ་སློབ་གསོ་བྱས་པ་དང་། དུས་རྒྱུན་མཉམ་དུ་བསྡད་ན་བར་དུ་རྩོད་གཞི་ཙག་ཙིག་ཡོད་པ་དཔེ་ཡིན་ངེས། ཁྱོད་གཉིས་ཀྱིས་དང་ཐོག་བཟའ་སྒྲིག་བྱེད་སྐབས་ལ་འདང་ཞིག་རྒྱོབ་དང་། སྒྲོལ་མའི་ལག་པའི་སེར་ཁ་དེ་ནམ་རྒྱུན་ཕྱུགས་ཟོག་ལ་གཟན་ཆས་བྱིན་པ་དང་ཁྱིམ་ལས་ལས་ཏེ་བྱུང་བ་ཡིན་ལ། རྡོ་རྗེ་རིན་ཆེན་གྱི་ཕྲག་སྟེང་དུ་རྨ་རལ་འདུག་པ་དེ་ཡང་དུས་རྒྱུན་ཁྱིམ་ཚང་གི་ཆེད་དུ་འབད་པའི་འབྲས་བུ་མིན་ནམ།

ཁྱོད་གཉིས་ནམ་རྒྱུན་འཛིང་རེས་བྱེད་སྐབས། བྱིས་པ་གཉིས་ཀྱིས་གམ་དུ་བལྟས་འདུག ནམ་གུང་བྱིས་པ་ངུས་ནས་སད་དེ་ཨ་ཕ་ཨ་མ་ཞེས་འབོད་པ་དང་། ཉིན་དཀར་སློབ་ཁྲིད་སྐབས་སུ་སློབ་ཁྲིད་བྱེད་འདོད་མེད་ལ་ཁྲིད་བྱོལ་བྱེད་སྲིད། ཁྱོད་ཚོས་ཤོད་དང་ཁྱོད་གཉིས་ཁ་ཁར་སོང་ཚེ་བྱིས་པ་ཇི་ལྟར་བྱ། འཚོ་བ་ཞིག་རོལ་ན་ཁྱིམ་ཚང་སུ་ལ་དོན་དག་མེད་དམ། དོན་དག་ཡོད་ཚེ་གྲོས་མོལ་ཡག་པོ་བྱས་ནས་ཕན་ཚུན་གྱི་དཀའ་ཁག་ལ་འདང་ཞིག་རྒྱབ་ན། འཚོ་བ་ད་གཟོད་བཟང་ཕྱོགས་སུ་འགྲོ་ངེས་རེད། ཁྱོད་ཚོས་བཤད་ན་དེ་འདྲ་རེད་དམ། དེ་ལྟར་ཁ་བརྡ་ཡང་ཡང་བྱས་མཐར་བཟའ་ཟླ་གཉིས་ཀྱང་འགྲིག་མཐུན་ཡག་པོ་བྱུང་།

དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲོག་ཁུལ་གྱི་གཞི་རིམ་འགལ་ཟླ་ཕན་ནུས་ལྡན་པའི་སྒོ་ནས་སེལ་ཆེད། མཐོ་ཡེ་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་གསར་སྐྲུན་བྱས་ནས། རྫོང་ཡོངས་སུ་མིང་དུ་གྲགས་པའི་འདུམ་སྒྲིག་པ་སྐལ་བཟང་བསམ་འགྲུབ་གཙོ་བྱས་ཏེ། སེམས་ཞིབ་མོས་སྐལ་བཟང་ལས་སྒྲུབ་ཁང་བཙུགས།

ལས་སྒྲུབ་ཁང་གིས“དམངས་སེམས་སྲུང་བ་དང་། སྤྲོ་སེམས་ལྡན་པ། རྒྱུན་དུ་སེམས་ཞིབ་མོ་བྱེད་པ། ལྷག་བསམ་སྤྱོད་པ། སྤྱི་སེམས་འཛིན་པའི”“སེམས་པ་ལྔའི”བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་པ་དང་། མཐོ་ཡེ་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། ཡུལ་ཚོའི་ཁྲིམས་འཛིན་ཁང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། རྩྭ་སའི་རྩོད་གཞི་དང་གཉེན་སྒྲིག་ཁྱིམ་ཚང་། ཁྱིམ་མཚེས་བར་གྱི་རྩོད་གཞི།  དངུལ་གྲངས་ཉུང་བའི་བུ་ལོན་སོགས་འབྲོག་ཁུལ་དུ་རྒྱུན་མཐོང་གི་འགལ་བར་དམིགས་ནས། གཅིག་བསྡུས་འདུམ་སྒྲིག་ཞབས་ཞུ་འདོན་སྤྲོད་བྱས།

བྱེ་བྲག་གི་རྩོད་གཞི་འདུམ་སྒྲིག་ཁྲོད། སྐལ་བཟང་ལས་སྒྲུབ་ཁང་གི་བྱ་བའི་བྱེད་ཐབས་ལ་དྲོད་འཁོལ་དང་བློ་གྲོས་མངོན་ཡོད། རིག་འཛིན་ཚེ་རིང་གིས་རླངས་འཁོར་གྱི་གཏའ་བུན་སྒོར6946.5ཆད་འགྱངས་བྱས་ཏེ་མ་སྤྲད་པའི་དོན་དག་དང་འཕྲད་སྐབས། ལས་སྒྲུབ་ཁང་རང་འགུལ་ངང་ཁོ་ཚང་གི་ཁྱིམ་དུ་སོང་ནས།  ཐེངས་འགའ་ལ་རྒྱུས་ལོན་བྱས་རྗེས་ཁོ་ཚང་གི་ཁྱིམ་གྱི་ཕྱུགས་ཟོག་གསོ་ཁ་ནས་འབུད་པར་བར་ཆད་བྱུང་བ་དང་། གནས་སྐབས་སུ་དངུལ་སྟེར་མི་ཐུབ་པའི་དཀའ་ངལ་ཤེས་རྟོགས་བྱུང་། ཕྱོགས་གཅིག་ནས་གན་རྒྱའི་དོན་ཚན་རེ་རེ་ཞིབ་བརྗོད་བྱས་པ་དང་དུས་བཅད་ལྟར་མ་དངུལ་སྤྲོད་དགོས་པ་གསལ་བོ་བཤད། ཕྱོགས་གཞན་ཞིག་ནས་རླངས་འཁོར་ཕྱིར་འཚོང་ཀུང་སི་རུ་སོང་ནས། འབྲོག་པའི་དོན་དངོས་དཀའ་ཁག་གསལ་བཤད་ཡང་ཡང་བྱས་མཐར། ཕྱོགས་གཉིས་ལ་གྲོས་འཆམ་བྱུང་དུ་བཅུག་པ་དང་ཟླ་ངོ་གསུམ་གྱི་རྗེས་སུ་དངུལ་དུས་ལྟར་སྤྲོད་པའི་དུས་བཅད་བྱས་པས། ཁེ་ལས་ལ་གྱོང་གུད་ཐེབས་མེད་ལ། རིག་འཛིན་ཚེ་རིང་ལ་ཡང་སྒོར་བཙལ་བའི་དུས་ཚོད་ངེས་ཅན་ཞིག་བྱིན། བསོད་ནམས་ཚེ་རིང་དང་ཚུལ་ཁྲིམས་ཀྱི་བར་དུ་སྒོར7500བསྐྱིས་པའི་རྩོད་གཞི་བྱུང་བ་དང་། ཚུལ་ཁྲིམས་ཀྱིས་ལག་ཏུ་སྒོར་མེད་ཞེས་དུས་ཚོད་དལ་འགོར་བྱས་པས། བསོད་ནམས་ཚེ་རིང་དུས་རྒྱུན་ལས་སྒྲུབ་ཁང་དུ་རྒྱུག  འདུམ་སྒྲིག་མི་སྣས་མི་གཅིག་གི་སྐད་ཆ་ཙམ་ལ་མ་ཉན་པར་སྒོར་མོ་བསྐྱི་སྐབས་ཀྱི་ཡི་གེར་གསལ་བོར་བལྟས་ཏེ། ཚུལ་ཁྲིམས་ཀྱིས་སྒོར་མོའི་སྐྱིན་ཚབ་འཇལ་དགོས་པ་གསལ་བོ་བྱས་པ་དང་། ཚུལ་ཁྲིམས་ཚང་གི་ཕྱུགས་ཁང་དུ་བེའུ་འགའ་གསར་དུ་བསྣན་ཡོད་པ་མཐོང་བས། ནོར་གསུམ་གྱི་སྐྱིན་ཚབ་འཇལ་རྒྱུ་བྱས། ལྗིད་ཚད་འཇལ་རྗེས་ཕྱོགས་གཉིས་ཀྱིས་ཁས་ལེན་བྱས་པ་དང་། བསོད་ནམས་ཚེ་རིང་གིས་ནོར་ཁྱིམ་དུ་དེད་པ་དང་ཚུལ་ཁྲིམས་ཀྱིས་ཀྱང་དུས་ཡུན་རིང་པོར་ནར་འགྱངས་བྱས་པའི་ཁུར་པོ་ཕོག་ལ། དུས་ཡུན་རིང་པོར་བྱུང་བའི་རྩོད་གཞི་དེ་རྩ་བ་ནས་ཐག་གཅོད་བྱས།

“ང་ཚོས་ཐོག་མཐའ་བར་གསུམ་དུ‘སྔོན་ལ་སྔོན་འགོག་བྱེད་པ་དང་སྔོན་ལ་འདུམ་སྒྲིག་བྱེད་པ།  ཁྲིམས་ལྟར་འདུམ་སྒྲིག་བྱེད་པ”རྒྱུན་འཁྱོངས་བྱས་ཏེ།   སྦྲ་ནག་ནང་འདུམ་སྒྲིག་དང་ཕྱུགས་ར་ནས་སྐོར་ཞིབ་བྱེད་པའི་ཞབས་ཞུ་འབྲོག་པའི་སྦྲ་གུར་མདུན་དུ་སྐྱེལ་བ་དང་། དེའི་དམིགས་ཡུལ་ནི་དོན་ཆུང་སྡེ་བ་ནས་ཕྱི་རུ་མི་བསྐྱོད་པ་དང་། འགལ་བ་ཡུལ་དངོས་སུ་ཐག་གཅོད་པ་མངོན་འགྱུར་བྱས་པས། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་དང་འབྲོག་པ་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད། ཁོས་བལྟས་ན། “གཞི་རིམ་བཅོས་སྐྱོང་བྱེད་པ་དེ་མང་ཚོགས་ཀྱི་དགོས་མཁོ་ལྟར་འཁོར་སྐྱོད་བྱེད་པ་དང་། བརྩེ་དུང་དངོས་དང་བསྟུན་ནས་སྒྲུབ་པ། དྲང་གཞག་དྲང་བདེན་ལ་སྲུང་འཛིན་བྱས་ནས་སྒྲུབ་ན་འགལ་བ་འབྱུང་སྐབས་ནས་སེལ་ཐུབ་པ་དང་གཞི་རིམ་དུ་ཐག་གཅོད་བྱེད་ཐུབ་ལ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་རྨང་གཞི་བརྟན་པོ་འདིང་ཐུབ”ཟེར།

ལྷ་མོ་ཚེ་རིང་དང་ཤ་བོ་རིན་མཚོས་བསྒྱུར།