སོག་རྩག་ནང་གི་དྲོད་ཁོལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

འཇིགས་མེད་རྡོ་རྗེ་ཡིས་པང་གི་པགས་རྩག་ལ་བྱིལ་བྱིལ་བྱེད་བཞིན‘པགས་རྩག་འདི།  ངའི་ཨ་མས་བཟོས་པ་ཡིན། ’ “ཆུང་དུས་སུ། པགས་རྩག་འདིས་ང་ལ་དགུན་སྐྱེལ་རོགས་བྱས་པ་ཡིན། ད་ལྟ་ལས་གཏོད་བྱས་རྗེས།  པགས་རྩག་འདི་ངའི་གཅེས་ནོར་དུ་གྱུར་ཡོད།  དྲོད་ཁོལ་འདི།  ངས་སེམས་སུ་ཉར་ཡོད་པར་མ་ཟད།  ངའི་ལས་གཏོད་ཀྱི་ལམ་བུའི་སྟེང་ཁ་ཕྱོགས་སྟོན་པའི་སྒྲོན་མེ་ལྟ་བུར་གྱུར་ཡོད། ”ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ལ“རྨ་ལྷོ་སོག་རྫོང”ཞེས་འབོད་སྲོལ་ཡོད།  

འཇིགས་མེད་རྡོ་རྗེ་ནི་གནས་འདི་ནས་ལྟེ་ཁྲག་འཕོས་ཤིང་།  ལང་ཚོ་རྒྱས་པའི་མི་བུ་ཞིག་ཡིན། དུས་ཡུན་རིང་བོའི་རིག་གནས་མཉམ་འདྲེས་ཀྱི་ཁྲོད།  ས་གནས་ཀྱི་སོག་རིགས་མང་ཚོགས་ལ་ཐུན་མོང་མ་ཡིན་པའི་གྱོན་གོས་རིག་གནས་ཤིག་གྲུབ་ཡོད་པ་དང་།  ཁྱད་པར་དུ་ཧི་ནན་རྫོང་གི་སོག་རིགས་ཀྱི་བོད་སོག་གྱོན་པ་ནི་མིང་གྲགས་ཅན་ཞིག་ཡིན།  ལུག་གི་པགས་པའི་བཟོས་པའི་སོག་ལུགས་ཀྱི་གྱོན་པ་ལ་ས་གནས་མང་ཚོགས་ཀྱིས“སོག་རྩག”ཅེས་འབོད།  ལག་བཟོས་སོག་རྩག་འདི་ལ་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་མ་ཟད། འདི་ལ་ཁྱད་དུ་འཕགས་པའི་བཟོ་རྩལ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་ཁུ་འདུས་ཡོད།

འཇིགས་མེད་རྡོ་རྗེའི་ཨ་མའི་མིང་ལ་ཚེ་རིང་སྒྲོལ་མ་ཟེར།  མོ་ནི་རྨ་ལྷོ་ཁུལ་གྱི་ཁུལ་རིམ་པའི་གཟུགས་འདུས་ཤུག་བཞག་རིག་གནས་ཀྱི་རྣམ་གྲངས་ལས“ཧི་ནན་རྫོང་སོག་རྩག་བཟོ་རྩལ”གྱི་རྒྱུན་འཛིན་པ་ཡིན།

ཟླ9པའི་ཚེས17ཉིན།  གསར་འགོད་པ་ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཨ་རྨོག་སྡེ་བའི་འཇིགས་མེད་རྡོ་རྗེ་ཚང་གི་ཁྱིམ་ལ་ཐོན་པ་དང་།  གནས་འདི་འཇིགས་མེད་རྡོ་རྗེ་ཁྱིམ་མི་གང་བོས་བདག་གཉེར་བྱེད་བཞིན་པའི་ཁུ་ཨུ་ལོན་པགས་རྩག་བཟོ་གྲྭ་ཡོད་ས་ཡང་ཡིན།  ར་སྐོར་ནང་།  ལས་བཟོ་བ་གཉིས་ས་རུ་ཙོག་ནས་དྲས་གཏུབ་བྱས་པའི་ལུག་པགས་ཤིག་འཚེམ་བཟོ་བྱེད་བཞིན་འདུག  གམ་གྱི་ཁང་བ་དེ་གཉིས་ནི་པགས་པའི་སྤུ་བཏོག་པ་དང་ཁ་མདོག་བསྒྱུར་སའི་ཁང་པ་ཡིན།

འཇིགས་མེད་རྡོ་རྗེ་ཡིས་བཤད་རྒྱུར“པགས་རྩག་ཅིག་བཟོ་བར།  པགས་པ་བཀྲུ་བ་ནས་མགོ་བརྩམས་ཏེ།  རིམ་བཞིན་སྤུ་བཏོག་པ་དང་མདོག་བསྒྱུར་བ།  ཉི་མར་སྐམ་པ་བཅས་བྱས་རྗེས་དྲས་གཏུབ་དང་འཚེམ་བཟོ་བྱེད་དགོས ”  “ཕོ་ལྭ་དང་མོ་ལྭའི་གོང་ཁ་དང་ཕུ་ཐུང་གི་བཟོ་སྟངས་དང་ཁ་དོག་གཏན་ནས་མི་འདྲ།  པགས་རྩག་ཅིག་བཟོ་བར་སྡོམ་པས་ཉིན་བཅུ་དགོས།”ཟེར།  ལག་བཟོས་བཟོ་ལས་རྐྱང་པར་བརྟེན་ན་བཟོ་ཡུན་ཅུང་རིང་ཡང་།  ཁབ་སྐུད་རེ་རེར་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་མ་ཟད།   ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཐུབ།

“ལྭ་བ་འདི་ལྟ་བུ་ནམ་རྒྱུན་གཉེན་སྟོན་དང་དུས་ཆེན།  ནཱ་ཏམ་སྤྲོ་ཚོགས་སོགས་གལ་ཆེ་བའི་ཉིན་མོར་གྱོན་པ་ཞིག་ཡིན།  ལྭ་བ་གཅིག་ལོ་མང་བོར་གོན་ཐུབ་ལ།  ཐ་ན་ཚེ་གང་བོར་འདང་ངེས། ”འགྲེམས་སྟོན་ཁང་གི་ཉིས་ཐོག་དུ།  འཇིགས་མེད་རྡོ་རྗེ་བཟའ་ཟླ་གཉིས་ཀྱི་འདྲ་པར་ཞིག་བཀལ་འདུག  འདྲ་པར་ནང་གི་ཁོའི་ཆུང་མས་སོག་རྩག་ཞིག་གོན་ཡོད་ལ།  ཤོམ་འགྲོ་མ་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

འཇིགས་མེད་རྡོ་རྗེ་ཡིས་བཤད་རྒྱུར། “ངའི་ཨ་མའི་ལག་ཤེས་ནི་ངའི་རྨོ་རྨོའི་གམ་ནས་སྦྱངས་པ་ཡིན།  མོ་རང་ལོ18ཡིན་པའི་སྐབས་སུ་ལྭ་བ་བཟོ་མགོ་བརྩམས་པ་རེད།”ཟེར།  ཁོའི་ཨ་མ་ལོ་ཆུང་སྐབས་བཟོ་རྩལ་ཁྱད་དུ་འཕགས་པས།  ནམ་རྒྱུན་ཁྱིམ་ཚང་གཞན་དུ་གྱོན་པ་བཟོ་བར་གདན་འདྲེན་བྱེད།  རྗེས་སུ།  ངའི་ཕ་མ་གཉིས་ཀྱིས་མཉམ་དུ་པགས་རྩག་བཟོས་པ་དང་།  རིམ་བཞིན་ངེད་ཚང་བཟོ་གྲྭ་ཆུང་ཆུང་ཞིག་ཏུ་གྱུར།

2013ལོར།  དམག་སྡེ་ནས་ཕྱིར་བུད་པའི་འཇིགས་མེད་རྡོ་རྗེ་ཡང་ཕ་མ་གཉིས་ཀྱི་བག་ཆགས་འོག  སོག་རྩག་བཟོ་བའི་ལས་ལ་ཞུགས།

“ཨ་མའི་བཟོ་རྩལ་མིང་དུ་གྲགས་ཡོད་མོད།  འོན་ཀྱང་སྲོལ་རྒྱུན་གྱི་སོག་རྩག་བཟོ་ལུགས་ཀྱི་དུས་ཡུན་རིང་ལ་རྒྱུ་ཆ་དཀོན་པས། ལོ་གཅིག་ལ་གྱོན་པ་བཞི་བཅུ་ཙམ་ལས་བཟོ་མི་ཐུབ།  ངས་རེ་བ་ནི་འདིའི་རྨང་གཞིའི་སྟེང་གསར་གཏོད་ལ་ཤུགས་བསྣན་ནས།  མི་མང་བོར་ང་ཚོའི་ཐོན་རྫས་ཤེས་སུ་འཇུག་རྒྱུ་དེ་ཡིན”ཟེར།  དེ་བས།  ཐོག་མ་ནས་དཀར་པོ་ཡིན་པའི་སོག་རྩག་དེར།  ད་ལྟ་མདོག་སེར་སྐྱ་དང་།  སེར་པོ་སོགས་ཡོད་ལ།  བཟོ་དབྱིབས་ལའང་སྔོན་ཆད་ཀྱི་ལྭ་རིང་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་སྟོད་འགག་སོགས་སུ་རྒྱ་བསྐྱེད་བྱས་ཡོད།

འགྲེམ་སྟོན་ཁང་དུ་ད་དུང་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཐོན་རྫས་ཆུང་བ་མང་པོ་ཡོད་ལ།  ཞིང་ཆེན་ནང་ཁུལ་གྱི་ཚོང་ར་ནས་ཞིང་ཆེན་ཕྱི་རུ་རྒྱ་བསྐྱེད་ཡོད།  ལས་བཟོ་བ་ཡང་མི་བདུན་བརྒྱད་ཙམ་ནས་མི་བཅོ་བརྒྱད་དུ་འཕར་ཡོད།  འདིས་སོག་རྩག་ཅེས་པའི་གྱོན་པ་འདི་མི་མང་བོར་ཤེས་སུ་བཅུག་པར་མ་ཟད།  མཐའ་འཁོར་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལའང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

“སོག་རྩག་གཅིག་བཟོ་བར་ལུག་པགས་ལྔ་ཙམ་སྤྱོད་དགོས།  ང་ཚོས་དགུན་ཁར་ལུག་པགས་ཉོ་སྐབས་ཕྱི་ནས་མི་གླས་ཏེ་གཙང་སྦྲ་བྱེད་དུ་བཅུག་པ་ཡིན། ལུག་པགས་གཅིག་གཙང་སྦྲ་བྱེད་པར་སྒོར130སྟེར་དགོས།  མི་གཅིག་གིས་ཆེས་མང་ན་ལུག་པགས་ལྔ་ལ་གཙང་སྦྲ་བྱེད་ཐུབ་ལ།  འཚེམ་བཟོ་བྱེད་སྐབས་ཀྱང་སྒོར1700བྱིན་པ་ཡིན། ” འཇིགས་མེད་རྡོ་རྗེ་ཡིས་དཔེ་དྲངས་ནས་བཤད་རྒྱུར།  ན་ནིང་ང་ཚོའི་སྡེ་བའི་ནང་གི་སྡེ་མི་ཚུལ་ཁྲིམས་ཀྱིས་ཟླ་བ་གཉིས་ཀྱི་ནང་སྒོར་ཁྲི་གཅིག་ལ་ཉེ་བ་ཙམ་གྱི་ཁེ་སྤོགས་བླངས་འདུག་ཟེར། ཚུལ་ཁྲིམས་ཚང་ལ་ནོར་མང་བོ་མེད་པར་མ་ཟད།  སྔོན་ཆད་ནོར་བཙོང་བ་གཅིག་པུར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།  “འདི་ལྟ་བུའི་ཡོང་སྒོ་ཡོད་པས་ད་ལྟ་ཁོས་ནོར་བཙོང་མི་དགོས”ཟེར།

ལུག་པགས་བཤུ་བ་ནས་མགོ་བརྩམས་པའི་འཇིགས་མེད་རྡོ་རྗེ་ཡིས།  གསར་གཏོད་ལ་བརྟེན་ནས་ཕ་མའི་ལག་ཤེས་རྒྱུན་འཛིན་བྱེད་འདོད་ཡོད།  ཁོས་བཤད་རྒྱུར།  ངའི་ཨ་མ་ནི་ལག་ཤེས་འདིའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་ལ།  ཁོས་དེང་སྐབས་མི་མང་པོས་རང་ཉིད་ཀྱི་ཐོན་རྫས་ལ་དགའ་བསུ་ཐོབ་བཞིན་པ་མཐོང་བས།  སྔར་ལས་ཀྱང་འབད་བརྩོན་བྱས་ཏེ་ལག་ཤེས་འདིའི་ཡང་སྙིང་ཁོང་དུ་ཆུད་པར་བྱས་ཏེ། སོག་རྩག་གིས་མི་མང་བོར་དྲོད་ཁོལ་སྦྱིན་ཐུབ་པར་བྱེད་དགོས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།