མི་ལོ་སོ་ལྔར་ཁྲིད་སྟེགས་བསྲུངས། ། རིས་མེད་བརྩེ་བས་སློབ་ཚོགས་བསྐྱངས། །
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

སློབ་མས་དགེ་རྒན་པདྨ་རིག་འཛིན་ལ་དྲི་བ་འདོན་བཞིན་པ།

པདྨ་རིག་འཛིན་གྱིས་སློབ་རིམ་དང་པོའི་སློབ་མར་སློབ་ཁྲིད་བྱེད་བཞིན་པ།

—མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་པའེ་ཀྲོང་གྲོང་རྡལ་གྱི་གྲོང་གསེབ་དགེ་རྒན་པདྨ་རིག་འཛིན་གྱི་གནས་ཚུལ་བཀོད་པ།

མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་པའེ་ཀྲོང་གྲོང་རྡལ་ལའེ་ཐང་སྡེ་བར་ཡོད་པའི་ལའེ་ཐང་སློབ་གྲྭ་དེ། དགེ་རྒན་པདྨ་རིག་འཛིན་གྱིས་མི་ལོ35ཡི་རིང་དུ་བརྟན་སྲུང་བྱས་ཤིང་། ཁོས་རང་གི་མི་ཚེ་གང་པོ་རི་ཁུལ་དུ་ཡོད་པའི་བྱིས་པ་ཚོར་བསྟིམས། ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས། ཁོའི་གདོང་ལ་རྒས་པའི་གཉེར་རིས་བབས་ཀྱང་། ཁོ་རང་འགྱོད་སེམས་སྤུ་ཙམ་མེད་པར་ཏང་དང་སྲིད་གཞུང་གི་མངགས་བཅོལ་དང་། ཡུལ་དེའི་མི་རྣམས་ཀྱི་རེ་འདུན་ཡིད་ལ་བཅངས་ནས། སློབ་མ་བསྐྱངས་ཏེ་ཡུལ་དེའི་བྱིས་པ་ཚོར་འོད་ཀྱི་ལམ་བུ་བསྟན།

ཟླ9པའི་ཟླ་སྟོད་དུ། ལའེ་ཐང་སྡེ་བ་གནས་སྤར་བ་དང་བསྟུན། པདྨ་རིག་འཛིན་གྱིས་མི་ལོ35ཡི་རིང་བརྟན་སྲུང་བྱས་པའི་ལའེ་ཐང་སློབ་གྲྭས་ཀྱང་ལོ་རྒྱུས་ཀྱི་འགན་འཁྲི་འགྲུབ་པར་བྱས། པའེ་ཀྲོང་གྲོང་རྡལ་དང་ཁ་ཐག་ཆེས་རིང་བའི་གྲོང་གསེབ་ཀྱི་སློབ་གྲྭ་འདིར། སློབ་མ་ཆེས་མང་དུས30ལྷག་ཡོད་མོད། དགེ་རྒན་པདྨ་རིག་འཛིན་གཅིག་པུ་ལས་མེད།

པདྨ་རིག་འཛིན་གྱིས་སློབ་གསོའི་བྱ་གཞག་ནི་ངའི་ཚེ་སྲོག་ལྟ་བུ་ཡིན་ཞིང་། སློབ་མའི་ནང་སེམས་ནི་ངའི་རྨོ་འདེབས་ཀྱི་གཤིན་ས་ལེགས་ཤོས་དེ་ཡིན་ཟེར།  ཉེ་ལམ། པའེ་ཀྲོང་གྲོང་རྡལ་གྱི་པའེ་གྲོང་གོང་མ་སློབ་གྲྭ་རུ། ལོ62ལ་སླེབས་པའི་པདྨ་རིག་འཛིན་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་འདུག གཟའ་འཁོར་གཅིག་གི་སྔོན་ལ། ཁོ་རང་མི་ལོ35རིང་བརྟན་སྲུང་བྱས་པའི་ལའེ་ཐང་སྡེ་བའི་ལའེ་ཐང་སློབ་གྲྭ་ནས་འདི་རུ་ཡོང་སྟེ། མུ་མཐུད་དུ་ཁྲིད་སྟེགས་སུ་ཤེས་བྱ་བརྒྱུད་སྒྲོག་བྱས། ཁྲིད་སྟེགས་སུ་མི་ལོ35རིང་སྒོ་སམ་སྟེང་ཡི་གེ་བྲིས་པའི་ལག་པ་ལ་ད་དུང་ཡང་སྟོབས་ཤུགས་ཀྱིས་ཁེངས་ཡོད་ཅིང་། ཁོའི་སློབ་གསོའི་བྱ་གཞག་ཐད་བཅངས་པའི་སེམས་པ་ལ་འགྱུར་བ་ཏོག་ཙམ་ཡང་བྱུང་མི་འདུག་པ་འདྲ།

“ལའེ་ཐང་སློབ་གྲྭ་བློས་མི་ཐོངས་རུང་། སློབ་མ་ཚོ་ ཆ་རྐྱེན་སྔར་ལས་བཟང་བའི་སློབ་གྲྭར་འགྲིམ་ཐུབ་པ་དྲན་ཚེ། སེམས་ནས་ཀྱང་མི་བཟོད་པ་དེ་འདྲ་མི་འདུག”ཅེས་པདྨ་རིག་འཛིན་གྱིས་སྤྲོ་སྣང་དང་ལྡན་པའི་སྒོ་ནས་དེ་ལྟར་བཤད།

སློབ་ཁྲིད་བྱེད་པའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ནའང་། པདྨ་རིག་འཛིན་གྱི་དགའ་ཞེན་ལ་ཉམས་པ་སྤུ་ཙམ་ཡང་བྱུང་མེད། ཉིན་རེའི་ཆུ་ཚོད8ཀྱི་སྟེང་། ཁོ་དུས་ལྟར་སློབ་ཁང་དུ་འབྱོར་ནས། ནན་ཏན་གྱིས་ཉིན་དེའི་སློབ་ཁྲིད་ཀྱི་ནང་དོན་ལ་གྲ་སྒྲིག་བྱེད་པ་རེད། སློབ་གྲྭ་གྲོལ་རྗེས། ཁོ་ཕྱིར་ཡུལ་ལ་མི་ལོག་པར་གཞུང་ལས་ཁང་དུ་སོང་ནས་ཕྱི་ཉིན་གྱི་སློབ་ཁྲིད་ལ་གྲ་སྒྲིག་བྱེད་ངེས།

པདྨ་རིག་འཛིན་གྱི་སློབ་ཁྲིད་བྱེད་པའི་འཚོ་བ་ནི1990ལོའི་ཟླ4པ་ནས་མགོ་བརྩམས། ལོ་དེར། ཕོ་ལོ27ཡིན་པའི་པདྨ་རིག་འཛིན་དམའ་འབྲིང་དགེ་རྒན་གྱིས་འོས་སྦྱོར་བྱས་ནས་ལའེ་ཐང་སློབ་གྲྭར་ཡོང་བ་དང་། སྐབས་དེ་ནས་བཟུང་དགེ་རྒན་བྱེད་པའི་མི་ཚེའི་མགོ་བརྩམས་པ་རེད། “སྐབས་དེར་ཆ་རྐྱེན་ཞན་པས། སློབ་གྲྭའི་སློབ་ཁང་ནང་དུ་དགུན་ཁར་ཙག་མི་ཁོག་ལ་དབྱར་ཁར་ཆུ་མི་ཚོགས། ཉིན་རྒྱུན་རྐང་ཐང་དུ་སློབ་གྲྭར་སོང་བ་དང་། སློབ་གྲྭ་གྲོལ་རྗེས་ཕྱིར་རང་ཡུལ་ལ་རྐང་ཐང་དུ་ལོག་པ་ཡིན།”ཞེས་སྐབས་དེའི་ལོ་ཟླ་དྲན་ཚེ། པདྨ་རིག་འཛིན་ལ་ཚོར་སྣང་སྣ་ཚོགས་སྐྱེས་ཡོང་།

ལའེ་ཐང་སློབ་གྲྭ་རུ་སློབ་ཁྲིད་བྱས་པའི་མི་ལོ35ཡི་རིང་། པདྨ་རིག་འཛིན་ནི་དགེ་རྒན་ཡིན་ལ་གཞན་ད་དུང་སློབ་གཙོ་དང་སློབ་གྲྭའི་དོ་དམ་པའི་འགན་ཡང་འཁུར་དགོས། དེས་མི་ཚད་ཁོ་སློབ་མ་ཚོའི་ཁྱིམ་བདག་ཆེན་མོ་ཡང་ཡིན།  པདྨ་རིག་འཛིན་གྱིས་ལའེ་ཐང་སློབ་གྲྭར་སློབ་ཁྲིད་བྱས་པའི་ཉམས་མྱོང་ནི་ཁོའི་ཚེ་གང་པོའི་ཆེས་རྩ་ཆེ་བའི་རྒྱུ་ནོམ་ཡིན་ལ། བྱིས་པ་བརྩེ་སེམས་དང་བཟོད་སེམས་ཀྱིས་སྐྱོང་དགོས་ཚུལ་ཡང་ཁོས་དེ་ནས་ཤེས་པ་ཡིན་ཟེར།

“སློབ་མ་གཅིག་ལས་ལྷག་མེད་ཀྱང་། ངས་མུ་མཐུད་དུ་འཁྲིད་ངེས་ཡིན།”འདི་ནི་པདྨ་རིག་འཛིན་གྱིས་རྒྱུན་པར་བཤད་པའི་སྐད་ཆ་རེད། སྔོན་ཆད། ཁོ་ལའང་ཆ་རྐྱེན་བཟང་བའི་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་མྱོང་མོད།  འོན་ཀྱང་ཁོས་རི་ཁུལ་དུ་ཡོད་པའི་བྱིས་པ་ཚོ་བློས་མ་ཐོངས། ཁོས“གལ་ཏེ་ང་བུད་སོང་ཚེ། འདིར་ཡོང་འདོད་པའི་དགེ་རྒན་གཞན་སུ་ཡང་ཡོད་མི་སྲིད”ཟེར།

དང་ཐོག་ལའེ་ཐང་སློབ་གྲྭར་ཡོང་མ་ཐག གོ་བརྡ་མི་འཕྲོད་པ་ནི་པདྨ་རིག་འཛིན་གྱི་མདུན་དུ་ལྷགས་པའི་གནད་དོན་ཆེ་ཤོས་དེ་རེད། བོད་རིགས་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོས་གདོང་གཏོད་ས་ནི་ཟ་ལར་སྐད་བཤད་པའི་སློབ་མ་རྐྱང་རྐྱང་ཡིན།  པདྨ་རིག་འཛིན་གྱིས་དང་ཐོག་སློབ་མ་ཚོས་རྒྱ་སྐད་བཤད་མི་ཤེས་པ་དང་། ངས་ཀྱང་ཟ་ལར་སྐད་བཤད་མི་ཤེས་པས། སློབ་ཁྲིད་བྱས་ན་དཀའ་ཁག་ཆེན་པོ་འདུག  གནད་དོན་དེ་ཐག་གིས་གཅོད་ཆེད། ངས་སློབ་ཕྱིའི་དུས་ཚོད་བེད་སྤྱད་དེ་ཟ་ལར་སྐད་སྦྱངས་པ་བྱས་ཤིང་། ཆེས་སླ་བའི་ཉིན་རྒྱུན་གྱི་ཁ་བརྡ་ནས་མགོ་བརྩམས་ཏེ། རིམ་གྱིས་སློབ་ཁྲིད་ལ་མཁོ་བའི་ཆེད་ལས་ཀྱི་མིང་བརྡ་སྦྱངས་པ་ཡིན།   དེ་ལྟར་ངས་དུས་ཚོད་གང་མང་སྤྱད་དེ་ཟ་ལར་སྐད་སྦྱངས་པས།  ད་ལྟ་གཞི་ནས་ཟ་ལར་སྐད་ཀྱིས་སློབ་མ་ཚོ་དང་འབྲེལ་འདྲིས་བྱེད་ཐུབ་ཟེར། ཁོའི་སློབ་ཁྲིད་ཀྱི་སྟེང་དུ། རྒྱུན་པར་ཟ་ལར་སྐད་ཀྱིས་ཆེད་ལས་ཀྱི་མིང་བརྡ་འགྲེལ་བཤད་བརྒྱབ་སྟེ། སློབ་མ་ཚོ་སྐད་བརྡའི་གེགས་རྐྱེན་ལས་བརྒལ་ནས་ཤེས་བྱར་ལས་སླ་མོས་འཇུག་ཐུབ་པར་བྱས།  དེ་འདྲའི་སྐད་གཉིས་སློབ་ཁྲིད་བྱེད་སྟངས་ཀྱིས་ཟ་ལར་རིགས་ཀྱི་སློབ་མ་རྣམས་ཀྱིས་སློབ་ཁྲིད་ཀྱི་ནང་དོན་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད།རྒྱ་ཡིག་ལ་སློབ་སྦྱོང་བྱེད་པའི་ནུས་པ་ཡང་མཐོར་འདེགས་བཏང་ལ། དགེ་སློབ་བར་གྱི་བར་ཐག་ཀྱང་ཇེ་ཉེར་བཏང་།

པདྨ་རིག་འཛིན་གྱིས་རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་བྱིས་པ་ཚོའི་སེམས་པ་བཀུག སློབ་ཁྲིད་བྱེད་སྐབས། སློབ་མ་ཚོས་ཁོ་དང་འགྲོགས་ཏེ་ནན་ཏན་གྱིས་དཔེ་ཆ་ཀློག་པ་དང་། སློབ་ཁྲིད་གྲོལ་རྗེས། སློབ་མ་ཚོས་ཁོ་བཙལ་ནས་སློབ་གྲྭའི་ནང་བྱུང་བའི་དོན་དག་སྣ་ཚོགས་གླེང་བར་བྱེད།

མི་ལོ35རིང་ལས་གནས་བརྟན་སྲུང་བྱས་ཏེ་པདྨ་རིག་འཛིན་གྱིས་སློབ་མ་མང་པོ་བསྐྱངས་ཡོད། ཁོ་ལ་སྤོབས་པ་བསྐྱེད་པར་བྱེད་པ་ནི། ཁོས་བསྐྱངས་པའི་སློབ་མ200ལྷག་གི་ཁྲོད་དུ། སློབ་མ12ཀྱིས་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་། དེའི་ཁྲོད་སློབ་མ5བྱ་བའི་ལས་རྐང་དུ་ཞུགས་ཡོད་ཅིང་། ཁོ་ཚོས་ཤེས་བྱར་བརྟེན་ནས་རང་གི་ལས་དབང་བསྒྱུར་ཡོད།

“ད་ལོ་ངས་བསྐྱངས་མྱོང་བའི་སློབ་མ4ཡིས་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད།”ཅེས་སྐད་འཕྲིན་དུ་སློབ་མ་ཚོས་བསྐུར་ཡོང་བའི་སློབ་ཞུགས་བརྡ་སྦྱོར་ལ་ལྟ་བཞིན། པདྨ་རིག་འཛིན་གྱི་གདོང་ལ་འཛུམ་གྱིས་ཁེངས་འདུག

ཁོ་རང་ཤིན་ཏུ་དགའ་བའི་དོན་ཞིག་ནི། ད་ལྟ་ཁོས་སྐྱོང་བཞིན་པའི་སློབ་མའི་ཁྲོད་དུ། ཁོས་སྔོན་ཆད་བསྐྱངས་པའི་སློབ་མ་ཚོའི་བུ་ཕྲུག་མང་པོ་ཡོད་པ་དེ་ཡིན།  མི་རབས་གཉིས་བརྒལ་བའི་མཛའ་བརྩེ་འདི་ཁོའི་མི་ལོ35རིང་གི་ཆེས་དྲོད་ཁོལ་ལྡན་པའི་མཛེས་སྡུག་གི་ཕྱིར་དྲན་དུ་གྱུར། པདྨ་རིག་འཛིན་གྱིས“ཁོ་ཚོས་སྔོན་ཆད་ཇི་བཞིན་ང་ལ་ཡིད་ཆེས་བྱེད་པས། རང་གི་བུ་ཕྲུག་ཀྱང་ང་ལ་སྤྲད།” བྱིས་པ་ཚོའི་ཁྱིམ་བདག་གི་ཡིད་ཆེས་ལྡན་པའི་མིག་ཟུང་མཐོང་ན། ངས་མུ་མཐུད་དུ་འབད་པ་བྱེད་རྒྱུ་ལས་མི་འདུག་ཟེར།

པདྨ་རིག་འཛིན་གྱིས་ཧུར་བརྩོན་བྱས་མཐར་གཞན་གྱིས་བརྩི་འཇོག་དང་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཀྱང་མི་དམན་པ་བླངས། 2000ལོ་དང2001ལོར། ཁོས་ཁྲིད་འགན་འཁུར་བའི་འཛིན་གྲྭ་དེས་བསྟུད་མར་ལོ་གཉིས་ལ་པའེ་ཀྲོང་སློབ་ཁུལ་གྱི་སློབ་ཁྲིད་རྒྱུགས་ཚད་ཁྲོད་ཨང་དང་པོའི་ཁྱད་འཕགས་གྲུབ་འབྲས་བླངས། ས་ཐག་རིང་ཞིང་སློབ་གསོའི་ཐོན་ཁུངས་ལྟོས་བཅས་ཀྱིས་དཀོན་པའི་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་ལ་མཚོན་ན། འདི་ལྟ་བུའི་གྲུབ་འབྲས་ནི་ཤིན་ཏུ་རྩ་ཆེན་ཞིག་ཡིན།

མི་ལོ35ལ་དགེ་རྒན་བྱས་པའི་རིང་། པདྨ་རིག་འཛིན་གྱིས་བྱ་དགའ་གྲངས་མེད་བླངས་ཡོད། 2017ལོར་ཞུན་ཧྭ་རྫོང་གི“ཕུལ་བྱུང་དགེ་རྒན”དུ་བདམས། 2018ལོར་མཚོ་སྔོན་ཞིང་ཆེན་གྱི“རེ་བའི་བཟོ་འགོད་ཀྱི་ལས་སྒྲུབ་པའི་བྱ་དགའ”ཐོབ། 2019ལོར་མཚོ་ཤར་གྲོང་ཁྱེར་གྱི་སྐབས་གསུམ་པའི“མཚོ་ཤར་དུ་བསྐྱོད་པ”ཡི་ཀུན་སྤྱོད་དཔེ་ལེགས་བྱ་དགའ་ཐོབ། 2021ལོར“ཀྲུང་གོའི་མི་བཟང་རིམ་པ”རུ་བདམས། 2022ལོར་མཚོ་ཤར་གྲོང་ཁྱེར་གྱི“ངལ་རྩོལ་དཔེ་ལེགས་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།  བྱ་དགའ་མང་པོ་ཐོབ་ཀྱང་། པདྨ་རིག་འཛིན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁེངས་སྐྱུང་བྱས་ནས་བསྡད་ཡོད། ཁོས་རང་གིས་བསྒྲུབ་འོས་པའི་བྱ་བ་བསྒྲུབས་པ་ཙམ་ལས། གྲུབ་འབྲས་དང་བྱ་དགའ་འདི་དག་ནི་མཐར་ཐུག་གི་དམིགས་ཡུལ་མིན་པར་འདོད་ཡོད་ལ། ཁོར་མཚོན་ན། འདི་ནི་སྐུལ་ལྕག་ཙམ་ལས་མ་འདས།

ལས་གྲོགས་ཚོས་ཀྱང་པདྨ་རིག་འཛིན་ལ་ཤིན་ཏུ་བརྩི་འཇོག་བྱེད། དགེ་རྒན་ཀྲའོ་ཝུན་ཕིང་གིས་བཤད་རྒྱུར། “པདྨ་རིག་འཛིན་ནི་ང་ཚོའི་སློབ་སྦྱོང་གི་མིག་དཔེ་ཡིན་ལ། ཁོས་སློབ་ཁྲིད་ལ་བཟུང་བའི་རྣམ་འགྱུར་ནི་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད་དེ། འདི་ལྟ་བུའི་བརྟན་སྲུང་གི་སྙིང་སྟོབས་ལ་ང་ཚོ་གཞོན་རབས་དགེ་རྒན་དག་གིས་སློབ་སྦྱོང་བྱེད་འོས།”

མི་ཚེ་གང་པོ་སློབ་གསོའི་བྱ་གཞག་ལ་བསྟིམས་པའི་གྲོང་གསེབ་ཀྱི་དགེ་རྒན་འདིར་མཚོན་ན། ཁྱིམ་ནས་ཀྱང་ཁོ་རང་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་པ་མི་ཉུང་ཤས་ཤིག་གིས་མ་གཏོགས་ཤེས་ཀྱིན་མེད། པདྨ་རིག་འཛིན་གྱི་ཆུང་མས་ལོ་ངོ་མང་པོའི་རིང་དུ་ཞིང་ལས་ལས་ཏེ་གྲུམ་བུའི་ནད་བྱུང་ཡོད་པས། ཁྱིམ་ཚང་གང་པོའི་ཁུར་པོ་ཁོའི་ཕྲག་སྟེང་ལ་ལྷུང་ཡོད།

དེའི་རིང་ལ། པདྨ་རིག་འཛིན་གྱིས་ཁྲིད་སྟེགས་སྲུང་ཞོར་ཆུང་མར་གཅེས་པས་བདག་སྐྱོང་བྱས་ཤིང་། ཁོའི་བྱ་སྤྱོད་རེ་རེས་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་ཡོད། ཉིན་རེར་མལ་ལས་ལངས་རྗེས། ཁོས་སྔོན་ལ་ཆུང་མར་བདག་བྱས་རྗེས་མྱུར་དུ་བྲེལ་འཚུབ་ངང་སློབ་གྲྭར་ཆས་འགྲོ། ཁྱིམ་གྱི་ལས་ཀར་བྲེལ་འཚུབ་ག་འདྲ་ཆེ་རུང་། ཁོས་རྒྱུན་པར་སློབ་གྲྭའི་དོན་དག་སྔོན་ལ་བསྒྲུབ་ངེས་ཡིན།

ཁོའི་མིག་ནང་དུ།  སློབ་གྲྭའི་དོན་དག་དང་བྱིས་པ་ཚོའི་དོན་དག་ནི་དོན་ཆེན་ཡིན་པས། འགོར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང་། རང་གི་བུ་ཕྲུག་དང་ཆུང་མར་མང་པོ་ཞིག་ཆད་ཡོད་སྙམ་པའི་བློ་ནི་ཁོ་ལ་རྣམ་པ་ཀུན་ཏུ་སྐྱེ་བཞིན་མཆིས། ད་ལྟ། མལ་དུ་ལྷུང་བའི་ཆུང་མ་མཐོང་ཐེངས་རེར། ཁོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ཡོང་།

ད་ལོ། པདྨ་རིག་འཛིན་ལོ62ལ་སླེབས་ཡོད། ཡིན་ཡང་། ཁོས་སློབ་ཁྲིད་ལ་བཅངས་པའི་སྤྲོ་སེམས་ལ་སྔར་བཞིན་འགྱུར་བ་སྤུ་ཙམ་ཡང་བྱུང་མེད། པའེ་ཀྲོང་གོང་མ་སློབ་གྲྭའི་སློབ་གཙོ་བན་དེ་ཚེ་རིང་གིས་བཤད་རྒྱུར། “པདྨ་རིག་འཛིན་ལོ་ན་མཐོ་བས། སློབ་གྲྭས་ཁོ་ལ་ལོ་རིམ་དང་པོའི་གྲངས་རིག་གི་སློབ་ཁྲིད་གཅིག་པུ་ལས་བཀོད་སྒྲིག་བྱས་མེད། དེ་ལྟ་ནའང་། ཁོ་གཏན་ནས་ཁོམ་མེད་དེ། རྒྱུན་པར་དུས་ཚོད་ཡོད་ཚེ་སློབ་ཁྲིད་ལ་གྲ་སྒྲིག་བྱེད་པ་ཡིན། ཁོའི་སྙིང་སྟོབས་འདིར་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས།”

ད་ལྟ། པདྨ་རིག་འཛིན་གྱིས་སྔར་བཞིན་སློབ་ཁྲིད་ལ་གྲ་སྒྲིག་བྱེད་པའི་གོམས་སྲོལ་རྒྱུན་སྐྱོང་བཞིན་ཡོད། མཚན་མོ་རེ་རེར། ཁོས་གཞུང་ལས་ཁང་དུ་སང་ཉིན་གྱི་སློབ་ཁྲིད་ནང་དོན་ལ་གྲ་སྒྲིག་བྱེད་པ་དང་། སྐབས་རེར་ནམ་གུང་བར་དུ་གྲ་སྒྲིག་བྱེད་དུས་ཀྱང་ཡོད། ཁོའི་སློབ་ཁྲིད་གྲ་སྒྲིག་གི་འབྲི་དེབ་མཐུག་པོ་དེའི་ཁ་ཕྱེ་བ་ན། སྟེང་དུ་སློབ་ཁྲིད་ཟིན་བྲིས་ཞིབ་ཅིང་ཕྲ་བར་བཀོད་ཡོད་པར་མ་ཟད་བྲིས་གཟུགས་ཀྱང་ལེགས་པོ་ཞིག་འདུག

སློབ་ཐུན་སྐབས་ཀྱི་སློབ་ཁྲིད་ལས་གཞན། པདྨ་རིག་འཛིན་གྱིས་ད་དུང་སློབ་མའི་བྱང་ཚད་གསོ་སྐྱོང་བྱེད་པར་ཡང་གཙིགས་མཐོང་བྱེད་ཅིང་། ཡང་དག་པའི་སྒོ་ནས་སྨྱུ་གུ་འཛིན་པ་ནས་དྲང་མོར་ཙོག་པ། སློབ་ཁྲིད་སྐབས་ཀྱི་སྒྲིག་ལམ་ནས་ལས་བྱ་གྲལ་དག་འབྲི་བ་སོགས་རེ་རེ་བཞིན་ཁོས་སུན་སྣང་མེད་པར་མཛུབ་སྟོན་བྱེད་པ་དང་བླང་བྱ་ནན་མོ་འདོན་ངེས་ཡིན། “སློབ་སྦྱོང་གི་གོམས་སྲོལ་བཟང་པོས་བྱིས་པ་ཚོར་ཚེ་གང་པོར་ཕན་ཐོགས་ངེས་ཡིན”ཞེས་པདྨ་རིག་འཛིན་གྱིས་དེ་ལྟར་བཤད།

ཉིན་གུང་དུ་སླེབས་ནས་སློབ་ཁྲིད་གྲོལ་བརྡ་བརྒྱབ་སོང་། པདྨ་རིག་འཛིན་སློབ་ཁང་ལས་ཕྱིར་བུད་དེ་ལག་པ་བཀྲུས་རྗེས། སློབ་མ་ཚོར་ཟ་མ་བགོད་མགོ་བརྩམས། ཁོས“ཁ་སྲེག་ན་ཐང་། དལ་མོར་འཐུང”ཞེས་སློབ་མ་རེ་རེར་ཤ་ཚ་བའི་ངང་བཤད་ངེས། སྐབས་དེར། ཁོ་རང་ཇ་མ་བཞིན་ལག་ཏུ་སྡེར་མ་བཟུང་ནས། རླངས་པ་ཐུ་ལུ་ལུ་བྱེད་པའི་ཟ་མ་བྱིས་པ་ཚོའི་མདུན་དུ་སྐྱེལ་བ་རེད། བྱིས་པ་ཚོས་ཟ་མ་ཟ་མགོ་བརྩམས་རྗེས། ད་གཟོད་ཁོ་ཡང་ཙོག་སྟེ་ཟ་མ་ཟ་བ་ཡིན།

མི་ལོ35ཡི་རིང་ལ། ཆུང་གཞོན་པ་ནས་རྒས་པའི་བར་དུ། པདྨ་རིག་འཛིན་གྱིས་སློབ་མ་རབས་དང་རབས་བྱས་ནས་བསྐྱངས་ཤིང་། ཁྲིད་སྟེགས་ཀྱི་སྟེང་དུ་ཁོས་རང་གི་ལག་ལེན་དངོས་ལས“སློབ་གསོ་ནི་ཚེ་སྲོག་གི་རྩ་བ་ཡིན”ཞེས་པའི་སྐད་ཆ་འདིའི་དོན་སྙིང་གསལ་འགྲེལ་བྱས་ཡོད།

སློབ་གྲྭ་གསར་པའི་སྒོ་འགྲམ་དུ། པདྨ་རིག་འཛིན་གྱི་དྲན་པའི་གཞུ་མོ་མི་ལོ35ཡི་དུས་ཡུན་བསྐྱལ་བའི་ལའེ་ཐང་སློབ་གྲྭར་འཁོར། རི་ཁུལ་དུ་ཁྱབ་པའི་ཀློག་འདོན་གྱི་སྐད་སྒྲ་དང་སྒོ་སམ་ངོས་ནས་ཡལ་བའི་ས་སྨྱུག་གི་ཐལ་རྡུལ། ད་དུང་བྱིས་པ་ཚོའི་ཤེས་བྱ་འཚོལ་འདོད་ཀྱི་དྭངས་གཙང་གི་མིག་ཟུང་བཅས་ནི། སྔ་མོ་ནས་ཁོའི་ཚེ་སྲོག་གི་བཞུར་རྒྱུན་རིང་མོའི་ཁྲོད་དུ་བསུབ་ཏུ་མེད་པའི་དྲན་ཤིང་དུ་གྱུར་ཡོད། ཁོས་སློབ་གསོ་ནི་ལས་སླ་བའི་ལས་རིགས་ཤིག་གཏན་ནས་མ་ཡིན་པར་བསམས་ཡོད་དེ། ཁོས་མི་ཚེ་གང་པོར་ཤེས་རིག་གི་འོད་སྣང་ལ་བརྟེན་ནས་གྲོང་གསེབ་ཀྱི་བྱིས་པ་ཚོའི་མ་འོངས་པར་ལམ་སྟོན་བྱས་སོ། །

རྩོམ་སྒྲིག་པ་ལྷ་མོ་ཚེ་རིང་།