ཀོ་ལྷམ་བཟོ་རྩལ་གྱི་དྲན་ཤེས་སྲུང་མཁན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2


དགོང་ཁའི་ཉི་མའི་འོད་ཟེར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སེར་ཐོ་སྡེ་བའི་བོད་ལུགས་གཞིས་ཁྱིམ་ཞིག་ཏུ་འཕྲོས་ཡོད་ལ།  ཁྱིམ་བདག་དབང་རྡོའི་ཕྲག་སྟེང་ཏུ་ཉི་འོད་དྲོད་ལམ་མེར་བྱེད། ཁོས་ལག་ཟུང་གིས་དྲི་མེད་ཁ་བཏགས་དཀར་བོ་ཞིག་གཏེགས་ནས་གསར་འགོད་པར་བསུ་མ་བྱས་བྱུང་།   ང་ཚོ་ཉིས་ཐོག་གི་བཟོ་ཁང་ དུ་སོང་བ་ན་ཀོ་དྲི་དང་བལ་དྲི་འདྲེས་པའི་ཁྱད་པར་ཅན་གྱི་དྲི་མ་ཞིག་སྣ་ལམ་དུ་འཐུལ་ཡོང་། 

ལོ་ཟླ་མང་པོར་ངལ་རྩོལ་བྱས་པར་བརྟེན།  དབང་རྡོའི་ལག་ཟུང་ལ་སེར་ཀ་གས་འདུག་ལ།  རུས་ཚིགས་ལའང་འགྱུར་བ་བྱུང་འདུག  འོན་ཀྱང་ཁོས་ཞིབ་ཅིང་ཕྲ་བའི་འཚེམ་བཟོའི་ལས་ལ་བརྩོན་སྐབས་རི་མགོའི་ཕ་བོང་བཞིན་བརྟན་ཞིང་བརླིང་ལ།  ཁབ་སྐུད་རེ་རེ་ཞིབ་ཅིང་ཚགས་དམ་པ་ཞིག་རེད། ལྷམ་གྱི་ཡུ་བའི་སྟེང་བཀོད་པའི་སྲོལ་རྒྱུན་གྱི་རི་མོ་དང་ཡིག་རྟགས་ཀྱི་ཁབ་སྐུད་རེ་རེའི་ཁྲོད་དུ་ཁོའི་དགའ་སྐྱོ་འདྲེས་མའི་ལོ་ཟླའི་འཁོར་སྐྱོད་ཕབ་ཡོད། 

ལག་ཟུང་དེ་དང་ཐོག་ཁོའི་ཨ་མར་དབང་བ་ཡིན།  ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་དུ།  དེ་རིང་ནང་བཞིན་ཉི་མའི་འོད་ཟེར་གྱིས་ཡོངས་སུ་ཁྱབ་པའི་ཉིན་གུང་ཞིག་ལ།  ཨ་མ་འོད་ཟེར་མཚོ་རྐང་རྗེན་དུ་ལུག་པགས་ཤིག་གི་སྟེང་དུ་བརྟན་བརླིང་ངང་ཙོག་པུར་བསྡད་ཡོད་པའི་སྣང་བརྙན་དེ་དབང་རྡོའི་དྲན་པའི་ལྡེབ་རིས་ངོས་སུ་གསལ་ལེར་མངོན།   སྐབས་དེར།  ལོ་ན་ཆུང་བའི་ཁོ་རང་ཆེས་སྤྲོ་བ་ཡོད་པ་ནི་ན་མཉམ་ཚོ་དང་ལྷན་དུ་རྟ་མཆོག་གི་བང་རྩལ་འགྲན་རྒྱུ་དེ་མ་ཡིན་པར།  ཨ་མས་ལྷམ་བཟོ་སྐབས་ཀྱི་དབྱངས་འགྲོས་ཅན་གྱི་རྡུང་སྒྲ་དང་ཀོ་བའི་སྒྲ་དེ་ཡིན།  ཁོའི་ཨ་མ་ནི་སྨྲ་བ་ཉུང་བའི་བུད་མེད་ཅིག་ཡིན་ལ།  ལག་ཤེས་ནི་མོའི་བརྡ་སྤྲོད་ཀྱི་སྨྲ་བརྗོད་ཡིན།  མོས་ཚ་བར་བྱས་པའི་རུས་རྐང་གིས་ཀོ་བ་བརྡར་ཏེ་འོད་ལམ་མེར་གཏོང་ངེས།

ཨ་མས་ཁོའི་ལག་པ་ལྷམ་གྱི་ཕྱི་རྟིང་ལ་རེག་ཏུ་བཅུག་ནས།  བུ་ཆུང་།  ཁྱོད་ཀྱིས་ལྟོས།  ཕྱི་རྟིང་དུ་ཀོ་བ་འདི་འདྲའི་མང་བོ་ཞིག་བརྩེགས་ཡོད་ལ།  ཀོ་བའི་བརྩེགས་རིམ་རེ་རེས་ང་ཚོའི་ལྷག་བསམ་མཚོན་ཡོད།  ཀོ་ལྷམ་འདི་གོན་མཁན་གྱིས་རི་ཆུ་མང་བོ་བརྒལ་སྲིད་པས།  ང་ཚོའི་ལྷག་བསམ་ཀྱང་དེ་དང་འགྲོགས་ནས་རི་བོའི་རྩེ་ལ་ཐོན་ཡོད་ཟེར།  སྐབས་དེར།  དབང་རྡོས་ཀྱང་འདི་ནི་ལྷམ་ཆ་གཅིག་བཟོ་བ་ཙམ་མ་ཡིན་པར།  འདི་ནི་ས་གཞི་ལ་ཕུལ་བའི་ལྷད་མེད་ཀྱི་ལྷག་བསམ་ཞིག་ཡིན་པ་ཤེས་བྱུང་།

བོད་ཀྱི་ཀོ་ལྷམ་བཟོའི་ལག་རྩལ་འདིའི་འབྱུང་ཁུངས་ཀྱི་སྐོར་ནས།  དབང་རྡོའི་དྲན་པའི་ངོགས་སུ་ཧ་ཅང་རབ་རིབ་དང་བརྩེ་སེམས་ཀྱིས་ཁེངས་པ་ཞིག་ཡིན།  ཁོའི་སྤོ་བོ་ནི་རྩྭ་ཐང་འདིའི་མི་རྣམས་ཀྱིས“ལག་བདེ”ཞེས་འབོད་པའི་གཡང་འབུམ་ཞེས་པའི་རྒན་པོ་དེ་ཡིན།  སྤོ་བའི་དུས་སྐབས་སུ།  ལྷ་རྒྱལ་བོད་ལྷམ་ནི་མཐོ་སྒང་འདིར་འཚོ་བའི་མི་རྣམས་ལ་ངེས་པར་མཁོ་བའི་དངོས་པོ་ཞིག་ཡིན་ལ།  དེ་བས་ཀྱང་མིའི་ཐོབ་ཐང་དང་གཟི་བརྗིད་ཀྱི་མཚོན་རྟགས་ཤིག་ཡིན།  ལས་བཟོ་ཚགས་དམ་པའི་བོད་ལྷམ་ཆ་གཅིག་ནི།  བག་མའི་རྫོངས་བ་རྩ་ཆེན་ཞིག་ཡིན་པ་དང་།  རྟ་རྒྱུགས་འགྲན་ཚོགས་སྟེང་གི་རྐྱལ་རྩལ་པའི་དཔའ་ཉམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།  སྤོ་བོའི་མཛུབ་མོ་རེ་རེ་ལ་ཨ་མྱེས་རྨ་ཆེན་གྱིས་བྱིན་རླབས་གནང་ཡོད་པ་དང་འདྲ་ལ།  ཁོས་འདབ་བརྒྱད་ཀྱི་མེ་ཏོག་པདྨ་ཞིག་ཞོགས་པའི་ཟིལ་བའི་ཁྲོད་ལྷུག་པོར་བཞད་ཡོད་པ་ལྟ་བུའི་གསོན་ཉམས་སྟེར་ཐུབ་ལ།  གནའ་བོའི་དཔེ་རིས་དང་ཉི་ཟླ།  མེ་ལྕེའི་རི་མོ་སོགས་ལའང་ཁོའི་ཁབ་སྐུད་ཀྱི་རོལ་རྩལ་ལས་ཚེ་སྲོག་གི་གསོན་ཤུགས་རྙེད་ཐུབ།

ལོ་ཟླའི་འཁོར་སྐྱོད་ལས་དུས་རབས་དེར་རྫོགས་ཚིག་བཀོད།  དབང་རྡོས་བཟོ་རྩལ་འདི་རྒྱུད་འཛིན་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་།  འཇིག་རྟེན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་།  ཁྱིམ་ཚང་རེ་རེའི་སྒོ་ཁར་རྡོ་སྣུམ་གྱི་ལམ་འཐེན་ཡོད་ལ།  འཕྲུལ་རྟ་དང་རླངས་འཁོར་གྱིས་རྡོག་ལམ་གཅོད་བྱེད་ཀྱི་རྟའི་ཚབ་བྱས་ཤིང་།  ཚོང་ཁང་དུ་རྣམ་པ་མི་འདྲ་ཞིང་རིན་གོང་བདེ་བའི་དེང་རབས་ཀྱི་ལྷམ་མང་བོ་ཐོན་འདུག  ཁོའི་སར་ཡོང་ནས་སྲོལ་རྒྱུན་བོད་ལྷམ་མངག་ཉོ་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་སོང་བས།  ཁོས་ཀྱང་གྱང་ངོས་སུ་བཀལ་བའི་ཡོ་བྱེད་དག་ལ་ལྟ་བཞིན་རང་ཉིད་ལ་མུ་མཐུད་དུ་ལམ་འདི་རྒྱུན་འཁྱོངས་བྱེད་མིན་སྐོར་ནས་དྲི་བ་འདྲི་དགོས་བྱུང་།

གོ་སྐབས་ནི་མཐོ་སྒང་གི་སྤྲིན་པ་ཇི་བཞིན་ཐོལ་བྱུང་དུ་འོང་བ་ཞིག་ཡིན།  2008ལོར།  རྨ་ཆེན་རྫོང་རིག་གནས་ཁང་གི་ལས་བཟོ་བས་ཁོ་བཙལ་ཏེ།  གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་རེ་ཞུ་བྱས།  དེའི་རྗེས་སུ།  ཡང་ཆ་རྒྱུས་མེད་པའི་གཞོན་ནུ་སྐོར་ཞིག་གིས་པར་ཆས་བཟུང་སྟེ་ངོ་མཚར་བའི་རྣམ་འགྱུར་གྱིས་ཁོ་ཚང་ལ་ཐོན།   དེ་ཚོས་ལྷམ་འདིའི་རྒྱུ་སྤུས་དང་རིན་གོང་མི་འདྲི་བར།  ཧ་ལས་པའི་རྣམ་འགྱུར་གྱིས“རི་མོ་འདི་དག་ལ་གཏམ་རྒྱུད་ཅི་འདྲ་ཞིག་ཡོད”“བཟོ་རྩལ་འདིར་ལོ་ངོ་ག་ཚོད་ཀྱི་ལོ་རྒྱུས་ཡོད”ཅེས་པ་སོགས་དྲིས་བྱུང་། 

དབང་རྡོ་ལ་ཆེས་ཡིད་འགུལ་ཐེབས་སུ་འཇུག་མཁན་ནི་ཁོའི་བུ་ཚེ་རིང་བསམ་འགྲུབ་རེད།  མཚོ་སྔོན་དགེ་ཐོན་སློབ་ཆེན་ཡུལ་སྐོར་དོ་དམ་ཆེད་ལས་ནས་མཐར་ཕྱིན་ཞིང་ནམ་རྒྱུན་བོད་ལྷམ་ལ་དགའ་བའི་གཞོན་ནུ་འདིས། བྱ་བའི་ཁོམ་གསེང་གི་བར་ནས་རང་འགུལ་གྱིས་ཨ་ཕའི་གམ་དུ་བསྡད་ནས་པགས་པ་ཞིག་ལག་ལ་བླངས་ཏེ་བཟོ་རྩལ་ལ་སློབ་སྦྱོང་བྱེད།  སྐད་ཆ་ཅི་ཡང་མི་བཤད་པར་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་བྱེད་པའི་རྣམ་པ་དེ་ནི་དབང་རྡོའི་ཨ་མ་དང་ཨ་ན་མ་ན་རེད།  ཚུལ་དེ་མཐོང་བས་དབང་རྡོ་ལ་རང་དབང་མེད་པར་ཡིད་འགུལ་ཐེབས། 

ད་སྐབས།  དབང་རྡོའི་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭ་རུ་བོད་ལྷམ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་དགེ་རྒན་གྱི་འགན་ཁུར་ཡོད་ལ།  ཁོས་སློབ་མ་ཚོར་ལྷམ་དབྱིབས་ཀྱི་རྩེད་ཆས་ཆུང་བའི་རིགས་འཚེམ་བཟོ་བྱེད་སྟངས་ཁྲིད་ཀྱིན་ཡོད།  ཁོས་བཤད་རྒྱུར།  ང་ཚོས་ལག་ཤེས་འདི་དག་ལོ་ཆུང་བྱིས་པ་ཚོར་རྒྱུས་ལོན་བྱེད་དུ་བཅུག་སྟེ།  ཁོ་ཚོར་ཡང་མི་རིགས་འདིའི་འདས་སོང་ཤེས་སུ་འཇུག་དགོས་ཟེར།

ང་ཚོ་དབང་རྡོ་དང་མཉམ་དུ་རྭ་རྒྱ་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭར་སོང་བ་ཡིན།  བྱིས་པ་ཚོས་བཟོས་པའི་ལྷམ་དབྱིབས་ཀྱི་རྩེད་ཆས་དག་གྲལ་དག་པའི་ངང་ཅོག་ཙེའི་སྟེང་སྒྲིག་ཡོད་པ་མཐོང་བྱུང་།  དེ་དག་ལས་ཡབ་མེས་རྣམས་ཀྱི་བློ་གྲོས་མངོན་ཡོད་ལ།  འོད་སྟོང་འབར་བའི་ལོ་རྒྱུས་ཀྱང་མཐོང་ཐུབ།  འོན་ཀྱང་དེ་རྒྱུན་སྲིང་བྱེད་ཐུབ་མིན་ནི་དུས་རབས་འདིའི་དྲི་བ་ཞིག་ཏུ་གྱུར་ཡོད།

འདི་ནི་གྲང་ངར་འགོག་བྱེད་ཀྱི་ཀོ་ལྷམ་ཙམ་མིན་པར།  མི་རིགས་ཤིག་གི་རྐང་འོག་གི་དྲན་ཤེས་ཡིན་ལ།  མི་རབས་བཞི་ཡི་ཚེ་སྲོག་གིས་ཁབ་སྐུད་ལ་བརྒྱུས་ཏེ་འབྱུང་འགྱུར་ལ་ཕུལ་བའི་ལག་སྐྱེས་ཀྱང་ཡིན།

 ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།