

ཡེ་ཧྲིན་ལེན(གཡོན)གྱིས་ཡེ་ཆི་ལེན(གཡས)ལ་འཚེམ་དྲུབས་བརྩམས་ཆོས་སྐོར་ནས་གྲོས་ཁ་བསྡུར་བཞིན་པ།

ཡེ་ཆི་ལེན་གྱིས་རང་ཁྱིམ་དུ་འཚེམ་དྲུབས་ལས་བཞིན་པ།

ལག་ཤེས་བསླས་འཐག་རུ་ཁག་གི་བཟོ་ཁང་དུ་ལག་ཤེས་པ་ཚོ་མཉམ་དུ་འཛོམས་ནས་ལས་ཀ་ལས་ཞོར་ཁ་བརྡ་བྱེད་ཞོར་བྱེད་ཀྱིན་པའི་ཚུལ།
སྲོད་ཀྱི་སྨག་རུམ་ངང་གིས་ཇེ་མཐུག་ཏུ་ཕྱིན་པ་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཆིན་ཀྲིན་སྲང་ལམ་ཧྥུང་ཧོང་ཡོན་སྡེ་ཁུལ་གྱི་ཧོས་མོ་དབྱི་ལན་གྱི་ལག་ཤེས་བསླས་འཐག་རུ་ཁག་གི་བཟོ་ཁང་དུ་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་གིས་ཁྱབ་འདུག གཙགས་མཁན་སྐྱེས་མ་ཚོ་མཉམ་གཅིག་ཏུ་བསྡད་ནས་ལག་པ་མང་པོའི་འགུལ་སྐྱོད་ཀྱི་བར་ན་དར་སྐུད་སྣ་ཚོགས་ཞིབ་མོར་བརྒྱུས་པ་ཁ་དོག་སྣ་ལྔའི་འཇའ་རིས་ཕུབ་པ་དང་འདྲ། ཁོ་མོ་ཚོའི་ལྟག་རྒྱབ་ཀྱི་འགྲེམས་སྟོན་སྒམ་ཆུང་སྟེང་དུ་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཐོན་རྫས་མང་དག་ཅིག་ཕྱུར་བུར་གཏམས་འདུག་སྟེ། དེ་དག་ནི་བོད་ལུགས་གཙགས་དྲུབས་བཟོ་རྩལ་ལས་ཐོན་པའི་སྐྲ་ཤུབས་དང་སྡེར་འཚེམ་བཟོ་རྩལ་ལས་ཐོན་པའི་མེ་ཏོག་པདྨ། འཚེམ་དྲུབས་ལག་ཤེས་ལས་ཐོན་པའི་གསའ། ཀོ་དྲུབས་ལག་ཤེས་ལས་ཐོན་པའི་རྟ་སྒ་སོགས་ཡོད།
ཁ་པར་བརྙན་མིག་གི་མདུན་དུ། བསླས་འཐག་རུ་ཁག་གི་འགན་ཁུར་བ་ཡེ་ཧྲིན་ལེན་གྱིས་སྤྲོ་སེམས་འཁོལ་བའི་ངང་དྲ་གྲོགས་ཚོར་ངོ་སྤྲོད་བྱས་ནས་བཤད་རྒྱུར། ཁྱོད་ཚོ་བདེ་མོ། འདི་ནི་ང་ཚོའི་བསླས་འཐག་རུ་ཁག་གི་ཡེ་ཆི་ལན་རེད། འཚེམ་དྲུབས་མཁན་དཔེ་མེད་ཅིག་ཡིན་ནི་རེད་ཟེར། བརྙན་མིག་ཕར་བསྐོར་མ་ཐག ཡེ་ཆི་ལེན་གྱིས་མགོ་བོ་བཀྱགས་ཏེ་འཛུམ་དམུལ་དམུལ་གྱི་སྒོ་ནས་མགོ་བོ་གཡུག་ཙམ་བྱས།
དེ་ནི་མེ་ལྕེ་ཡིས་རྟགས་ཐམ་བཀོད་མྱོང་བའི་ངོ་གདོང་ཞིག་ཡིན་ལ། གཏིང་ཟབ་ཚད་མི་འདྲ་བའི་རྨ་ཤུལ་རེ་རེས་བྱིས་དུས་ཀྱི་དོན་རྐྱེན་ངན་པ་དེ་ཟིན་ཐོར་བཀོད་ཡོད། འོན་ཀྱང་མོས་ཚུར་བརྙན་མིག་ལ་ལྟ་སྐབས། མིག་ནང་གི་འོད་མདངས་ཀྱིས་རྨ་ཤུལ་ཡོད་ཚད་སྐད་ཅིག་དེ་ཉིད་ལ་བཀབ་བྱུང་ལ། དེ་ནི་གངས་ཆུ་ཐོག་མར་ཞུ་སྐབས་བཞུར་ཡོང་བའི་ཆུ་ཕྲན་དང་འདྲ་བར་དྭངས་ཤིང་གསལ་ལ་ཀུ་ཅོ་མེད་པར་བབ་བརླིང་གི་རང་བཞིན་ཅན་ཞིག་རེད།
སྐད་ཅིག་མ་དེའི་ཡུན་ལ། ཐད་གཏོང་ཁང་གི་དོ་ཁུར་མི་གྲངས་མགྱོགས་མྱུར་ངང་ཡར་འཕར་མགོ་བརྩམས།
“ཡག་པོ་འདུག”དང“ཤུགས་རྒྱོབས”སོགས་ཡི་གེ་ཡི་ལམ་ནས་བྲིས་པའི་དྲོ་སྐྱིད་ལྡན་པའི་སྐད་ཆ་ཇི་སྙེད་ཀྱིས་བརྙན་མིག་བཀང་བྱུང་། ཡེ་ཆི་ལན་གྱི་གདོང་ལ་ཚོར་དཀའ་བའི་འཛུམ་མདངས་ཤིག་འཕྱུར་ནས་བསྟུད་མུར་བཀའ་དྲིན་ཆེ་ཞེས་བཤད་བྱུང་།
ཡེ་ཧྲིན་ལེན་གྱིས་ཡེ་ཆི་ལེན་གྱི་རྒྱབ་ལ་ཡང་མོར་རྡེབ་བཞིན། སྐད་ཀྱི་ནང་དུ་ཡིད་ཆེས་ཀྱིས་ཁེངས་ཏེ། མ་འཚབ་བ་དལ་མོར་བཤད་རོགས། ཁྱོད་ཀྱི་གཏམ་རྒྱུད་མི་ཚང་མར་བཤད་རོགས་ཟེར། ཡེ་ཆི་ལན་གྱིས་དབུགས་རིང་ལེན་ཞིག་བྱས་རྗེས། དཀའ་སྡུག་གི་ལོ་ཟླའི་ཁྲོད་སྦྱོང་བརྡར་ཐོབ་ཅིང་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོའི་བྱམས་བརྩེའི་ཀློང་ནས་ཡང་བསྐྱར་མི་ཚེ་ཡི་བདེན་པ་རྙེད་པའི་གཏམ་རྒྱུད་ཅིག་རིམ་བཞིན་བཤད་མགོ་བརྩམས་བྱུང་།
ད་ལོ་ལོ49ལ་བུད་པའི་ཡེ་ཆི་ལན་ནི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཏ་པའོ་ཙི་གྲོང་རྡལ་པཱ་ལང་གྲོང་ཚོ་རུ་འཚོ་བ་རོལ་བཞིན་ཡོད། མོ་ལོ་ལྔ་ལ་བུད་པའི་སྐབས་སུ། ཡ་ང་སྙིང་རྗེ་བྲལ་བའི་མེ་ཆེན་དེས་ཁྱུང་མིད་དུ་བཏང་བ་ནི་མོའི་ངོ་གདོང་དང་ལག་པ་གཉིས་ཁོ་ན་མིན་པར། ད་དུང་མོའི་སེམས་ཁྲལ་ཅི་ཡང་མེད་པའི་བྱིས་དུས་ཀྱི་ལོ་ཟླ་སྐྱིད་པོ་དང་འཇིག་རྟེན་ཁམས་ལ་གདོང་གཏོད་པའི་བློ་སྟོབས་ཀྱང་རྨེག་མེད་དུ་བཅོམས། དོན་རྐྱེན་བྱུང་རྗེས། འཇིག་རྟེན་ཁམས་ཀྱི་མི་གཞན་པའི་མིག་མདངས་ནི་རྡོ་བ་དང་འདྲ་བར་ཧ་ཅང་གྲང་མོ་ཡིན་པའི་དབང་གིས། ཁོ་མོ་རང་གི་སྒོ་ཁྱིམ་ལས་ཕྱིར་འབུད་མ་ཕོད། གཉེན་སྒྲིག་བྱས་རྗེས། ཁྱིམ་ཚང་གི་ཁུར་པོ་ཚང་མ་ཁྱོ་གའི་ཕྲག་སྟེང་དུ་ངང་གིས་བབས་པའི་དབང་གིས། ཁྱིམ་ཚང་གི་འཚོ་བའི་གནོན་ཤུགས་སོགས་ལ་དམིགས་ཏེ། མོའི་རུས་རྐང་གི་གཏིང་ན་སྨིན་པའི་མི་གཞན་ལ་བརྟེན་མི་འདོད་པའི་ཨུ་ཚུགས་དེས་སྐུལ་ངོར། ཁོ་མོས་ཡང་བསྐྱར་ལས་ཀ་ཞིག་འཚོལ་འདོད་སྐྱེས་ཏེ་ལས་ཀ་གང་མང་བཙལ་ནའང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་བའི་ཟེར་བའི་དཔེ་ལྟར་འབད་བརྩོན་བྱས་པ་ཐམས་ཅད་ངལ་བ་འབྲས་མེད་དུ་གྱུར།
2008ལོའི་སྟོན་ཁ་ནི་མོར་མཚོན་ནས་བཤད་ན་ལས་དབང་གི་དཀྱོགས་མཚམས་ཤིག་རེད། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་འཚེམ་དྲུབས་གསོ་སྦྱོང་འཛིན་གྲྭའི་ནང་། ལག་པར་རྨས་སྐྱོན་ཐེབས་ཡོད་པའི་སློབ་མ་གཅིག་པུ་སྟེ། ཡེ་ཆི་ལན་གྱིས་ཁོ་མོའི་མཐའ་འཁོར་གྱི་སོམ་ཉི་ཆེ་ལ་ཧང་སངས་པའི་མིག་མདངས་མང་པོའི་ཁྲོད། རང་གི་ལག་པ་རྨས་པ་ཕར་བརྐྱངས་ཏེ་འདར་སིག་སིག་ངང་ཁེ་གྲི་ཡར་བཟུང་བྱུང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་ཧོང་ཀྲུང་གི་འཚེམ་དྲུབས་རྒྱུད་འཛིན་པ་ཞུས་ཆོན་ཞི་ཡི་བློ་ཡུལ་ལས་འདས་པ་ཞིག་ལ། གསོ་སྦྱོང་འཛིན་གྲྭར་ཞུགས་པའི་ཆེས་དམིགས་བསལ་ཅན་གྱི་སློབ་མ་དེ་དུས་ཡུན་ཟླ་ངོ་གསུམ་གྱི་རྗེས་སུ་འཛིན་གྲྭའི་ནང་གི་ཤེས་སླ་ཞིང་ཆེས་བློ་རྩེ་གཅིག་སྒྲིམ་གྱི་སློབ་མ་ཞིག་ཏུ་གྱུར་ཡོད་པ་དེ་རེད།
ངས་འཚེམ་དྲུབས་ཀྱི་ལག་ཤེས་འདི་ལ་བརྟེན་ནས་མུ་མཐུད་དུ་འཚོ་བ་རོལ་ཐུབ་བམ། འཚེམ་དྲུབས་ནི་འོད་ཟེར་ཕྲ་མོ་ཞིག་དང་འདྲ་བར་ཁོ་མོའི་མུན་ནག་གི་འཇིག་རྟེན་དེའི་བང་རིམ་བརྟོལ་ནས་དཀར་འོད་དྲངས་བྱུང་། ཁོ་མོས་གསོ་སྦྱོང་མ་བྱས་སྔོན་གྱི་བསམ་ཚུལ་ཚང་མར་འགྱུར་བ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ཞུས་ཆོན་ཞི་དགེ་རྒན་དུ་བསྟེན་ནས། དཀའ་ཚེགས་ཆེ་བའི་སློབ་སྦྱོང་གི་བགྲོད་ལམ་སྟེང་ངང་གིས་ཞུགས།
པ་ལང་སྡེ་བ་ནས་དགེ་རྒན་གྱི་ཁྱིམ་དུ་འགྲོ་ན། སྤྱི་སྤྱོད་རླངས་འཁོར་ཐེངས་ལྔ་ལ་བརྗེ་དགོས་ཤིང་། ལམ་རྐྱང་བ་དེད་ན་དུས་ཚོད་བཞི་ལྔ་ཞིག་འགོར།
ཡེ་ཆི་ལེན་སྐྲག་པ་ནི་ལམ་བར་གྱི་གཡོ་འགུལ་མིན་ལ། རླངས་འཁོར་ནང་གི་མཚར་སྣང་གིས་ཁེངས་ཤིང་ཕར་གཡོལ་ཚུར་གཡོལ་གྱིས་བལྟ་བའི་མིག་ཟུང་དེ་དག་རེད།
ཐེངས་ཤིག་ལ། བུད་མེད་ཞིག་རླངས་འཁོར་ལ་བསྡད་རྗེས་ཡེ་ཆི་ལེན་གྱི་གམ་དུ་སྡོད་པར་བསམ་ཀྱང་། ཁོ་མོའི་ངོ་གདོང་མཐོང་རྗེས། དངངས་འཚབ་དང་བཅས་གཞུག་གྲལ་དུ་བུད་སོང་། སྐབས་དེར། ནོར་འཁྲུལ་ཅི་ཡང་བཟོས་མེད་པའི་ཡེ་ཆི་ལེན་གྱིས་མགོ་བོ་སྨད་ནས་འདུག་པ་ལས་ཅི་ཡང་བྱ་མ་ཐུབ། རང་སྨད་ནི་གཏོར་དཀའ་བའི་ཤུན་ལྐོགས་ཤིག་དང་མཚུངས་པར་ཁོ་མོ་ཡོངས་སུ་བཏིམས།
ཡིན་ཡང་། རང་སྤེལ་གྱི་རེ་བས་འཇིགས་སྣང་ལས་གྲོལ་བར་བྱས། གྲག་འགུལ་མེད་པའི་ཁྲོད་ཁོ་མོ་ལག་རྩལ་ལ་བྱང་ཆ་ལྡན་པར་གྱུར། དགེ་རྒན་ཞུའུ་ཆོན་ཞི་ཡིས《དགྲ་བཅོམ་པ་བཅོ་བརྒྱད་ཀྱི་རི་མོ》འི་མངག་ཉོ་ཁོ་མོར་སྤྲད་པར་མ་ཟད། སྒོར་ལྔ་བརྒྱའི་ཕོགས་དངུལ་སྤྲད་པའི་དུས་དེར། ཡེ་ཆི་ལེན་གྱི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་ལ། ཁོ་མོས་ཐོག་དང་པོར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བཙལ་བའི་སྒོར་མོས་བརྩེ་བའི་ཡུམ་ཆེན་ལ་ལྭ་བ་ཞིག་ཉོས་ཤིང་། ལག་རྩལ་བསླབ་དུ་འགྲོ་བའི་ལམ་གླ་ཡང་སྤྲད་པར་མ་ཟད། ཆེས་གལ་ཆེ་བ་ཞིག་ནི་ཁོ་མོས་རང་ཉིད་ལ་བརྟེན་ནས་རང་ལ་ལ་རྒྱ་བསྩལ་བ་དེ་རེད།
འདི་ནི་འཆིང་རྒྱ་ལས་གྲོལ་བའི་གས་ཁ་དང་པོ་དེ་རེད། 2014ལོའི་རྩལ་ནུས་འགྲན་སྡུར་ཞིག་ལ་ཞུགས་རྗེས། དཔྱད་འདེམ་དགེ་རྒན་ཏུང་གིས་ཧོང་ཀྲུང་ས་ཁུལ་གྱི་གཟབ་བྲིས་རི་མོའི་དགེ་རྒན་ཧན་ཧྥུའུ་ལན་ཁོ་མོར་མཚམས་སྦྱོར་བྱས་པས། ཡེ་ཆི་ལེན་གྱི་བསླབ་པའི་ལེའུ་ཡང་བསྐྱར་བསྲིངས་ཐུབ་པར་གྱུར།
དུས་ཀྱི་འཁོར་ལོ་དེ2018ལོའི་དཔྱིད་ཀར་སླེབས་པ་ན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ལས་གཏོད་ཀྱི་གསོ་སྦྱོང་རྩ་འཛུགས་བྱས། ཡེ་ཆི་ལེན་སྔར་ལྟར་སློབ་ཁང་གི་འདུག་གྲལ་རྗེས་མར་བསྡད་ཡོད། ཁྲིད་སྟེགས་སྟེང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཤུལ་བཞག་ལས་གཞིའི་རྨ་ཙོང་གཙགས་དྲུབ་ཀྱི་ཚབ་མཚོན་རྒྱུན་འཛིན་པ། ཧོས་རིགས་གཙག་མཁན་མ་ཡེ་ཧྲིན་ལེན་གྱི་ལྷུག་ལྷུག་བརྗོད་པའི་སློབ་ཁྲིད་ལ་ཉན་དུས། ཡེ་ཆི་ལེན་གྱི་སེམས་ནས་སྨོན་པ་ཤོར་རུང་། རང་ཉིད་ཆེས་སྐྲག་ས་དེ་ནི་མི་ཆ་མེད་ཀྱི་མིག་མདངས་རེད།
ཡེ་ཧྲིན་ལེན་རང་འགུལ་གྱིས་ཁོ་མོའི་གམ་དུ་བཅར་དེ། ཁྱེད་ཀྱིས་གཙག་ཐབས་གང་ཞིག་བསླབ་པ་ཡིན་ཞེས་དྲིས་པའི་སྐད་ཆ་དེ་ནི་བསིལ་རླུང་དྲོན་མོ་ཞིག་ལྡིང་བ་དང་ཀུན་ནས་མཚུངས་ལ། ཁོ་མོའི་མིག་མདངས་ཡེ་ཆི་ལེན་གྱི་ལག་ཟུང་སྟེང་འཁོར་དུས་སེམས་ལ་ན་ཟུག་ཅིག་སྐྱེས་ཡོད་སྲིད།
ལག་རྩལ་ཇི་འདྲའི་བཟང་བ་ལ། ང་ཚོའི་གླས་འཐག་རུ་ཁག་ཏུ་ཞུགས་དང་མཉམ་དུ་མ་འོངས་པ་འཚོལ་སྙེག་བྱེད། ཡེ་ཧྲིན་ལེན་གྱིས་བཙུགས་པའི་ཧོས་མོ་དབྱི་ལེན་གྱི་ལག་རྩལ་གླས་འཐག་རུ་ཁག་ནི2012ལོར་བཙུགས་པ་དང་། ལོ་འགའི་འཕེལ་རྒྱས་ཀྱི་རིམ་པ་བརྒྱུད་རྗེས། ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཁར་ཤར་གྱི་ཐུན་མོང་ཕྱུག་འགྱུར་བཟོ་ཁང་ཞེས་པའི་ལས་གཞིའི་ཁྲོད་ཀྱི་སེམས་མཐུན་ཕྱུག་འགྱུར་བཟོ་ཁང་དུ་གྱུར། རིགས་སོ་སོའི་བུད་མེད་མང་ཚོགས་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱས་པ་བརྒྱུད། ཁོ་མོ་ཚོའི་སོར་རྩེའི་ལག་རྩལ་དེ་སོར་རྩེའི་དཔལ་འབྱོར་དུ་བསྒྱུར་རོགས་བྱས།
གདན་ཞུའི་སྐད་ཆ་ཚིག་གཅིག་གིས་ཡེ་ཆི་ལེན་ལ་རང་ཁྱིམ་དྲོན་མོའི་སྒོ་ཆེན་དེ་ཕྱེས་ཤིང་། རྒྱ་རིགས་དང་ཧོས་རིགས། བོད་རིགས། ཧོར་རིགས། ཟ་ལར་རིགས་སོགས་མི་རིགས་མང་པོའི་གཅེན་གཅུང་གིས་གྲུབ་པའི་ཁྱིམ་གཞི་ཆེན་མོ་དེའི་ཁྲོད་ཞུགས་པའི་གོ་སྐབས་བསྩལ། མི་རིགས་མི་འདྲ་བ་དང་གཙག་ཐབས་སྣ་ཚོགས་པ་ཡོད་ཀྱང་། ཚང་མ་མཉམ་གཅིག་ཏུ་འཛོམས་དུས་གླེང་མི་ཚར་བའི་ཁ་བརྡ་བཤད་རྒྱུ་ཡོད། ལག་རྩལ་འཁྲིད་རེས་དང་ཁ་དོག་འདེམ་རོགས་བྱེད་པ། ཐ་ན་གུང་ཟས་ཀྱང་མཉམ་གཅིག་ཏུ་ཟ་བ་སྟེ། ཧོས་རིགས་ཀྱི་འཐེན་ཐུག ཟ་ལར་རིགས་ཀྱི་ག་ར་གོ་རེ་སོགས་ཟ་སྣ་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཞིམ་པོའི་ཟས་ལ་རོལ།
དེང་ཐོག ཁེར་འགྲོ་ཁེར་འདུག་ཏུ་ལོབས་པའི་ཡེ་ཆི་ལེན་འཛེམ་དོགས་ཀྱིས་ཁེངས་ཡོད། ཐེངས་རེའི་བྱ་འགུལ་སྐབས་སུ། ཁོ་མོ་རྗེས་དེད་ཡོད་ཀྱང་ནམ་རྒྱུན་ཆེས་གཞུག་ན་བསྡད་ཡོད། ཚང་མས་མཉམ་དུ་རྒྱུན་ལྡན་གྱི་གླེང་མོལ་བྱེད་དུས་ཀྱང་། ཁོ་མོས་ཉན་ནས་འདུག་པ་ལས་རང་འགུལ་གྱི་ཁ་བརྡ་མི་བཤད། ཡེ་ཧྲིན་ལེན་གྱིས་འདི་ཡོད་ཚད་སེམས་ལ་བཟུང་ནས། མི་ཡོད་པ་དེ་གཙོ་བོ་ཞིག་མིན་ལ། མི་དེའི་སེམས་ཀྱི་སྒོ་མོ་འབྱེད་རྒྱུ་ནི་གནད་འགག་ཡིན་པ་རྟོགས་པས། མོས་སེམས་ཞིབ་མོས་ཡེ་ཆི་ལེན་གྱི་སེམས་ཀྱི་སྒོ་མོ་འབྱེད་པའི་ཐད་ལ་བསམ་བློ་གཏོང་བཞིན་མཆིས།
ཉིན་ཞིག་བྱ་འགུལ་མཇུག་བསྒྲིལ་རྗེས། ཡེ་ཧྲིན་ལེན་གྱིས་ཡེ་ཆི་ལེན་ཁྲིད་ནས་ལས་སྒྲུབ་ཁང་གི་འབོལ་ཁྲིའི་སྟེང་བསྡད་དེ། རང་ཉིད་ཀྱི་གཏམ་རྒྱུད་བཤད། 2000ལོར་ལས་གནས་ལས་ཕྱིར་ཕུད། 2003ལོའི་ལས་གཏོད་བྱས་ཏེ་འཇམ་འདྲེད་སྣུམ་བཙོང་། 2008ལོར་བསླས་འཐག་རུ་ཁག་བཙུགས་ནས་ཁྱིམ་དུ་སྡོད་པའི་བུད་མེད་དང་། ལས་གནས་ལས་ཕྱིར་ཕུད་པ་དང་ལས་བཟོ་བ། དབང་བོ་སྐྱོན་ཅན་སོགས་ལ་རིན་མེད་ངང་གསོ་སྦྱོང་བྱས།
ཡེ་ཧྲིན་ལེན་གྱི་གཏམ་རྒྱུད་ལ་ཉན་ཞོར་ཡེ་ཆི་ལེན་ལ་གློ་བུར་དུ་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་སོང་བའི་ཚོར་སྣང་ཞིག་སྐྱེས་བྱུང་། ཁོ་མོ་གཉིས་ཀ་ཕལ་བའི་ཁྱིམ་ཚང་དུ་སྐྱེས་ཤིང་ལས་དབང་ལ་མགོ་སྒུར་མི་འདོད་པའི་སེམས་པ་གཉིས་ཕན་ཚུན་མཉམ་དུ་འདྲེས། རུ་ཁག་གི་དྲོད་ཁོལ་དར་སྐུད་མང་པོ་ལས་གྲུབ་པའི་ཐག་པ་ཞིག་དང་འདྲ་པར་ཁོ་མོ་དཀའ་སྡུག་ལས་གྲོལ་བར་བྱས། ལིས་ཡེ་ཀཱ་ཡིས་ཁོ་མོར་སྡེར་འཚེམ་ངོ་སྤྲོད་བྱས་ཤིང་། མཱ་ཡུས་ཧྭ་ཡིས་ཁ་མོར་བོད་ལུགས་གཙགས་དྲུབ་བཟོ་རྩལ་སློབ་ཁྲིད་བྱས། དེ་ལྟར་དུས་ཡུན་རིང་བོ་འགོར་རྗེས། ཡེ་ལེན་ཧྲིན་གྱི་རྨ་ཙོང་གཙགས་དྲུབ་དང་ལིའུ་ཞུའི་ཀྲི་ཡི་ལུག་བལ་གཙགས་དྲུབ། ཡན་ཧུང་གི་མི་རིགས་དར་སྐུད་གྱོན་ཆས་སོགས་གང་ཡིན་ཡང་ཡེ་ཆི་ལེན་གྱིས་ངོ་སྤྲོད་རགས་ཙམ་བྱེད་ཐུབ། ཐ་ན་ཡེ་ཧྲིན་ལེན་གྱིས་རོགས་སྐྱོར་བྱེད་མཁན་གྱི་མི་སྣ་ཁྲིད་དེ་ཁོ་མོ་ཚང་ལ་འཚམས་འདྲིར་སོང་ཡང་ཁོ་མོས་སྦ་གསང་མེད་པར་མི་ཚེའི་བརྒྱུད་རིམ་བཤད་ཐུབ་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུ་ཐུབ།
ཡེ་ཆི་ལེན་གྱིས་ད་རུང་ཤེས་མེད་པ་ཞིག་ལ། ཁོ་མོའི་མི་ཚེའི་གཏམ་རྒྱུད་སྔ་མོ་ཞིག་ནས་གིས་བསླས་འཐག་རུ་ཁག་གིས་མི་གཞན་ལ་སྐུལ་ལྕག་གཏོང་བའི་བསམ་པའི་སྒུལ་ཤུགས་སུ་གྱུར་ནས་མི་རིགས་མི་འདྲ་བའི་གཅེན་གཅུང་ཚོའི་བསམ་པའི་སྟོབས་ཤུགས་བསྐྱེད་པར་བྱས་པ་དེ་རེད།
མཱ་ལན་དབྱིན་གྱིས་ཐེངས་དང་པོར་ཡེ་ཆི་ལེན་གྱི་ལག་པ་མཐོང་བའི་སྐབས་སུ། མགྲིན་པ་སྨེང་ནས་ཅི་ཡང་བཤད་མ་ཐུབ། ཡེ་ཆི་ལེན་གྱི་ལག་པ་རྒྱུན་ལྡན་ཞིག་མིན་ལ། ལག་པ་གཡས་པའི་མཐེ་བོང་དང་གོང་མཛུབ་བར་གྱི་གས་ཁ་དེ་ཡང་ཐེངས་གང་མང་ལ་གཤགས་བཅོས་བྱས་རྗེས་ད་གཟོད་ཁེ་གྲི་འཛིན་ཐུབ་པའི་གནས་དེ་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་གྱི་གསོ་སྦྱོང་སློབ་ཁྲིད་སྐབས་སུ་ཡེ་ཆི་ལེན་གྱི་བརྩམས་ཆོས་འདྲ་པར་བསྟན་པ་ན། བོད་རིགས་སློབ་མ་རྣམས་ཀྱིས་འདྲ་པར་སྟེང་གི་ཡེ་ཆི་ལེན་གྱི་ལག་ཟུང་ལ་བལྟས་ནས་སྙིང་རྗེ་ཚད་མེད་སྐྱེས་པའི་རྣམ་པ་དེ་ད་རུང་མོའི་སེམས་སུ་གནས་ཡོད།
ཁྱིམ་ཚང་གཅིག་ཇེ་བཟང་དུ་གྱུར་ན་བཟང་བ་མིན་པར་ཚང་མ་བཟང་ན་ད་གཟོད་བཟང་བ་ཡིན། ཡེ་ཆི་ལེན་ཚང་མ་དང་འདྲེས་པར་གྱུར་བས་ཡེ་ཧྲིན་ལེན་གྱི་ཕུགས་འདུན་སྔར་ལས་ཇེ་ཆེར་གྱུར། ཚོགས་པར་གྲུབ་འབྲས་ཐོབ་ཏུ་འཇུག་དགོས་ན་གནད་འགག་ནི་ཐོན་ཁུངས་མཉམ་སྤྱོད་བྱེད་རྒྱུ་དེ་རེད། མི་གཞན་ལ་ང་ཚོ་མཐོང་དུ་བཅུག་ན་ད་གཟོད་གོ་སྐབས་སྔར་ལས་མང་པོ་ལྡན་ངེས།
ཡེ་ཆི་ལེན་གྱི་ལྟ་བ་དང་ཡེ་ཧྲིན་ལེན་གྱི་ལྟ་བ་མ་གྲོས་གཅིག་མཐུན་དུ་གྱུར། མ་གཞི་དྲ་ཐོག་ཏུ་དབང་བོ་སྐྱོན་ཅན་གྱི་ཐད་གཏོང་ལ་བལྟས་རྗེས། ཕྱིར་འཚོང་གི་འབྲེལ་ལམ་ལ་ཚད་བཀག་ཡོད་པའི་ཡེ་ཆི་ལེན་གྱི་བསམ་པར་ཡང་ཐད་གཏོང་བྱས་ཏེ་བརྩམས་ཆོས་ཕྱིར་འཚོང་བྱ་རྒྱུ་དེ་རེད། ཐད་གཏོང་བྱས་ནས་ཅང་མ་འགོར་བར་མི་ལ་ལས་མོས་ལོ་རྒྱུས་བྲིས། བརྙན་རིས་ཀྱི་མདུན་དུ་མོར་འདས་སོང་གི་དོན་དག་བཤད་རྒྱུས་སྤོབས་སེམས་མེད་པར་གྱུར། ཁོ་མོས་བཟོད་བསྲན་བྱས་ཏེ་ཁ་པར་གྱི་ཁ་བརྒྱབ་པ་དང་། ཁང་པའི་གྲུ་ཟུར་ཞིག་ཏུ་བསྡད་དེ་མིག་ཆུ་དབང་མེད་དུ་བཞུར།
སྟབས་འགྲིག་པ་ཞིག་ལ། སྐབས་དེར། དབང་བོ་སྐྱོན་ཅན་ལ་ཁ་གཏད་པའི་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་དེ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ། དགེ་རྒན་གྱི་མཛུབ་སྟོན་དང་སྐུལ་ལྕག་གི་འོག 2023ལོའི་ལོ་མཇུག་ཏུ། ཡེ་ཆི་ལན་གྱིས་ཡང་བསྐྱར་ཐད་གཏོང་བྱེད་འགོ་བརྩམས། ཚང་མས་སེམས་ཁུར་དང་ཡ་མཚར་བའི་སེམས་ཁམས་ལ་ཁ་གཏད་ནས། ཁོ་མོས་རང་ཉིད་ཀྱིས་བྲིས་པའི་ནང་དོན་ལྟར་སེམས་སྡུག་པའི་ཉམས་མྱོང་དེ་ཚང་མར་བཤད་པ་དང་། ཐད་གཏོང་ཁང་དུ་བཞག་ཡོད་པའི་ཚང་རྫས་ཀྱང་རིམ་བཞིན་ཉོ་མཁན་ཡོད་པར་གྱུར།
ཉིན་ཞིག་གི་ཐད་གཏོང་སྐབས་སུ། ཡེ་ཆི་ལེན་གྱིས་རང་ཉིད་ཀྱི་འཚེམ་དྲུབ་སྒྲིག་བཟོའི་བརྒྱུད་རིམ་ཚང་མར་སྟོན་འདོད། ལག་ཏུ་བཟུང་བའི་ཁེ་གྲི་དང་རི་མོས་ཁོ་མོར་ཡིད་ཆེས་རྙེད་དུ་བཅུག་པ་དང་། ཁོ་མོར་གསར་སྐྲུན་གྱི་བརྒྱུད་རིམ་དུ་ཟུག་ནས་རང་དབང་མེད་པར་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་མཉམ་སྤྱོད་བྱས། དུས་ཚོད་གསུམ་ཇི་ལྟར་འགོར་བ་ཡང་མི་ཤེས་པར་ཁོ་མོས་མགོ་བོ་དགྱེ་ནས་བལྟ་སྐབས། ཐད་གཏོང་ཁང་དུ་མི་ཁྲི་ལ་ཉེ་ཡོད། བརྙན་རིས་སྟེང་དུ་འཆར་བ་ནི་རིགས་སོ་སོའི་དྲ་གྲོགས་ཀྱིས་བྲིས་པའི་སྐུལ་མ་དང་། ས་ཁོངས་དང་མི་རིགས་བརྒལ་བའི་སེམས་ཁུར་དེ་རེད། ཁང་བའི་ཕྱི་རོལ་དུ་བསྐྱོད་པ་ན། ས་རུབ་ཡོད་ལ། ཡེ་ཆི་ལེན་གྱི་ལུས་སེམས་དེ་རིང་གི་འདི་ལྟ་བུ་སྐྱིད་མ་མྱོང་བ་རེད།
ཐད་གཏོང་ཁང་དུ་ཡེ་ཆི་ལེན་གྱིས་འཚེམ་དྲུབ་བརྩམས་ཆོས་ཆེ་ཆུང་བཅུ་ཕྲག་ལྷག་བཙོང་བ་དང་། མི་ལ་ལ་ཁོ་མོ་ཚང་གི་ཁྱིམ་དུ་ཡོང་ནས་ཉོ་བཞིན་ཡོད། ལག་ཤེས་དེར་བརྟེན་ནས་ཁོ་མོས་རང་གི་བུ་མོ་སློབ་ཆེན་ནས་མཐར་ཕྱིན་དུ་བཅུག ཡེ་ཆི་ལེན་གྱི་ཉེ་མི་རྣམས་ཀྱིས་ཁོ་མོའི་བྱ་བར་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཨ་མ་ཀྲིག་ལན་དགའ་ནས་ལག་པ་གཡུག་གཡུག་བྱེད་པ་དང་། ཁོ་མོའི་ཨ་མས་དུས་ནམ་ཡང་ཁོ་མོར་སེམས་ཁྲལ་བྱེད་ཀྱིན་ཡོད་ལ། ད་ལྟ་ཁོ་མོ་ནར་སོན་ནས་ལས་འབྲས་ཡོད་པས་སེམས་སུ་བརྗོད་མི་ཤེས་པའི་དགའ་སྤྲོ་སྐྱེས།
སེམས་ཀྱི་ན་ཟུག་ལ་གདོང་གཏོད་ཐུབ་པར་གྱུར་བས་ཁོ་མོ་རྒྱལ་ཁ་ཐོབ། ཁོ་མོའི་འགྱུར་ལྡོག་མཐོང་བས་བསླས་འཐག་རུ་ཁག་གི་བུད་མེད་རྣམས་ཀྱང་དགའ་སྤྲོ་སྐྱེས། ཡང་བསྐྱར་བརྙན་རིས་ཀྱི་མདུན་དུ་བསྡད་ནས་ཐད་གཏོང་བྱེད་སྐབས། མོས་གམ་དུ་མི་གཅིག་ཇེ་མང་དུ་གྱུར་ཡོད།
ཡེ་ཧྲིན་ལེན་གྱི་མཛུབ་ཁྲིད་འོག ཡེ་ཆི་ལེན་གྱིས་རང་ཉིད་ཀྱི་གཏམ་རྒྱུད་བརྗོད་ཐུབ་པར་གྱུར། དེ་སྔོན་ཁ་གྲགས་རྒྱུར་མི་དགའ་བའི་བུ་མོ་གཉོམ་ཆུང་དེ་ད་ལྟ་ཡིད་ཆེས་ལྡན་པའི་དགེ་རྒན་ཡེ་རུ་གྱུར་ཡོད། ཁོ་མོས་སྤོབས་སེམས་ཆེན་པོས་སེམས་ཞིབ་མོས་ལས་པའི་བརྩམས་ཆོས་འགྲེམ་སྟོན་བྱེད་ཐུབ་ལ། མཛེས་པ་ཡལ་བའི་རང་ཉིད་ལ་སྤོབས་སེམས་ཆེན་པོས་གདོང་གཏོད་ཐུབ་པར་གྱུར།
ཁྱེད་ཚོས་གཟིགས་དང་ལུས་རྩལ་འཚེམ་དྲུབ་ཀྱི་བརྩམས་ཆོས་འདི་ནི་དགེ་རྒན་ཡེ་ལགས་ཀྱི་མཛུབ་སྟོན་འོག་ལེགས་གྲུབ་བྱུང་བ་རེད། གལ་ཏེ་ཁོ་མོས་བསམ་ཚུལ་འདི་འདྲ་ཡག་པོ་ཞིག་བཏོན་མེད་ན། ང་རང་ཉིད་ཀྱིས་གསའ་དང་འཁྱག་ལྟིར་དག་ཟུང་འབྲེལ་བྱེད་རྒྱུ་དྲན་མི་སྲིད།”
ཡེ་ཆི་ལེན་གྱི་མིག་མདངས་ལ་བལྟས་ན། འབྲུག་བྲོ་འཁྲབ་པའི་གཟིག་གི་མིག་སྒོར་སྒོར་ཡིན་པ་དང་། ལྕགས་རྟ་ཞོན་པའི་གཟིག་གི་རྣམ་འགྱུར་ནན་ཏན་རེད། གཤིས་འཇམ་གཞུང་དྲང་གི་རྣམ་འགྱུར་ལས་མཚོ་སྔོན་གྱི་རྣམ་རིག་རྒྱས་ཡོད།
འདི་ནི་ང་ཚོ་མཚོ་སྔོན་གྱི་ཁྱད་ཆོས་རེད། ལྟད་མོ་བས་ཡུལ་དངོས་ནས་ཉོས་ཏེ། ས་ཆ་གཞན་གྱི་གྲོགས་པོར་སྟེར་རྒྱུ་ཡིན་ཟེར།
ལས་དོན་ཁང་གི་གློག་འོད་ཀྱིས་འཚེམ་དྲུབ་བྱེད་མཁན་བུད་མེད་ཚང་མར་སྤྲོ་སྐྱིད་ལྡན་པར་བྱས་ཡོད། ཁོ་མོ་ཚོའི་ལག་གི་དར་སྐུད་དེ་ནི་གཟུགས་མེད་ཀྱི་སྦྲེལ་ཐག་ཅིག་དང་འདྲ་བར་མི་རིགས་མི་འདྲ་བ་སྦྲེལ་མཐུད་བྱས་ཡོད་ལ། མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་དེའི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པའི་བརྩེ་དུང་ཟབ་མོ་ཡང་མཉམ་འདྲེས་བྱས་ཡོད། མི་སྒེར་གྱི་སྐྱོ་སྡུག་ཚང་མ། མཉམ་འབྲེས་ཀྱི་དྲོ་སྐྱིད་དང་མི་རིགས་མཐུན་སྒྲིལ་ཁྲོད་ནས་སོ་སོའི་རང་ཉིད་ཀྱི་བདེ་སྐྱིད་ཚོར་ཐུབ་ཡོད། ཡེ་ཆི་ལན་གྱི་གཏམ་རྒྱུད་དེ་དེ་ལྟར་ཁབ་སྐུད་རེ་རེས་དུས་རབས་ཀྱི་རི་མོའི་ནང་འཚེམ་དྲུབ་བརྒྱབ་ཡོད་ལ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ”ཅེས་པ་གསོན་ཉམས་ལྡན་ལ་སྤྲོ་སྐྱིད་ལྡན་པའི་ངང་མངོན་པར་བྱས་ཡོད།
བན་དེ་སྐྱབས། རིག་འཛིན་སྒྲོལ་མ། ལྷ་མོ་ཚེ་རིང་། ཤ་བོ་རིན་མཚོ། ཚེ་མགོན་རྒྱལ་བཅས་ཀྱིས་སྒྱུར།