མཚོ་བྱང་རྩྭ་ཐང་གི་ཁྲིམས་སྐྱོང་འདུམ་འགྲིག་པ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ།    “བཅའ་ཁྲིམས་ཤེས་རྟོགས་པ”གཡང་སྐྱབས་རྒྱལ་གླེང་ན། རོང་འབྲོག་མང་ཚོགས་ཀྱིས་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད། གཞི་རིམ་དུ་རྐང་ཚུགས་པའི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་ཁོངས་མི་འདིས་གོམ་སྟབས་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ། ཁྲིམས་སྐྱོང་གི་ས་བོན་རྩྭ་ཐང་དུ་གཏོར་ནས། རོང་འབྲོག་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི“བློས་ཐུབ་པ”དང་གཞི་རིམ་བཅོས་སྐྱོང་གི“རྨང་རྡོ”ལྟ་བུར་གྱུར་ལ།     གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ཁྲིམས་སྐྱོང་དགོངས་དོན“སྒྲོག་སྤེལ་མཁན”ཞིག་བྱས།

“བཅའ་ཁྲིམས་ཤེས་རྟོགས་པ”ཡི་འགན་ཁུར་བའི་ཚུན་ལ། གཡང་སྐྱབས་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ“གྲོང་གསེབ་ཏུ་རྐང་ཚུགས་པ་དང་མང་ཚོགས་ལ་སེམས་ཁུར་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་སྒོས། ཁྲིམས་སྐྱོང་གི་དགོངས་དོན་དང་རྩྭ་ཐང་གི་དངོས་ཡོད་ཟུང་འབྲེལ་དམ་ཟབ་བྱས། ཁོས་རོང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཀྱི་དགོས་མཁོ་ཡོད་པ་ཆེས་ཐད་ཀར་ཡིན་ལ་ཁ་ཚ་དགོས་གཏུག་ཡིན་པ་དང་། ཁྱིམ་མཚེས་བར་གྱི་རྩོད་གཞི་དང་། གཉེན་སྒྲིག་ཁྱིམ་ཚང་། རྩྭ་རའི་མཐའ་མཚམས་སོགས་ཀྱི་གནད་དོན་ནི་བལྟས་ཚོད་ཀྱིས་ཙག་ཙིག་ཡིན་རུང་ཁོ་ཚོའི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པ་གསལ་བོར་ཤེས་ཡོད། དེའི་ཕྱིར། ཁོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་རང་འགུལ་ངང་སློབ་སྦྱོང་བྱས་པ་མ་ཟད།“འབྲོག་པའི་སྐད་ཆ་ཡིས་བཅའ་ཁྲིམས་བཤད་པའི”ཐབས་ཤེས་འཚོལ་ཞིབ་བྱས་ཏེ། བཅའ་ཁྲིམས་དོན་ཚན་གོ་མི་བདེ་བ་དག་ཁ་བརྡ་རུ་བསྒྱུར་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཁྱིམ་ཚང་ཁྲི་མ་འབུམ་ལ་བརྒྱུད་སྒྲོག་བྱས། ལོ་མང་པོའི་རིང་། ཁོས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ། རྩྭ་རར་སྐོར་སྐྱོད་བྱེད་པའི་གོ་སྐབས་དང་བསྟུན་ནས། དུས་དང་རྣམ་པ་ཀུན་ཏུ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་སྒྲོག་བྱས་ཤིང་། རྩྭ་ཐང་གི་སྦྲ་གུར་དུ་ཁྲིམས་སྐྱོང་སློབ་ཚན་སྤེལ་ཏེ། རོང་འབྲོག་མང་ཚོགས་ལ“དོན་དག་སྒྲུབ་དུས་ཁྲིམས་གཞིར་འཛིན་པ་དང་དོན་དག་ལ་འཕྲད་དུས་ཁྲིམས་འཚོལ་བ”ཡི་གོམས་གཤིས་ཆགས་པར་ཁྲིད་སྟོན་བྱས།

བརྩེ་བ་དང་བཅའ་ཁྲིམས་མཉམ་འདྲེས་བྱས་ནས་ལོ25འགོར་བའི་གྱོད་གཞི་གཞི་ནས་ཐག་བཅད།

གཞི་རིམ་གྱི་འགལ་བ་དང་རྩོད་གཞི་རྟག་ཏུ་རྙོག་འཛིང་ཆེ་བ་དང་། ལྷག་པར་དུ་ལོ་མང་འགོར་བའི་རྩོད་གཞི་འདུམ་འགྲིག་བྱེད་པར་དཀའ་ཁག་ཆེན་པོ་ཡོད། 2024ལོའི་ཟླ10པའི་ཟླ་འགོར།    གཡུ་དཀར་འོམ་ལུང་ཡུལ་ཚོའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལ་སེམས་ཁྲལ་ཆེ་བའི་འབྲོག་པ་རྡོ་ག་གེ་མོ་ཐོན་པ་དང་། ཁོས་ཁྱོན་འཁྱིལ་ཡུལ་ཚོ་ཡག་མོ་སྡེ་བ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་སྡེ་བའི་མཐའ་མཚམས་རྩྭ་ཐང་གི་རྩོད་གཞི་དེ་ཏག་ཏག་ལོ25འགོར་བས་འབྲོག་ཁྱིམ་གཉིས་ལ་དཀའ་ངལ་བཟོས་ཡོད། མཐའ་མཚམས་ཀྱི་རྟགས་གསལ་པོ་མེད་པ་དང་རྩྭ་ས་འདྲེས་ནས་བྱུང་བའི་རྩོད་པ་རྒྱུན་ཆད་ཀྱིན་མེད། མཉམ་འཇོག་ཅུང་ཙམ་མ་བྱས་ན་གདོང་ཐུག་ཆེན་པོ་འབྱུང་ཉེན་ཆེ་ཟེར།

འདུམ་འགྲིག་ལས་འགན་འབྱོར་རྗེས་གཡུ་དཀར་འོམ་ལུང་ཁྲིམས་འཛིན་ཁང་གིས་མྱུར་དུ་སྣེ་ཁྲིད་བྱས་ཏེ། སྡེ་བ་གཉིས་ཀྱི“སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”ལ་མཉམ་འབྲེལ་སྒོས་ལས་དོན་ཚོགས་པ་བཙུགས་ཤིང་། གཡང་སྐྱབས་རྒྱལ་ཁོངས་མི་གཙོ་བོར་གྱུར། “རྩྭ་ར་ནི་འབྲོག་པའི་སྲོག་རྩ་ཡིན་པས། སྟབས་བདེ་ངང་བདེན་ནོར་ཐག་གཅོད་བྱེད་མི་རུང” ཁོ་དེ་མ་ཉིད་དུ་ཡུལ་དངོས་ལ་རྩད་ཞིབ་ཏུ་བསྐྱོད་པ་དང་། གྲང་རླུང་དང་བསྡོངས་ནས་རྩོད་གླེང་གི་རྩྭ་ས་རེ་རེ་ལ་སོང་སྟེ། ས་དབྱིབས་ཀྱི་ས་བྱད་དང་འབྲོག་ཁྱིམ་གཉིས་ཀྱི་ཕྱུགས་འཚོ་བའི་གོམས་གཤིས་ཟིན་བྲིས་ཞིབ་ཕྲ་བཏབ། འདུམ་འགྲིག་སྐབས་སུ་ཁོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་སྲུང་འཛིན་བྱས་ཏེ། ཕྱོགས་གཅིག་ནས་ཁ་བརྡའི་རྣམ་པ་སྤྱད་དེ་རྡོ་ག་གེ་མོ་དང་དཔལ་ག་གེ་མོ་གཉིས་ཀྱི་རེ་ཞུར་ངང་རྒྱུད་རིང་པོས་ཉན་པ་དང་། ཁོ་ཚོ་རྩྭ་ར་ལ་སེམས་ཐོགས་པར་བསམ་ཤེས་བྱས། ཕྱོགས་གཅིག་ནས་རྩྭ་ཐང་གི་དབང་ཆ་གཏན་འཁེལ་གྱི་ཡིག་ཆ་དང་བཅའ་ཁྲིམས་དོན་ཚན་བཏོན་པ་དང་། “ཁྲིམས་ལུགས”ལ་བརྟེན་ནས་མཐའ་མཚམས་གསལ་བོ་དབྱེ་བ་དང་།  “བརྩེ་བ”ལ་བརྟེན་ནས་སེམས་ཁམས་གསོ་བཞིན་ཡོད། ཁོས་སྔ་རྗེས་སུ་ངོ་ཐུག་འབྲེལ་འདྲིས་ཐེངས6རྩ་འཛུགས་བྱས་ཤིང་། རང་ཉིད་གཅིག་པུ་ཐེངས10ལྷག་ལ་འཚམས་འདྲི་བྱེད་དུ་སོང་སྟེ། འབྲོག་པར་ཆ་རྒྱུས་ཡོད་པའི“མི་ཆོས”ལ་བརྟེན་ནས་འགལ་རྐྱེན་སེལ་བ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་བོ་ཡིས་མཐའ་མཚམས་དབྱེ་འབྱེད་བྱས། ཁོས་འབད་བརྩོན་ལྷོད་མེད་བྱས་མཐར། འབྲོག་ཁྱིམ་གཉིས་ཀྱི་སེམས་ནད་གཞི་ནས་སངས་ཏེ་འདུམ་འགྲིག་གྲོས་ཡིག་བཞག་པ་དང་། ལོ25འགོར་བའི་གྱོད་གཞི་ཞིག་ཕུན་སུམ་ཚོགས་པའི་ངང་ཐག་བཅད་པ་རེད།

“ཧྥེང་ཆའོ་ཉམས་མྱོང”ལག་ལེན་དུ་བསྟར་ནས་གཞི་རིམ་བརྟན་བརླིང་གི་སྲུང་སྐྱོབ་པ་བྱས།

“དོན་ཆུང་སྡེ་བ་ནས་ཐག་གཅོད་པ། དོན་ཆེན་ཡུལ་ཚོ་ནས་ཐག་གཅོད་པ།    འགལ་བ་གོང་རིམ་དུ་མི་སྤྲོད་པ”འདི་ནི་གཡང་སྐྱབས་རྒྱལ་གྱིས་དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་ལག་ལེན་དུ་བསྟར་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཡིན། ཁོའི་འདུམ་འགྲིག་ལས་ཀའི་ཁྲོད།    ཐོག་མཐའ་བར་གསུམ་དུ“བདག་གཞན་མཉམ་བརྗེ”ཡི་འདུ་ཤེས་ཁྱབ་ཡོད་པ་དང་། ཁྲིམས་སྲོལ་རྒྱུན་འཁྱོངས་བྱས་པ་མ་ཟད། བརྩེ་བའི་དོ་ཁུར་བྱ་རྒྱུར་ཡང་མཐོང་ཆེན་བྱས་ཏེ། “བརྩེ་བ་དང་གནས་ལུགས། བཅའ་ཁྲིམས”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། འབྲེལ་འདྲིས་དང་བསམ་ཤེས་ཀྱི་སྦྲེལ་ཟམ་བསྐྲུན།

ལོ་མང་པོའི་རིང་། གཡང་སྐྱབས་རྒྱལ་གྱིས་འདུམ་འགྲིག་བྱས་པའི་འགལ་བ་དང་རྩོད་གཞི་བགྲང་གིས་མི་ལངས་ཏེ། ཆུང་བ་ཁྱིམ་མཚེས་བར་གྱི་ཁ་རྩོད་ནས་ཆེ་བ་རྩྭ་ས་རྩོད་གླེང་བར་དུ“ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ཡོད་པ་དང་། འདུམ་འགྲིག་བྱེད་ཐབས་ཤེས་པ། བཅའ་ཁྲིམས་ཤེས་པ། དམངས་སེམས་ཐོབ་པ”བཅས་ཀྱི་དགེ་མཚན་ལ་བརྟེན་ནས། འགལ་བ་དང་རྩོད་གཞི་བྱུང་མ་ཐག་པའི་སྐབས་སུ་སེལ་བ་རེད། མིག་སྔའི་བར་ཁོས་རྩོད་གཞི་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད100%ལ་སླེབས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཡུལ་ཁོངས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱས་ཡོད།

གཡང་སྐྱབས་རྒྱལ་གྱིས“བཅའ་ཁྲིམས་ཤེས་རྟོགས་པ་ནི་རི་ལུང་དུ་གཏོར་བའི་ཁྲིམས་སྐྱོང་གི་ས་བོན་ཞིག་དང་འདྲ་བར། རྩྭ་ཐང་དུ་རྩ་བ་རྒྱས་ནས་མྱུ་གུ་འབུས་ཡོད”ཟེར།    ཁོས་ཆེད་ལས་དང་བརྟན་སྲུང་ལ་བརྟེན་ནས་འགལ་བ་སེལ་བ་དང་། ཁྲིམས་སྐྱོང་གི་དྲོད་ཁོལ་བརྒྱུད་སྤྲོད་བྱས་ཏེ། བདེ་འཇགས་གྲོང་གསེབ་དང་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་བསྩལ་ཡོད།

མཚོ་མོ་སྐྱིད་ཀྱིས་བསྒྱུར།