

ཨ་ནེ་ལྷ་མོའི(གཡས)གར་གྱི་སྟངས་སྟབས།
ལོ་ངོ་དོན་ལྔའི་མི་ཚེའི་འགྲུལ་བཞུད་ཁྲོད། ཨ་ནེ་ལྷ་མོས་སྲང་གཞུག་རྩེད་རིག་འཁྲབ་ནས་ལོ་ངོ་བདུན་ཅུ་ལྷག་འགོར་སོང་། ཡིན་ནའང་། མོ་སྔར་བཞིན་ཡིད་ཚིམ་གྱིན་མེད་དེ། ནམ་རྒྱུན་གླུ་ཚན་གཅིག་གྲགས་ཚེ་དགའ་སྤྲོའི་ངང་འཁྲབ་ཚན་གཅིག་འཁྲབ་སྟོན་བྱེད་སྲིད།
མི་ཞིག་གིས་ལོ་ངོ་བདུན་ཅུ་ལྷག་ལ་རྒྱུན་འཁྱོངས་བྱས་པའི་ཞབས་བྲོ་དེ་གང་འདྲ་ཞིག་ཡིན་ནམ། ཡང་ན་དེར་འགུག་ཤུགས་གང་འདྲ་ཞིག་ཡོད་དམ་ཞེ་ན། འདི་དག་ཚང་མ་ཨ་ནེ་ལྷ་མོའི་གར་གྱི་སྟངས་སྟབས་ལས་གསལ་བོར་རྟོགས་ཐུབ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲང་གཞུག་སྡེ་བའི་ཐང་ཆེན་དུ། ང་ཚོས་ཞབས་བྲོ་ཁྲིད་བཞིན་པའི་ཨ་ནེ་ལྷ་མོ་མཐོང་བྱུང་། ཁོ་མོའི་སློབ་མ་དག་གི་ལོ་ན་ཆུང་རྒྱུ་མེད་དེ། མང་ཆེ་བ་ལོ་བཞི་བཅུ་ལྔ་བཅུ་ཡིན་ལ། ད་རུང་ལོ་དྲུག་ཅུར་བུད་པའི་སློབ་མའང་ཡོད། ཨ་ནེ་ལྷ་མོ་ཁོ་ཚོའི་དཀྱིལ་དུ་ལངས་སྐབས། གར་གྱི་སྟབས་སྟབས་མཛེས་ཤིང་སྐད་ཀྱི་འདེགས་འཇོག་སྙན་པས། སྐྲའི་ཉག་མ་དཀར་དཀར་འགའ་མ་གཏོགས་ཁོ་མོའི་ལོ་བདུན་ཅུར་བུད་པ་རྟོགས་དཀའ་བར་སྣང་།
ང་ཚོས་བཅར་འདྲིར་ཡོང་བ་ཤེས་རྗེས། ཁོ་མོས་འཛུམ་གྱིས་བསུ་མ་བྱས་ཤིང་། ཧ་ཅང་རྒྱུས་མངའ་ཡོད་པའི་ངང་རྨ་ཆུའི་འགྲམ་རྒྱུད་ནས་བྱུང་ཞིང་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་བཞག་པའི་གླུ་གར་སྒྱུ་རྩལ་ཏེ་སྲང་གཞུག་རྩེད་རིགས་ངོ་སྤྲོད་བྱས། ཨ་ནེ་ལྷ་མོས་རྩེད་རིགས་ཀྱི་མིང་ནས་བཟུང་སྟེ་གསལ་བཤད་བྱས་པ་སྟེ། སྲང་གཞུག་རྩེད་རིགས་ནི་ང་ཚོའི་སྲང་གཞུག་སྡེ་བའི་གླུ་གར་རྩེད་རིགས་ཡིན་ལ། དེས་གཟུགས་འདས་ཤུལ་བཞག་རིག་གནས་ནི་གནས་འདི་ནས་བྱུང་བ་དང་། ད་བར་ཡང་གནས་འདིར་རྒྱུན་འཛིན་བྱས་ཡོད་པ་རྟོགས་ཐུབ།
རྒྱུན་གཏན་གྱི་སྐོར་བྲོ་དང་ཡང་ན་བོད་ཀྱི་ཞབས་བྲོ་གཞན་དང་མི་འདྲ་བར། སྲང་གཞུག་རྩེད་རིགས་ལ་བཤད་རྒྱུན་མང་པོ་ཡོད། དེ་ནི་སྙན་ངག་དང་རོལ་དབྱངས། སྟངས་སྟབས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་ཕྱིར། གླུ་ཚིག་ངག་ལ་བདེ་ཞིང་། གར་གྱི་སྟངས་སྟབས་ངེས་པར་དུ་གླུ་ཚིག་དང་སྡེབ་སྒྲིག་ཡིན་དགོས་ཏེ། གླུ་ཅི་ཞིག་བླངས་ན། བྲོ་དེ་ལྟར་འཁྲབ་དགོས། རྨ་ཆུའི་འགྲམ་རྒྱུད་དུ་བྱུང་བའི་སྒྱུ་རྩལ་འདི་ནི་མཐོ་བ་གར་སྟེགས་གཅིག་པུར་འཁྲབ་སྟོན་བྱེད་པ་ཞིག་མ་ཡིན་པར། འབྲོག་པ་མང་ཚོགས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་འདྲེས་པའི་སྒྱུ་རྩལ་ཞིག་ཏུ་སྣང་། དེ་ནི་གཉེན་སྟོན་དང་གྱ་སྟོན་སོགས་དུས་སྟོན་གཟབ་རྒྱས་སྐབས་སུ་འཁྲབ་སྟོན་བྱེད་པར་མ་ཟད། ཕྱུགས་འཚོ་བ་དང་ངལ་གསོའི་སྐབས་ཀྱི་སྤྱིར་བཏང་འཚོ་བའི་ཁྲོད་ཟབ་མོར་འདྲེས་ཡོད་སྟབས། དུས་དང་རྣམ་པ་ཀུན་ཏུ་བླངས་ཆོག་ལ། སྐབས་བསྟུན་ལྟར་འཁྲབ་སྟོན་བྱས་ཆོག དེར་བོད་རིགས་ཁྱིམ་ཚང་གི་རྩེད་རིགས་ཞེས་འབོད་པས། འཁྲབ་སྟོན་གྱི་བཀག་རྒྱ་དངོས་སུ་གཏོར་བ་སྟེ། དེར་འཁྲབ་སྟོན་པ་དང་ལྟད་མོ་བའི་དབྱེ་བ་མེད་ལ། ཕོ་མོ་རྒན་གཞོན་ཚང་མ་འཚོ་བའི་ཁྲོད་ཀྱི་གླུ་བ་དང་བྲོ་བ་ཡིན་ཕྱིར། རིག་གནས་ཀྱི་སྣང་བརྙན་གསོན་པོ་ཞིག་མཉམ་དུ་བསྐྲུན་ཡོད།
ང་ཚོར་ཆེས་ཐད་ཀའི་ཚོར་སྣང་ཐོབ་ཆེད། ཨ་ནེ་ལྷ་མོས་སྐབས་དེར་འཁྲབ་སྟོན་བྱས་པ་སྟེ། ཨ་རྩེད་་་་ཞེས་མཚོན་བྱེད་རང་བཞིན་གྱི་དབྱངས་རྟ་ཞིག་སྙན་གྱི་བུ་གར་རྒྱུ། ཁོ་མོས་གསལ་བཤད་བྱེད་རྒྱུར། ཨ་རྩེད་ཅེས་པ་ནི་བྲོ་འཁྲབ་ཡ་ཞེས་པའི་དོན་ཡིན་ལ། ཨ་རྩེད་ཅེས་ལེན་མགོ་བརྩམས་མ་ཐག ཚང་མས་ཞབས་བྲོ་འཁྲབ་མགོ་རྩོམ་རྒྱུ་ཡིན་པ་ཤེས་བར་བརྟེན། དེར་ཡོད་ཚང་མས་གླུ་ལེན་ཞིང་བྲོ་འཁྲབ་ནས་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་སྲིད་ཅེས་ཟེར།
ཨ་རྩེད་ཅེས་པའི་གནའ་བོའི་གདངས་དབྱངས་འདི་ཡིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚེ་སྲོག་དང་ཉིང་བཅུད་དངོས་སམ་ཤུགས་ནས་ཚོར་བར་བྱས།
ཨ་ནེ་ལྷ་མོས་བཤད་རྒྱུར། སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བ་ཡིན་ལ། སྲང་གཞུག་རྩེད་རིགས་ཀྱིས་གོང་གི་སྐད་ཆ་འདིར་འགྲེལ་བཤད་གསལ་བོ་བྱས་ཡོད་སྙམ་ཞེས་ཟེར། དེའི་གླུ་ཡིས་བརྩེ་དུང་བརྗོད་ཅིང་གར་གྱིས་རམ་འདེགས་བྱས་ཡོད་ལ། གླུ་ཚིག་ཕལ་ཆེ་བ་སྐབས་བསྟུན་གསར་རྩོམ་ཡིན་ཕྱིར། གསོན་ཉམས་ལྡན་ཞིང་དགོད་སྤྲོ་བ་ཞིག་ཡིན། རྟེན་འབྲེལ་གྱི་དུས་སྟོན་གང་མང་དུ་འཁྲབ་སྟོན་བྱེད་སྲིད་པས། གླུ་ཚིག་གི་ནང་དོན་ཕལ་ཆེར་ཨ་མདོའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་ཡོངས་ལ་ཁེབས་ཡོད་དེ། ཕྱུགས་འཚོ་བ་དང་ཞིང་རྨོ་བ། གཉེན་འབྲེལ་འགྲོ་འོང་། དེ་མིན་རང་བྱུང་སྐྱེ་ཁམས་དང་། མི་དང་མིའི་བར་གྱི་འབྲེལ་བ་སོགས་མ་འདུས་པ་གཅིག་ཀྱང་ཡོད་མི་སྲིད།
ཨ་ནེ་ལྷ་མོ་ནི་སྲང་གཞུག་རྩེད་རིགས་ཀྱི་མི་རབས་བཞི་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་ཡིན། ཁོ་མོའི་སྒྱུ་རྩལ་གྱི་ལམ་ཁ་ནི་ལོ་ལྔ་ནས་མགོ་བརྩམས་པ་རེད། ཁོ་མོ་ཆུང་དུས་ཨ་མ་དང་ཨ་ཕྱིར་འགྲོགས་ནས་དུས་སྟོན་རོལ་དུ་སོང་དུས་ཚང་མས་རྩེད་རིགས་འཁྲབ་བཞིན་ཡོད་པ་མཐོང་བས། ཧ་ཅང་ཡག་པའི་ཚོར་བ་ཞིག་ངང་ངང་ཤུགས་ཀྱིས་སྟེར་ཡོང་། ཕྱིར་ཁྱིམ་ལ་ལོག་རྗེས། ཁོ་མོས་རྒན་པ་ཚོར་ཁྲིད་དུ་བཅུག་པ་ན། ཁོ་མོའི་དགའ་ཕྱོགས་ལ་བསྟུན་ནས། ཨ་མ་དང་ཨ་ཕྱི་གཉིས་ཀྱིས་ཚིག་རྐང་རེ་རེ་དང་། གོམ་པ་རེ་རེ། འཁོར་སྟངས་རེ་རེ་བཞིན་གཅིག་གཅིག་གཉིས་གཉིས་ཀྱི་ཁྲིད་པ་རེད།
སྲང་གཞུག་རྩེད་རིགས་སློབ་དགོས་ཚེ། ཐོག་མར་གླུ་ལེན་སྟངས་སྦྱོང་བ་དང་དེ་ནས་བྲོ་འཁྲབ་སྟངས་སློབ་དགོས། ཨ་ནེ་ལྷ་མོས་མོ་རང་གིས་ཐོག་མར་སྦྱངས་ནས་ཤེས་པའི་གླུ་ཚིག་སྐད་དམའ་མོས་ལེན་མགོ་བརྩམས་པ་དང་། ཁོ་མོའི་མིག་མདངས་ལས་ལོ་ངོ་བདུན་ཅུའི་སྔོན་གྱི་བུ་མོ་ཆུང་ཆུང་ཞིག་གི་རྩེད་རིགས་ལ་བཅངས་པའི་བརྩེ་བ་མཐོང་ཐུབ། དེར་མཐུད་ནས་ཁོ་མོས་བཤད་རྒྱུར། གླུ་ལེན་ཤེས་སོང་ན། ད་གཟོད་བྲོ་འཁྲབ་སྟངས་སྦྱངས་དགོས། གར་གྱི་སྟངས་སྟབས་དེ་རྨ་བྱ་ཞིག་དང་འདྲ་དགོས་སྟེ། ལག་མགོ་ཇི་ལྟར་འཁོར་ན་གོམ་པ་ཡང་དེ་ལྟར་སྤོ་དགོས་ལ། ཚང་མ་རྨ་བྱའི་སྟངས་སྟབས་ལ་ལད་ཟློས་བྱ་དགོས་ཞེས་ཟེར།
2008ལོར། སྲང་གཞུག་རྩེད་རིགས་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག མིག་སྔའི་བར། རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མན་ཨ་ནེ་ལྷ་མོ་གཅིག་པུ་ལས་མེད། དེ་ལས་གཞན་ཁུལ་རིམ་པའི་རྒྱུན་འཛིན་མཁན་བཅུ་གསུམ་དང་། རྫོང་རིམ་པའི་རྒྱུན་འཛིན་མཁན་བཅོ་ལྔ་ཡོད་ལ། ཚང་མ་སྲང་གཞུག་སྡེ་བའི་སྡེ་མི་ཡིན་པར་མ་ཟད། ཆ་སྙོམས་ལོ་ཚོད་ལོ་བཞི་བཅུ་ལས་བརྒལ་ཡོད།
རྒྱུན་འཛིན་མཁན་གྱི་རྒྱུན་ཆད་པ་ནི་ཨ་ནེ་ལྷ་མོའི་སེམས་ཁུར་ཆེ་ཤོས་དེ་ཡིན། ཁོ་མོས་དབུགས་རིང་ལེན་ཞོར། ད་སྐབས་རྩེད་མོའི་རིགས་སྣ་མང་པས། ན་གཞོན་མང་པོ་ཞིག་སེམས་ལྷོད་ལ་བབས་ནས་རྩེད་རིགས་འདི་སྦྱངས་འདོད་མི་འདུག་ཟེར།
ཡང་ཡིད་སྤྲོ་བ་ཞིག་ནི། ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག སྲང་གཞུག་རྩེད་རིགས་ཀྱི་རྒྱུན་འཛིན་ཁོར་ཡུག་ལེགས་སྒྱུར་བྱས། སྡེ་བའི་ནང་དུ་དུས་ལྟར་གསབ་སྦྱོང་རྩ་འཛུགས་བྱས་པ་དང་། གནའ་བོའི་སྒྱུ་རྩལ་དེ་ཡང་སློབ་གླིང་དུ་བསྐྱོད་དེ་བྱིས་པ་མང་པོས་ངོ་ཤེས་པར་གྱུར། ད་བར། སྡེ་བའི་ནང་གི་ལོ་ན་ཆེས་ཆུང་བའི་རྒྱུན་འཛིན་མཁན་ནི་ཨ་ནེ་ལྷ་མོའི་ཚ་མོའི་བུ་མོ་ཀུན་བཟང་ཆོས་སྒྲོན་ཡིན་ལ། ད་སྐབས་མཐོ་འབྲིང་འདོན་བཞིན་ཡོད། སློབ་སྦྱོང་གི་ལས་འགན་ཅི་འདྲ་ལྕི་རུང་། ཁོ་མོས་དབྱར་དགུན་གནང་སྐབས་སུ་ཁོམ་པ་ཡོད་སྐབས་སྦྱངས་པ་བྱས་ནས། གནའ་བོའི་སྒྱུ་རྩལ་འདིའི་རྒྱུན་མཐུད་པའི་རེ་བ་གསར་བར་གྱུར་ཡོད།
རྒྱུན་འཛིན་གྱི་མེ་ལྕེ་དེ་རིམ་གྱིས་མི་རབས་གསར་བ་བརྒྱུད་དེ་ལམ་ལམ་དུ་འབར་བཞིན་ཡོད། ཨ་ནེ་ལྷ་མོའི་ཚ་མོ་ཆུང་དུས་ནས་རྩེད་རིགས་ཀྱི་གདངས་དབྱངས་ལ་ཉན་ནས་ནར་སོན་པས། སྒྱུ་རྩལ་འདིར་གཞན་ལས་ལྷག་པའི་བརྩེ་བ་ཁྱད་པར་བ་ཞིག་ཡོད། ད་སྐབས་ཁོ་མོ་སློབ་ཆེན་མཐར་ཕྱིན་ནས་བྱ་བར་ཞུགས་ཡོད་ཀྱང་། སྔར་བཞིན་ཨ་ནེ་ལྷ་མོས་སེམས་ཤུགས་ཡོད་ཚད་བཀོལ་ནས་ཁྲིད་སྟོན་བྱེད་ས་གཙོ་བོར་གྱུར་ཡོད། ཨ་ནེ་ལྷ་མོས་གནའ་བོའི་སྒྱུ་རྩལ་འདི་ཆད་ལྷག་མེད་པར་མི་རབས་རྗེས་མའི་ལག་ཏུ་སྤྲོད་པའི་རེ་སྒུག་བྱས་ཡོད།
སྲང་གཞུག་སྡེ་བའི་ཐང་ཆེན་དུ་རྩེད་རིགས་འདིའི་ཆེས་གསོན་ཉམས་དོད་པའི་རྣམ་པ་གསལ་ལེར་མངོན་ཡོད། དེར་རྒན་རྒོན་དག་གིས་ཧ་ཅང་ནན་ཏན་གྱིས་འཁྲབ་སྟོན་བྱེད་ཀྱིན་ཡོད་དེ། འཁོར་སྟངས་རེ་རེ་ལས་ལོ་ངོ་མང་པོའི་སྒྱུ་རྩལ་གྱི་བྲོ་བ་དག་མ་ཡལ་མེད་དུ་སིམ་ཡོད་ལ། འཁྲབ་སྟོན་རྣམ་པར་གསོན་ཤུགས་ཀྱིས་ཁེངས་འདུག ཁོ་མོའི་གྲས་སུ། ཁུལ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་བདེ་སྐྱིད་སྒྲོལ་མས་ཚང་མའི་སེམས་གཏམ་བཤད་རྒྱུར། ང་ཚོས་སྡེ་བའི་ནང་དུ་ཚོགས་པ་ཤིག་བཙུགས་ཏེ། ནམ་རྒྱུན་ཟ་མ་ཟོས་ཚར་རྗེས་དང་ཁོམ་གསེང་གི་སྐབས་སུ། ཚང་མ་སྡེ་བའི་ཐང་ཆེན་དུ་བོས་ནས། མཉམ་དུ་གླུ་བླངས་ནས་བྲོ་འཁྲབ་རྩིས་ཡོད་ཟེར། ཁོ་མོས་བལྟས་ན། འདི་ལྟར་བྱས་ཚེ། ད་གཟོད་སྲང་གཞུག་རྩེད་རིགས་དེ་མང་ཚོགས་ཀྱི་ཁྲོད་ནས་ཡོང་སྟེ་མང་ཚོགས་ཀྱི་ཁྲོད་དུ་འགྲོ་སྲིད་ལ། ཁྱིམ་ནོར་རྩ་ཆེན་འདི་མི་རབས་ནས་མི་རབས་སུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀུན་གྱིས་དོ་སྣང་བྱ་སྲིད་པར་འདོད།
ལོ་ངོ་བཞི་བརྒྱའི་རྒྱུན་འཛིན་ལས། སྲང་གཞུག་རྩེད་རིགས་དེ་གནའ་བོའི་སྡོང་རྒན་ཞིག་དང་འདྲ་ལ། ཡལ་ག་རེ་རེས་གནའ་བོའི་སྐྱེ་ཚུལ་བརྩི་སྲུང་བྱེད་ཀྱིན་ཡོད། དེ་ལས་གཞན། ཨ་ནེ་ལྷ་མོའི་གར་གྱི་སྟངས་སྟབས་ལས་གྲུང་ཤ་དོད་པའི་ཉམས་འགྱུར་ཚོར་ཐུབ་ལ། དེ་ནི་ནམ་ཡང་ལོ་ཆུང་གཞོན་ནུ་ཞིག་དང་གཉིས་སུ་མ་མཆིས།
ལྷ་མོ་འཚོས་བསྒྱུར།