ཁོའི་ཕྱུགས་ར་སྡེ་བའི“ཕྱུག་བསྒྱུར་ས་ཚིགས”སུ་གྱུར་པ།
ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

ཟླ11པའི་ཚེས12ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་ལྷགས་རླུང་འུར་འུར་དུ་ལྡང་བཞིན་འདུག རྩེ་ཁོག་རྫོང་ཀུན་ཕན་ཁྱིམ་ཚང་ཕྱུགས་རར་སོང་བ་ན། གསོན་ཉམས་ཀྱིས་ཁེངས་པའི་རྣམ་པ་ཞིག་མངོན་འདུག “རྩེ་ཁོག་ལུག་ཁྲ”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་མིག་ལམ་དུ་མངོན་པ་དང་། ལུག་བཅུ་ཕྲག་ཁ་ཤས་ཤིག་ཁོད་ཡངས་པའི་རྩྭ་ཐང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད། ལུག་རེ་རེའི་ཁ་དོག་མི་གཅིག་ལ་རྒྱང་ནས་བལྟས་ཚེ། ལུག་རེ་རེས་ཐུན་མོང་མ་ཡིན་པའི“བལ་ལྭ་ཁྲ་ཁྲ”ཞིག་གྱོན་པ་དང་མཚུངས་པས། དགུན་ཁའི་སྟོང་འཇགས་ཀྱི་རྩྭ་ཐང་ལ་གསོན་ཉམས་ལྡན་ཞིང་དྲོད་སྣང་གིས་ཁེངས་པའི་ཁ་དོག་ཅིག་བསྩལ་འདུག

མཚོ་རྒན་པས་ལུ་གུ་པང་དུ་བཟུང་འདུག

“ངའི་ལུག‘ཡག་གམ’”ཞེས་ཁྱིམ་ཚང་ཕྱུགས་རའི་མགོ་གཙོ་མཚོ་རྒན་པའི་སྐད་ཆར་ཡིད་ཆེས་ཀྱིས་ཁེངས་པ་དང་། “དུས་ཚིགས་འདིར་མ་མོས་ལུ་གུ་རྩེབས་པའི་དུས་གཞུང་ཡིན་པས། བསྡོམས་པས་ལུ་གུ100ལྷག་རྩེབས་པ་དང་། ངས་ལུ་གུ་རེར་སྒོར2000ལྟར་ཕྱིར་བཙོངས་པ་ཡིན། རང་ས་གནས་ཀྱི་ལུག་རྒྱུད་འདིར་དགའ་བའི་གསོ་སྤེལ་ཁྱིམ་ཚང་དག་གིས་སྔ་མོ་ནས་འགྱུར་རྟེན་སྤྲད་དེ། སང་ལོའི་དཔྱིད་མགོར་ལུག་ལེན་དུ་ཡོང་རྒྱུ་རེད”ཟེར།

“ང་ནི‘རྩྭ་ཐང་གི་བུ་ཕྲུག’ཡིན་པས། ས་འདིར་བརྩེ་བ་ཟབ་མོ་ཡོད།” 2008ལོར། མཚོ་རྒན་པ་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། བློ་བརྟན་འགྱུར་མེད་སྒོས་ཕྱིར་ཕ་ཡུལ་དུ་ལོག་སྟེ་རྒྱུས་མངའ་ཡོད་པའི་རྩྭ་ཐང་དུ་འཚོ་བ་རོལ་མགོ་བརྩམས།

“རྩེ་ཁོག་ནི་ཕྱུགས་ལས་གཙོ་བོ་ཡིན། ཕ་ཡུལ་འཕེལ་རྒྱས་གཏོང་བསམ་ན་རང་ཉིད་ཀྱི་ལམ་ཞིག་བསྙེག་དགོས་པར་མ་ཟད། ངེས་པར་དུ་རང་ས་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། དགེ་མཚན་དེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་སུ་བསྒྱུར་དགོས།”ཕ་ཡུལ་གྱི་ཐོན་ཁུངས་དགེ་མཚན་དེ་མཚོ་རྒན་པས་སྔ་མོ་ནས་ཤེས་ཡོད།  ཁོས་སློབ་སྦྱོང་གི་ཁོམ་སྐབས་སུ་ཁྱིམ་མི་དང་མཉམ་དུ་རྩྭ་ཐང་ནས་ལུག་གི་ཁ་གྲངས་ལེན་པ་དང་ལུག་འཚོ་སྐྱོང་བྱས་ཏེ། ལུག་རྒྱུད་དབྱེ་འབྱེད་ཀྱི“རྩལ་ནུས”ཤིག་སྦྱངས་ཡོད།  “སྐབས་དེར་ཁྱིམ་གྱིས་གསོ་སྤེལ་བྱེད་པའི་ལུག་ནི་སྤྱིར་བཏང་གི་ལུག་ཡིན་པ་དང་། སྐབས་རེར་ལུག་ཁྲ་རེ་གཉིས་ཀྱང་དེའི་ཁྲོད་བསྲེས་ཡོད། ལུག་ཁྲའི་ཁ་གྲངས་ཉུང་ཡང་ངའི་ཡིད་དབང་ཅིག་ཅར་དུ་ཕྲོགས་སོང་།” ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། ལུག་ཁྲ་ནི་རང་ས་གནས་ཀྱི་ལུག་དང་རི་དྭགས་གཉན་སྡེབ་པའི་ལུག་རྒྱུད་ཡིན་པ་དང་། དེའི་གཟུགས་སྟོབས་སྤྱིར་བཏང་གི་ལུག་ལས་ཆེ་ལ། ལུས་སྟེང་གི་རི་མོ་ཡང་གསལ་ལེར་གནས་པས། རྩྭ་ཐང་དུ་ངོས་འཛིན་སླ།

“སྐབས་དེར་ལུག་དེ་ཧ་ཅང་ཡག་པོ་ཞིག་རེད་བསམས་སོང་། དེའི་རྗེས་ནས་ལུག་ཁྲ་སྲུང་སྐྱོང་དང་གསོ་སྤེལ་བྱེད་མགོ་བརྩམས།”

ལུག་ཁྲ་གསོ་སྤེལ་བྱེད་པའི་རེ་འདུན་མངོན་འགྱུར་དང་། དེ་ལས་ཀྱང་རྩ་ཆེ་བའི་རང་ས་གནས་ཀྱི་ལུག་རྒྱུད་འདི་འཚོ་སྐྱོང་བྱེད་ཆེད། མཚོ་རྒན་པས་ནུས་ཤུགས་གང་ཡོད་བཏོན།

ཁོ་ཉེ་འཁོར་གྱི་འབྲོག་པའི་རྩྭ་ས་དང་ཕྱུགས་རར་སོང་སྟེ། ལུག་སྟོང་ཕྲག་ཁ་ཤས་ཁྲོད་ནས་རེ་རེ་བཞིན་བདམས་ཤིང་ཡང་ཡང་ཞིབ་བལྟ་བྱས་མཐར། ཆེད་དུ་གཟུགས་སྟོབས་ཆེ་བ་དང་ཁ་དོག་ཡག་པ། རྒྱུད་དག་པའི་ལུག་ཁྲ་བཙལ། ཁོས་བློར་བབས་ཚེ་རིན་གོང་སྒོར་སྟོང་བདུན་ནས་བརྒྱད་དང་། ཐ་ན་སྒོར་ཁྲི་གཅིག་གི་རིན་གོང་མཐོན་པོ་ཡིན་ཡང་ཉོས་པ་རེད། སྔ་གཞུག་ཏུ་ལུག་བདུན་བརྒྱད་ཙམ་ཉོས་པ་དང་། ལུག་དེ་དག་རང་ཁྱིམ་གྱི་ཕྱུགས་རར་དེད་ནས་ལུག་ཁྲ་གསོ་མགོ་བརྩམས།

མཚོ་རྒན་པས་ཞིབ་ཚགས་ངང་འཚོ་སྐྱོང་བྱས་འོག མ་མོ་ལུག་ཁྲས་ལུ་གུ་ཞིག་རྩེབས་པ་རེད། “ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་གསོ་སྤེལ་ཁྱིམ་ཆེན་ཞིག་གིས་སྒོར་ཁྲི2.5ཡིས་རྒྱུད་བཟང་ལུ་གུ་ཞིག་ཉོས་པས། སྐབས་དེར་དངོས་གནས་ཁྱད་ལྡན་ཕྱུགས་རིགས་གསོ་སྤེལ་གྱི་ཁེ་ཕན་རེག་བྱུང་།”

མཚོ་རྒན་པས“ཐབས་ལམ་དེ་སྤྱད”རྗེས། ཁྱིམ་གྱི་ཚོང་ཁང་བཙོངས་ནས་སྒོར་ཁྲི38བསྡུ་རུབ་བྱས་ཏེ་རྒྱུད་བཟང་ལུག་ཁྲ80ལྷག་ཉོས་པ་དང་། དེ་ནས་རྩྭ་ས་སྤྱི་ཆིང666.67གླས་པར་མ་ཟད། ཁྱིམ་ཚང་ཕྱུགས་ར་བསྐྲུན་ནས་ཁ་ཐོར་གྱི་གསོ་སྤེལ་དེ་རིམ་བཞིན་གཞི་ཁྱོན་ཅན་དུ་བསྒྱུར།

ད་ལྟ། མཚོ་རྒན་པར་ལུག་ཁྲ400ལྷག་ཡོད་པ་དང་། གསོ་སྤེལ་བྱེད་ཐབས་དེ་སྔ་མོ་ནས་རང་བྱུང་རྒྱུད་སྡེབ་དང་རང་བྱུང་གསོ་སྤེལ་གྱི་རྣམ་པ་ནས་ཚན་རིག་ནུས་མཐོའི་རྣམ་པ་གསར་པར་བསྒྱུར།

མཚོ་རྒན་པས་དྲ་ཐོག་ནས་རྒྱུ་ཆ་འཚོལ་བ་དང་། རྫོང་གི་ལག་རྩལ་པའི་རྗེས་དེད་ནས་སློབ་སྦྱོང་བྱས་པ་བརྒྱུད། ལུག་རྒྱུད་འདེམས་པ་དང་དུས་མཉམ་དུ་སྦྱིག་པ། ཚན་རིག་དང་མཐུན་པར་གསོ་བ་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད། ཁོས“7+5”གསོ་སྤེལ་བྱེད་ཐབས་གསར་པ་ཁྱབ་གདལ་བཏང་བ་དང་། ཟླ7འགོར་བའི་ལུ་གུ་རྩྭ་ས་ནས་གསོས་ལ། ཟླ5འགོར་བའི་ལུ་གུ་ལུག་ར་ནས་སྲན་མ་དང་མ་རྨོས་ལོ་ཏོག ཡུག་རྩྭ་སོགས་གཟན་ཆས་ཀྱིས་གསོས་པ་རེད། དེ་ལྟར་བྱས་ན་གཅིག་ནས་རྩྭ་སར་སྲུང་སྐྱོང་བྱེད་ཐུབ་ལ། གཉིས་ནས་མ་མོའི་ལུ་གུ་རྩེབས་ཚད་ཀྱང་ལོ་རེར་ཐེངས་གཅིག་ནས་ཐེངས་གཉིས་སུ་འགྱུར་བ་ཡིན།

“ངས་ད་ལྟ་གཙོ་བོ‘ལུ་གུ་དཔལ་འབྱོར’འཕེལ་རྒྱས་གཏོང་བཞིན་ཡོད། ལུག་ཁྲ་ནར་སོན་པ་མགྱོགས་ལ་ཚིལ་ཡང་ཉུང་བས། ཤ་རྐྱང་རྐྱང་རྒྱ་མ50ལ་སླེབས་པ་དང་། དྲི་ངན་མི་བྲོ་ཞིང་འོ་མའི་ཐོན་ཚད་མང་བ། ཤ་རྒྱུ་སྙི་ལ་ཁུ་བ་མང་བས་གདོད་མའི་རྩྭ་གསོས་ལུག་ཡིན། གཞན་གྱི་ལུག་ཆེས་མང་ན་སྒོར་བརྒྱ་ཕྲག་ལ་བཙོང་ཐུབ།  ངའི་ལུག་ཆ་སྙོམས་ཀྱིས་སྒོར1000རེར་འཚོང་བཞིན་ཡོད་པས། ལོ་རེའི་ཡོང་སྒོ་སྒོར་ཁྲི40ཡོད།”

མཚོ་རྒན་པ་ཕྱུག་པོར་གྱུར་རུང་ཡུལ་མི་ཚོ་ནམ་ཡང་བརྗེད་ཀིན་མེད། ད་ལྟ། ཁོའི་ཕྱུགས་ར་སྡེ་བའི“ཕྱུག་བསྒྱུར་ས་ཚིགས”སུ་གྱུར་བ་དང་། རང་དང་སྡེ་བ་གཅིག་པའི་སྡེ་མི8གླས་ཡོད་ལ། དེའི་ཁྲོད་དབུལ་ཐར་ཁྱིམ་ཚང་ཁ་ཤས་ཀྱང་ཡོད་པ་རེད། “དབྱར་ཁར་རྩྭ་ས་ནས་ལུག་གསོས་ན་ཟླ་རེར་ཟླ་ཕོགས་སྒོར3500སྟེར་བ་དང་། དགུན་ཁར་ལུག་ར་ནས་ལུག་གསོས་ན་ཟླ་རེར་ཟླ་ཕོགས་སྒོར2500སྟེར་བཞིན་ཡོད། ཟླ་ཕོགས་སྟེར་བ་ཙམ་མིན་པར། སྡེ་མི་ཚོས་རང་ཉིད་ཀྱི་ལུག་གསོ་འདོད་ཚེ་འདི་ནས་སྤུས་ལེགས་ལུ་གུ་ཉོས་ཆོག རྒྱུད་སྡེབ་པ་དང་སྦྱིག་པ་ཚོད་འཛིན་བྱེད་པ། ལུ་གུའི་ནུ་མཚམས་གཅོད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གཟན་གསོ་བྱེད་ཐབས་སོགས་ཀྱང་ངས་བུམ་པ་གང་བྱོའི་ཚུལ་དུ་ཁྲིད་ངེས།”ཡུལ་མི་ཚོའི་འགྱུར་ལྡོག་གླེང་བ་ན། ཁོས་དགའ་སྤྲོའི་ངང་བཤད་རྒྱུར།“ད་ལྟ། ཕྱུགས་རར་བརྟེན་ནས་མི་མང་པོ་ཞིག་གིས་དངུལ་བུན་འཇལ་བར་མ་ཟད། ཁྱིམ་ཚང་འགས་བྱིས་པའི་སློབ་ཡོན་དང་ཁྱིམ་ཚང་གི་འཚོ་བའི་གྲོན་དངུལ་ཡང་དེར་བརྟེན་ཡོད་པ་རེད།”

མཚོ་རྒན་པ་རྩྭ་ཐང་དང་བྲལ་མ་མྱོང་མོད། ཁོས་རྩྭ་ཐང་གི་ཐོན་ཁུངས་རྒྱུག་པོར་བཏང་བྱུང་། ཕ་ཡུལ་དུ་ལོག་པའི་སློབ་མ་ནས“ལུག་ཁྲ་ཕྱུག་བསྒྱུར་སྣེ་ཁྲིད་པའི་བར་དུ།” ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་ཞེན་དེ་བརྟན་སྲུང་བྱས་པ་དང་། ལུག་གཅིག་གི“གཟུགས་སྟོབས”དེ“རིན་ཐང”དུ་བསྒྱུར་ནས། རང་ས་གནས་ཀྱི་ལུག་རྒྱུད་བཟང་པོ་སྲུང་བར་མ་ཟད། ཡུལ་མི་ཚོའི་སྣེ་ཁྲིད་དེ་རྩྭ་ཐང་དུ་རྐང་ཟུག་པའི་ཡོང་སྤར་ལམ་དུ་བསྐྱོད། ཁོའི་འཚོ་བ་ནི་ཕྱུགས་རའི་ནང་གི“བལ་ལྭ་ཁྲ་ཁྲ”གྱོན་པའི་ལུག་ཁྲ་དེ་དག་དང་མཚུངས་པར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། །

བན་དེ་སྐྱབས་ཀྱིས་སྒྲིག་སྒྱུར་བྱས།