
དགུན་འགོ་མར། ཨ་མྱེས་རྨ་ཆེན་གངས་རི་ལ་གསེར་མདོག་གི་ཉི་འོད་སེར་པོ་འཕྲོས་ཡོད་པ་དང་། མཚོ་སྔོན་པོའི་རླབས་ཕྲེང་ཟེགས་པའི་མཚོ་ངོས་བརྒྱུད་དེ་ཉི་འོད་འཇམ་པོ་ཞིག་རིམ་གྱིས་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་ཆུས་ཧྲང་ཞིན་ཀྲོང་གྲོང་རྡལ་རྒྱ་ཡག་སྡེ་བའི་སྒོ་ར་ཆུང་ཆུང་ཞིག་ཏུ་འཕྲོས་ཡོད། ཁང་བའི་ནང་དུ་དབྱང་ཡུང་ལིའང་ཤིང་གི་རྐུབ་སྟེགས་ཤིག་གི་སྟེང་དུ་ཁུ་སིམ་མེར་བསྡད་ནས་ལག་པ་གཅིག་གིས་ཁེ་གྲི་བཟུང་བ་དང་། ལག་པ་གཅིག་གིས་ཚོན་སྐུད་འཐེན་ཏེ། དཔུང་བ་གཉིས་གྲུ་གཟིངས་དང་འདྲ་བར་བོད་ལུགས་ས་གདན་གྱི་འཕྲེད་ཐིག་བར་དུ་བརྟན་བརླིང་ངང་སྐྱོད་བཞིན་ཡོད།
“བོད་ལུགས་ས་གདན་འདི་འཐག་ཚར་རྗེས་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་དུ་ཉར་ཚགས་བྱེད་པར་སྐྱེལ་རྒྱུ་ཡིན།” དབྱང་ཡུང་ལིའང་གིས་འཐག་བཞིན་པའི་བོད་ལུགས་ས་གདན་ལ་བྱིལ་བྱིལ་བྱས་ཏེ་མིག་ལ་འཛུམ་མདངས་ཀྱིས་ཁེངས་ནས་ཁྱིམ་ཚང་དང་སྡེ་བས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ལག་རྩལ་འདི་ཞིབ་རྒྱས་ངང་བཤད།
རྒྱ་ཡག་བོད་ཀྱི་ས་གདན་ནི་མཚོ་སྔོན་ཧོང་ཀྲུང་རྒྱ་ཡག་སྡེ་བ་ནས་བྱུང་བ་ཡིན། སྡེ་བ་སྐུ་འབུམ་དགོན་པ་དང་ཐག་ཉེ་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་སྐབས་སུ་སྐུ་འབུམ་དགོན་པ་རྒྱས་སྐྲུན་བྱས་པས་དགོན་པའི་དགོས་མཁོ་སྐོང་ཆེད། རྒྱ་ཡག་བོད་ལུགས་ས་གདན་བྱུང་བ་དང་། དུས་དེ་ནས་བཟུང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།
ལོ་ངོ་སུམ་བརྒྱ་ལྷག་འགོར་བ་བརྒྱུད་རྒྱ་ཡག་བོད་ལུགས་ས་གདན་གྱི་ལག་རྩལ་དབྱང་ཡུང་ལིའང་ལ་བརྒྱུད་སྤྲོད་བྱས་ནས་མི་རབས་བདུན་པར་སླེབས་ཡོད། 2006ལོར་རྒྱ་ཡག་བོད་ལུགས་ས་གདན་འཐག་པའི་ལག་རྩལ་འདི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་སྐོར་ཐེངས་དང་པོའི་ནང་བཞག་པ་རེད། 2007ལོའི་ཟླ་6པར། དབྱང་ཡུང་ལིའང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་རྒྱ་ཡག་བོད་ལུགས་ས་གདན་འཐག་པའི་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པ་ནི་རྒྱ་ཡག་བོད་ལུགས་ས་གདན་དར་རྒྱས་ཆེ་བའི་དུས་སྐབས་ཡིན། སྡེ་བར་ཁྱིམ་ཚང་དྲུག་བརྒྱ་ཙམ་ཡོད་པ་དང་། ཕལ་ཆེར་ཁྱིམ་ཚང་རེར་བོད་ལུགས་ས་གདན་འཐག་པའི་སྒྲ་གྲགས་བཞིན་ཡོད། སྐབས་དེར་དབྱང་ཡུང་ལིའང་གིས་ཨ་ཕ་དང་འདྲ་བར་འཐག་པ་ཆེས་མང་བ་ནི་སྲོལ་རྒྱུན་གྱི་བཀྲ་ཤིས་རི་མོ་དང་འཚོ་བའི་མཁོ་རྫས་སོགས་ཡིན།
འོན་ཀྱང་དུས་རབས་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས། སྡེ་བའི་འཚོ་བ་རོལ་བའི་ཐབས་ལམ་ཇེ་མང་དུ་ཕྱིན་པ་དང་། འཕྲུལ་ཆས་ཀྱིས་འཐག་པའི་ས་གདན་ཡང་ཇེ་མང་དུ་ཕྱིན་པས། རྒྱ་ཡག་བོད་ལུགས་ས་གདན་སྐབས་ཤིག་གི་རིང་ཚོང་བྲིན་མེད་པར་གྱུར། དང་ཐོག་ངས་ཀྱང་རྒྱུན་འཛིན་ཞེས་པ་ཅི་ཞིག་ཡིན་པ་མི་ཤེས། བོད་ལུགས་ས་གདན་གྱི་ཁྲོམ་རའི་གནས་བབ་མི་བཟང་བའི་སྐབས་སུ་ཕྱི་ལ་ཞོར་ལས་བྱེད་དུ་འགྲོ་བཞིན་ཡོད། དགུན་དཀྱིལ་ལ་ཐོན་དུས་ད་གཟོད་བཟའ་ཟླའི་རོགས་རམ་འོག་བོད་ལུགས་ས་གདན་རེ་གཉིས་འཐག་གིན་ཡོད། སྐད་ཆ་བཤད་བཞིན་པའི་དབྱང་ཡུང་ལིའང་གིས་ལག་ཟུང་གཉིས་ཀྱིས་འཕྲེད་ཐིག་འཐེན་ཞོར་བྱང་ཆ་ལྡན་པའི་སྒོ་ནས“བཀྲ་ཤིས་རྟགས་བརྒྱད”འཐག
“མེས་པོའི་རིང་གི་ལག་རྩལ་འདི་རྒྱུན་འཛིན་བརྒྱུད་སྤྲོད་མ་བྱས་ན། རྒྱ་ཡག་བོད་ལུགས་ས་གདན་ཉམས་རྒྱུ་རེད།” དབྱང་ཡུང་ལིའང་ཞོར་ལས་ལ་ཁོམ་གྱིན་མེད་དུས་ཧོང་ཀྲུང་ཆུས་ཀྱི་ལས་བྱེད་པ་རྣམས་ཆེད་དུ་འཚམས་འདྲིར་ཕེབས་ནས་དབྱང་ཡུང་ལིའང་ལ་རང་ཉིད་ཕྲག་སྟེང་གི་འགན་འཁྲི་གསལ་པོར་ཚོར་དུ་བཅུག
“དེང་གི་སྐབས་འདིར་རྒྱ་ཡག་བོད་ལུགས་ས་གདན་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལས་བརྒལ་ཏེ་མཛེས་རིག་གི་རིན་ཐང་ཁྱད་དུ་འཕགས་ཡོད།” ཡང་བསྐྱར་ལས་འདིར་འཇུས་པའི་དབྱང་ཡུང་ལིའང་གིས་ལག་རྩལ་རྙིང་པའི་རིན་ཐང་བརྟན་སྲུང་བྱེད་པ་བདམས་པར་མ་ཟད། ལུས་པོ་སྒུར་སྒུར་གྱིས་ལུག་བལ་བླངས་ནས་ལས་ཡོད་ཚད་ཀྱི་འགོ་ཡང་བསྐྱར་བརྩམས།
“ང་ཚོས་སྤྱོད་པའི་ལུག་བལ་གཙོ་བོ་ནི་མདོ་དབུས་མཐོ་སྒང་གི་བོད་རྒྱུད་ལུག་བལ་ཡིན།” དབྱང་ཡུང་ལིའང་གིས་ལུག་བལ་སེལ་ཡོད་པ་ཞིག་བླངས་ནས་ལུག་བལ་འདིའི་རིགས་རིང་བ་དང་འཐེན་རྒྱུ་ཡོད་པས། འདིས་འཐག་པའི་ས་གདན་བཀོལ་ཡུན་རིང་ཞེས་འགྲེལ་བཤད་བྱས།
དབྱང་ཚང་གི་སྒོ་རའི་ནང་དུ་རྩི་ཤིང་གི་དྲི་ཞིམ་ཕྲ་མོ་ཞིག་གིས་ཁེངས་ཡོད། ཁང་མིག་ཆེ་བའི་འགྲམ་གྱི་སླ་ང་ཆེན་པོའི་ནང་དུ་རམས་རྩད་དང་ལྕུམ་རྩད། མྱང་རྩི་སྤྲས་བཅས་ཆུ་ཁོལ་ནང་དུ་གདུ་བཞིན་ཡོད་པ་དང་། གསེར་མདོག་དང་སྔོ་ནག་སོགས་ཀྱི་ཚོས་རྫས་སྣ་ཚོགས་བཙོས་ཡོད། རང་བྱུང་རྩི་ཤིང་དང་གཏེར་རྫས་ཀྱི་ཚོས་འདི་དག་སྤྱད་ན། ཁ་དོག་འཇམ་ཞིང་བབ་ཆགས་ཡིན་པ་མ་ཟད། ད་དུང་ལུག་བལ་གྱི་ཚི་སྣ་ལ་མི་གནོད་པ་མ་ཟད། ཁོར་ཡུག་ལའང་ཁུར་པོ་ཅི་ཡང་མི་བཟོ།
དབྱང་ཡུང་ལིའང་གིས་ཚོས་བརྒྱབ་པའི་ཚོན་ལྡན་གྱི་བལ་སྐུད་དེ་གྲུག་རིལ་དུ་དཀྲིས་ནས་འཁེལ་འཐག་འཕྲུལ་འཁོར་དུ་བཀལ། ཁོའི་མིག་ལམ་དུ་ལུག་བལ་ཡིན་ན་འདྲ། ཚོས་རྫས་ཡིན་ན་འདྲ། ཚང་མ་མདོ་དབུས་མཐོ་སྒང་གི་ས་ཆ་འདིས་གཏོང་ཕོད་ཆེན་པོས་གནང་སྦྱིན་ཞིག་ཡིན། རྒྱ་ཡག་བོད་ལུགས་ས་གདན་འཐག་པའི་ལག་རྩལ་ལ་མེས་པོའི་སྐྱེ་ཁམས་ཀྱི་བློ་གྲོས་དེ་བས་འདུས་ཡོད།
ཐུན་མོང་མ་ཡིན་པའི“བཀྲ་ཤིས་རྟགས་བརྒྱད”འཐག་ཐབས་ཀྱིས་ས་གདན་འདི་ཧ་ཅང་ཚགས་དམ་ལ་བརྡར་བཟོད་ཐུབ་པ་ཞིག་ཏུ་གྱུར་ཡོད། དབྱང་ཡུང་ལིའང་གིས་འཐག་ཟིན་པའི་ས་གདན་ལ་རེག་ནས་བོད་ལུགས་ས་གདན་ཡག་པོ་ཞིག་ལོ་ངོ་ཉིས་བརྒྱ་ཡན་ལ་སྤྱོད་ཐུབ་ཟེར། ཁོ་ཚང་གི་ཁྱིམ་གྱི་དྲོད་འཁྱམ་དུ་ད་དུང་ཉམས་གསོ་བྱས་པའི་ས་གདན་འགའ་བཞག་ཡོད། དངོས་རྫས་བལྟོས་བཅས་ཀྱིས་དཀོན་པའི་མཐོ་སྒང་དུ་འདི་ནི་ཐོན་ཁུངས་ལ་གཅེས་སྤྲས་དང་གྲོན་ཆུང་བྱས་པ་ཞིག་ཡིན།
བཟོ་རྩལ་རྙིང་པའི་ཁྲོད་དུ་སྐྱེ་ཁམས་ཀྱི་བློ་གྲོས་ཇི་ལྟར་འདུས་པར་བྱེད་དགོས་ཞེ་ན། དབྱང་ཡུང་ལིའང་གིས་གཙང་གསུམ་མགོ་ཁུངས་ཀྱི་མཛེས་སྡུག་དང་། མཚོ་སྔོན་པོའི་དྭངས་གསལ། གཙོད་ཀྱི་རྣམ་རིག་སོགས་མཐོ་སྒང་སྐྱེ་ཁམས་ཀྱི་གཞི་རྒྱུ་སྲོལ་རྒྱུན་གྱི་བསླས་འཐག་རི་མོའི་ནང་འདྲེས་སུ་བཅུག་ནས། བོད་ལུགས་ས་གདན་དེ་རེག་ཐུབ་པ་དང་འཁྱེར་ཆོག་པའི་མཐོ་སྒང་སྐྱེ་ཁམས་ཀྱི“ཡིག་བྱང་”ལྟ་བུ་ཞིག་ཏུ་གྱུར་ཡོད། གསར་གཏོད་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་དང་མཐུན་པར་གྱུར་བ་རེད།
གཞི་གྲངས་ལྟར་ན། མིག་སྔའི་བར་མཚོ་སྔོན་ལ་རིམ་པ་ཁག་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་3761དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་5793ཡོད་པ་རེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤུལ་བཞག་ཐོན་ཁུངས་ལ་རྐང་ཚུགས་ནས། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། “སྐྱེ་ཁམས་རིག་གནས་དང་མཉམ་འབྲེལ”མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་གནའ་བོའི་ལག་རྩལ་ལ་གསོན་ཤུགས་གསར་པ་བསྩལ་ཡོད།
མཚོ་སྔོན་གྱི་རི་བོ་སྔར་ལས་སྔོ་ལྗང་དང་ཆུ་བོ་སྔར་ལས་དྭངས་གསལ་དུ་གྱུར་བས་ཡུལ་སྐོར་དུ་ཡོང་མཁན་ཡང་ཇེ་མང་དུ་གྱུར། དབྱང་ཡུང་ལིའང་གིས་ཁོ་ཚོ་མཚོ་སྔོན་གྱི་མཛེས་སྡུག་ལ་དགའ་བ་དང་། མཛེས་ལྗོངས་འདི་དག་ཕྱིར་ཁྱེར་བར་ཡང་དགའ་ཟེར། རྒྱ་ཡག་བོད་ལུགས་ས་གདན་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་ལ་རེག་ཐུབ་པའི“ཡིག་བྱང་”ལྟ་བུ་ཞིག་ཏུ་གྱུར་ནས་གནའ་བོའི་སྐྱེ་ཁམས་ཀྱི་བློ་གྲོས་དང་དེང་རབས་ཀྱི་ལྗང་མདོག་གི་དོན་གཉེར་སྦྲེལ་མཐུད་བྱས་ཡོད།
རྒྱུན་འཛིན་གྱི་མེ་དཔུང་ཆེ་ནས་ཆེ་རུ་སྦར། དབྱང་ཡུང་ལིའང་གིས་ཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱས་པའི་ཐུན་མོང་མ་ཡིན་པའི་བོད་ལུགས་ས་གདན་འཐག་རྩལ་འདི་རྒྱུན་འཁྱོངས་བྱས་པ་མ་ཟད། “སྐྱེས་པ་ལ་བརྒྱུད་སྤྲོད་བྱེད་པ་ལས་སྐྱེས་མ་ལ་བརྒྱུད་སྤྲོད་མི་བྱེད་པའི”སྲོལ་རྒྱུན་རྙིང་པ་གཏོར་ནས་སོར་འཇོག་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་འཐག་རྩལ་འདི་ཆུང་མ་དང་བུ་མོ་ལ་བརྒྱུད་སྤྲོད་བྱས་པ་མ་ཟད། ཕྱོགས་བཞིའི་དགེ་ཕྲུག་དང་གྲོང་གསེབ་ཁྱིམ་མཚེས་ལའང་བརྒྱུད་སྤྲོད་བྱས་ནས་ཕན་ཐོགས་པར་བྱས་ཏེ། སྡེ་བའི་ཞིང་ཁྱིམ་བརྒྱ་ལྷག་བོད་ལུགས་ས་གདན་འཐག་པའི་ཐོན་ལས་ནང་ཞུགས་ནས་ལོ་རེའི་ཡོང་འབབ་སྒོར་ས་ཡ་གཅིག་ལས་བརྒལ་ནས་གནའ་བོའི་ལག་རྩལ་འདི་ཡུལ་མི་ཚོའི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལྟ་བུ་ཞིག་ཏུ་གྱུར།
རྒྱ་ཡག་བོད་ལུགས་ས་གདན་གྱི་ལས་གཞི་ནི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་ཚོད་ལྟའི་ཁུལ་དུ་རིམ་པ་ཁག་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་470ཡོད་པ་དང་། མཐོ་སྒང་དུ་རྩ་བ་ཚུགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་འདི་དག་གིས་ཐུན་མོང་ཐོག་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཀྱི“གསོན་རྣམ”དྲ་རྒྱ་བསྐྲུན་ནས། རིག་གནས་ཀྱི་རྩ་བ་རྒྱུན་འཛིན་དང་སྐྱེ་ཁམས་ཀྱི་འདུ་ཤེས་ལག་ལེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཉི་མ་ནུབ་རིའི་ཕྱོགས་སུ་བཞུད་དུས། བོད་ལུགས་ས་གདན་འཐག་པའི་སྒྲ་སྔར་བཞིན་རྒྱ་ཡག་སྡེ་བའི་ས་སྲོད་ཁྲོད་དུ་གྲགས་བཞིན་ཡོད། དབྱང་ཡུང་ལིའང་གི་ལག་ཟུང་མུ་མཐུད་དུ་འཕྲེད་ཐིག་བར་དུ་ཁོམ་གྱིན་མེད། “བཀྲ་ཤིས་རྟགས་བརྒྱད”འཐག་པ་འདི་མཛེས་སྡུག་ལྡན་པའི་བོད་ལུགས་ས་གདན་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱེད་པའི་ལམ་བུ་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་བསྒྲགས་གཏམ་ཞིག་ཡིན་ལ། དུས་རབས་གསར་པའི་རིག་གནས་ཀྱི་གདེང་ཚོད་དང་སྐྱེ་ཁམས་རང་རྟོགས་བར་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན།
མཚོ་མོ་སྐྱིད་ཀྱིས་བསྒྱུར།