
ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4500ཡོད་པའི་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ། སྙན་འཇེབས་ལྡན་པའི་གླུ་གཞས་གང་སར་མཆེད་ཅིང་གངས་རི་བརྗིད་ཉམས་ཀྱིས་འགྱིང་ཡོད་ནའང་། ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་སོགས་རྒྱུ་རྐྱེན་དུ་མའི་དབང་གིས། དྲེག་གྲུམ་གྱི་ནད་དང་ཐུམ་འབུའི་ནད། གློ་བའི་གཅོང་གནད་སོགས་མཐོ་སྒང་གི་ཡུལ་དུ་རྒྱུན་པར་བྱུང་བའི་དབང་གིས། དུས་ཡུན་རིང་བོར་ས་གནས་དེའི་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་ཆེན་པོ་བསྐྱལ་ཡོད།
2025ལོའི་ཟླ7པར། པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཚོགས་པའི་ཁོངས་མི་ཞིག་ཡིན་པའི། པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་སྨན་ཁང་གི་སྨན་བཅོས་ཆེད་མཁས་པ། དགེ་རྒན་ཆེན་མོ་ཞུས་ལན་ན་ཡིས་པེ་ཅིང་གིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ཁྲི་འདུ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་འགན་དང་དུ་བླངས་ཡོད། ཁོ་མོ་ཡུས་ཧྲུའུ་ལ་ཐོན་པ་དེས། སྨན་བཅོས་ལག་རྩལ་བཟང་བོ་ཡུས་ཧྲུའུ་ལ་འཁྱེར་ཡོང་བ་ཙམ་མ་ཡིན་པར། ས་གནས་དེའི་བདེ་ཐང་གི་དཀའ་ཁག་ཐག་གཅོད་བྱེད་པའི“པེ་ཅིང་གི་སྨན་བཅོས་བྱེད་ཐབས”མ་ལག་དང་ལྡན་པ་ཞིག་འཁྱེར་ཡོང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།
སྨན་པ་ཞུས་ལེན་ན་དང་ཁྲི་འདུ་རྫོང་གི་གཏམ་རྒྱུད་ནི་ཅུང་ཟད་ཐེ་ཚོམ་འདྲེས་མའི་སྒོ་རྡུང་བའི་སྒྲ་ཞིག་ནས་འགོ་བརྩམས་པ་ཡིན།
དེ་ནི་ཁོ་མོ་ཁྲི་འདུ་རྫོང་དུ་ཡོང་ནས་ཉིན་གཉིས་འཁོར་བའི་ཉིན་ཏེ། མཐོ་སྒང་གི་དབྱང་དབུགས་དཀོན་པའི་གནམ་གཤིས་དང་རྦད་དེ་གོམས་ལོབས་སུ་སོང་མེད་པ་དང་གཞུང་སྒྲུབ་ཁང་གི་སྒེའུ་ཁུང་ཕྱི་རོལ་ནི་གཡའ་དག་པའི་ནམ་མཁའ་སྔོན་པོ་ཞིག་ཡིན་ལ། སྒོ་བརྡུངས་ནས་ནང་དུ་ཡོང་མཁན་ནི་བོད་རིགས་བུད་མེད་ཅིག་ཡིན་ཞིང་། ཁོ་མོའི་དམར་སྨུག་གི་ངོ་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ཤིང་། ལག་ཏུ་བརྟག་དཔྱད་ཡི་གེ་ཞིག་དམ་པོར་བཟུང་ཡོད་ལ། བརྟག་དཔྱད་ཡི་གེ་དེ་ཐེངས་དུ་མར་ལག་སྣོག་བྱས་པའི་དབང་གིས་ཕྱོགས་བཞི་གང་ས་ཡར་འཁྱིལ་མར་བཀུག་བྱས་འདུག ཡིན་རྒྱུ་ནི་བོད་རིགས་བུད་མེད་དེས་མཐའ་མའི་རེ་བ་བཅངས་ཏེ། གསར་དུ་སྨན་ཁང་དེར་ཡོང་མ་ཐག་པའི“པེ་ཅིང་གི་སྨན་པའི”གམ་ལ་མོའི་ཨ་ཕའི་ནད་བབ་འདྲི་རུ་ཡོང་བ་ཡིན་འདུག
བོད་རིགས་བུད་མེད་དེའི་སྐད་ལ་འདར་ཆ་འདྲེས་ཞོར་བཤད་རྒྱུར། ཡོན་ཀྲང་ལགས། ངའི་ཨ་ཕ་ལ་རོགས་རམ་བྱེད་རོགས། ཨ་ཕའི་རྐང་པའི་སྟེང་དུ་་ཅོང་རྡོག་གི་ཆེ་ཆུང་ཙམ་གྱི་སྐྲངས་འབུར་ཞིག་ཡོད་ཅིང་། གྲིས་གཙག་པ་དང་འདྲ་བའི་ན་ཟུག་ཆེ་བའི་དབང་གིས། ཞག་གང་བོར་གཉིད་ཁུག་མི་ཐུབ་པར་མ་ཟད། ཐ་ན་རྐང་པ་སར་སྤོ་སྐབས་ཀྱང་དཀའ་ལས་ཆེན་པོ་འདུག་ཟེར།
སྐད་ཆ་དེ་ཐོས་མ་ཐག་ཏུ། ཞུས་ལན་ན་ཡིས་ལམ་སེང་ལག་གི་ཡིག་ཆ་སར་བཞག་ནས། ངང་རྒྱུད་རིང་བའི་སྒོ་ནས་གནས་ཚུལ་ཞིབ་ཕྲར་གཟབ་ཉན་བྱས་པ་དང་། མོས་བོད་རིགས་བུད་མེད་དེས་འཁྱེར་ཡོང་བའི་བརྟག་དཔྱད་ཡི་གེ་དེ་ལག་ཏུ་བླངས་ནས། བརྟག་དཔྱད་ཡི་གེའི་ངོས་ཀྱི་ཡིག་འབྲུ་རེ་རེ་ཚིག་རིས་གདོང་འདེད་བྱས་ནས་དབྱེ་ཞིབ་ནན་མོ་བྱས། སྨན་པ་ཞུས་ཀྱིས་བརྟག་དཔྱད་ཡི་གེ་དེའི་སྟེང་མཐོང་བ་ནི་ཚད་ལས་བརྒལ་བའི་གཅིན་སྐྱུར་དང་ཤ་ཀན། གཅིན་རྒྱུ་བཅས་ཀྱི་གྲངས་ཚད་ཙམ་མ་ཡིན་པར། ནད་པ་ཕ་རྒན་དེའི་ན་ཟུག་ཆེན་པོས་བཟོས་པའི་ངོ་གདོང་སྐྱ་བོ་དང་མིག་སྔའི་གནད་དོན་ལ་མགོན་དང་སྐྱོབ་མཁན་མེད་པའི་གནས་ཚུལ་ཡང་ཧ་ལམ་མཐོང་གིན་ཡོད་པའི་སྣང་བ་སྟེར། སྨན་པ་ཞུས་ཀྱིས་འདང་ཅུང་ཙམ་བརྒྱབ་རྗེས་སྨྱུ་གུ་བཟུང་ནས་སྨན་ཡིག་ཅིག་བྲིས། སྨན་ཐོ་འདི་དེ་འདྲའི་རིང་པོ་ཞིག་མེད་ནའང་དེའི་སྟེང་གི་ཡིག་གཟུགས་གསལ་ཞིང་གོ་རིམ་ལྡན་པ་ཞིག་ཡིན་པར་མ་ཟད། ཐ་ན་སྨན་སྣ་རེ་རེའི་ཟུར་དུ་སྨན་འཐུང་སྟངས་དང་སྨན་བསྟེན་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ཚང་མའང་གཅིག་ཀྱང་མ་བསྐྱུར་བར་ཞིབ་ཚགས་ཀྱིས་བྲིས་འདུག
ཉིན་འགའི་རྗེས་ནས་སྨན་པ་ཞུས་ཀྱི་གཞུང་སྒྲུབ་ཁང་གི་སྒོ་ཡང་བསྐྱར་བརྡུངས་བྱུང་། ཐེངས་འདིར་སྒོ་རྡུང་བའི་སྒྲ་ནི་གསལ་ཞིང་འཇེབས་ལ་བྲེལ་ཉམས་ཀྱིས་ཀུན་ནས་བརྟས་འདུག སྒོ་ཕྱེས་ནས་བལྟས་པ་ན། སྒོ་བརྡུངས་མཁན་ནི་ཉིན་འགའི་སྔོན་ལ་ཡོང་བའི་བོད་རིགས་བུད་མེད་དེ་རེད། སྐབས་ཐོག་དེའི་ཁོ་མོའི་ངོ་གདོང་ནི་མཐོ་སྒང་གི་ཉི་འོད་ལྟར་བཀྲག་དམངས་ལམ་ལམ་འཚེར་བཞིན་འདུག ཁོ་མོས་བཤད་རྒྱུར། ཁྱེད་ཀྱི་སྨན་ཐོ་ངོ་མ་ཧ་ལས་པ་ཞིག་རེད་ཟེར་ཞོར། མོ་སེམས་འགུལ་ཆེན་པོ་ཐེབས་ནས་ཚུར་གཞུང་ལས་ཁང་གི་ཅོག་ཙེའི་མདུན་དུ་ཡོང་ནས་སྐད་མགོ་མཐོན་པོས་བཤད་རྒྱུར། ཨ་ཕས་ཁྱེད་ཀྱིས་བཀོད་སྒྲིག་བྱས་པའི་སྨན་འཐུང་རྗེས་ཉིན་གཉིས་ནང་ན་ཟུག་དེ་འདྲ་མེད་པར་གྱུར་བ་དང་། ཁ་སང་དགོང་མོ་གཉིད་སྐྱིད་པོ་ཞིག་ཀྱང་ཁུག་སོང་། དེ་རིང་ཞོགས་པ་ཡང་ལག་རྟེན་ལ་འཁེན་ནས་སྒོ་རའི་ནང་གོམ་པ་ཁ་ཤས་འགྲོ་ཐུབ་བྱུང་། ངའི་ཨ་ཕས་པེ་ཅིང་ནས་ཡོང་བའི་སྨན་པས་ཁོ་བསྐྱབས་པ་ཡིན་ཞེས་ཟེར་གྱིན་འདུག
སྐབས་ཐོག་དེར་མཐོ་སྒང་གི་ཉི་འོད་ཀྱིས་སྒེའུ་ཁུང་བརྟོལ་ནས་བབ་ཆགས་ཀྱི་གཞུང་ལས་ཁང་དེར་ཚ་ལམ་ལམ་གྱི་དྲོད་སྣང་ཞིག་ངང་གིས་བསྩལ་བྱུང་། ཐེངས་འདིའི་སྨན་ཐོ་བྲིས་པ་དེ་ནི་ལྡེ་མིག་ཅིག་དང་འདྲ་བར་ལོ་ལོན་རྒན་པ་ཞིག་གི་ན་ཟུག་ཞི་ལྷོད་དུ་བཏང་བར་མ་ཟད། ས་གནས་དེ་གའི་མི་དམངས་ཀྱི་ཡིད་ཆེས་ཀྱི་སྒོ་འཕར་ངང་གིས་ཕྱེས་སོང་།
ཞུས་ལན་ན་ཡིས་ནད་པ་ཞིག་གི་ན་བའི་སྡུག་བསྔལ་གྱི་རྒྱབ་རོལ་ན། ཚོགས་སྤྱི་ཞིག་གི་བདེ་ཐང་གི་བསྡུས་ཟུགས་ཤིག་བཤམས་ཡོད་པ་ཚོར་སྣང་སྐྱེན་པོས་རྟོགས་ཐུབ་ཀྱིན་ཡོད། དེ་ནས་བཟུང་སྨན་པ་ཞུས་ཀྱིས་ཡུས་ཧྲུའུ་ཁུལ་ཁྲིན་འདུ་གྲོང་ཁྱེར་གྱི་མི་དམངས་ལ་གོ་ཆོད་པའི་བདེ་ཐང་གི་སྨན་ཡིག་ཅིག་འབྲི་འགོ་བརྩམས།
ས་གནས་དེའི་མང་ཚོགས་ཀྱིས“སྨན་པ་སྒོ་རྩར་ཡོང་རྒྱུར་སྒུག་པའི”སྲོལ་རྒྱུན་གྱི་སྨན་བཅོས་གོམས་གཤིས་དེར་དམིགས་ཏེ། ཁོ་མོས་ངེས་པར་དུ་གཞན་དབང་གི་སྨན་བཅོས་དེ་རང་འགུལ་ངང་བརྟག་དཔྱད་བྱེད་པར་བསྒྱུར་ནས། ནད་འགོག་གི་འགག་སྒོ་མདུན་དུ་སྤོ་དགོས་པ་གསལ་བོར་ཤེས་ཀྱིན་ཡོད། ཁོ་མོས“ཡུས་ཧྲུའུ་ཡི་དགོས་མཁོ་དང་པེ་ཅིང་གི་བྱེད་ནུས”ཞེས་པའི་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས། རྫོང་མང་པོའི་མི་དམངས་སྨན་ཁང་ལས་སྟེགས་སུ་བྱས་ཏེ། གནད་ལ་འཁེལ་བའི་འབྲེལ་མཐུད་དང་ཕྱོགས་མང་མཉམ་འགུལ་གྱིས“ཚོགས་སྒྲིག་རྣམ་པའི”བདེ་ཐང་བརྟག་དཔྱད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་མྱོང་།
ཁོ་མོས་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་གང་ལེགས་བྱས་ཏེ། པེ་ཅིང་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡི་རྒྱབ་སྐྱོར་འོག ཁུལ་དང་རྫོང་གི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ། པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་དང་ཞིན་ཅང་ཧྲི་ཧོ་ཙེ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཆེད་མཁས་པའི་སྨན་བཅོས་རུ་ཁག་རྩེ་གྲ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཁྲིན་འདུ་རྫོང་དུ་ཐུམ་འབུའི་ནད་ལ་གཅིག་སྡུད་བརྟག་དཔྱད་དང་སྨན་བཅོས་བྱེད་པར་ཡོང་བ་དང་། ཆིང་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་དམ་པོར་སྦྲེལ་མཐུད་བྱས་ཏེ། ཁྲིན་འདུ་རྫོང་ཡོངས་ཀྱི་བྱིས་པ178ལ་རིན་མི་དགོས་པར་ལྷན་སྐྱེས་ཀྱི་སྙིང་ནད་བརྟག་དཔྱད་བྱས་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས། ད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་སྨན་ཁང་དང་མཉམ་འབྲེལ་བྱས་ནས་གསོ་སྦྱོང་གི་འབྲེལ་ཡོད་ལས་དོན་རབ་དང་རིམ་པ་སྤེལ་བ་དང་། རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་བྲང་ནད་ཚན་ཁག་སྨན་ཁང་དང་མཉམ་འབྲེལ་བྱས་ནས་གློ་བའི་གཅོང་ནད་ཀྱི་ཆེད་ལས་ཚན་ཁག་མནའ་འབྲེལ་བཙུགས་ཏེ། གློ་བའི་གཅོང་ནད་ཀྱི་འགོག་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་། སྔོན་འགོག་དང་སྨན་བཅོས། ཚན་རིག་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། མནའ་འབྲེལ་ཁོངས་མིའི་བར་གྱི་ལེགས་ཆ་གསབ་རེས་དང་ཕན་ཁེ་མཉམ་སྤྱོད། མཉམ་དུ་འཕེལ་རྒྱས་འགྲོ་བ་བཅས་མངོན་འགྱུར་བྱས།
“མཉམ་སྡེབ”བྱེད་སྒོ་རབ་དང་རིམ་པ་དེ་དག་གིས་བདེ་ཐང་གི་ལྕགས་རི་བརྟན་པོ་ཞིག་བསྐྲུན་ཡོད། མཐོ་སྒང་གི་མང་ཚོགས་སྟོང་ཕྲག་ཁ་ཤས་ཀྱིས་ཆུ་ཚད་མཐོ་བའི་རིན་མེད་བརྟག་དཔྱད་དང་ལེན་བྱས་པ་དང་། མི་ཚོགས་ཁྲོད་ཡིབ་ཡོད་པའི་ནད་པ་བཅུ་ཕྲག་ཁ་ཤས་དུས་ཐོག་ཏུ་གསལ་འདོན་བྱས་ཏེ། ནད་པ་དེ་དག་ལ་དུས་ཐོག་ཏུ་ཚད་ལྡན་གྱི་སྨན་བཅོས་ཀྱང་བྱས་པར་བརྟེན། འགོས་ནད་སྔར་ལས་ཁྱབ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་ཡོད།
དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི། རང་འགུལ་ངང་སྤེལ་བཞིན་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་པ་དེའི་རིགས་ཀྱིས་ས་གནས་དེའི་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད། ལག་ལེན་དངོས་ཀྱི་ཁྲོད་དུ། སྨན་པ་ཞུས་ལན་ན་ཡིས“ལས་སྟེགས་དང་བསྡུ་སྒྲིལ”གྱི་གནད་ཁེལ་རོགས་སྐྱོར་བྱེད་སྟངས་གསར་པ་ཞིག་ཕྱོགས་སྡོམ་བྱས་ནས་གསར་འདོན་བྱས་ཡོད་དེ། དེ་ནི་ས་གནས་དེའི་སྨན་ཁང་ལས་སྟེགས་གཙོ་བོར་བྱས་ནས། རོགས་སྐྱོར་མངགས་གཏོང་ཡོན་ཀྲང་གི“བསྡུ་སྒྲིལ”གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་མང་པོའི་སྤུས་ལེགས་ཐོན་ཁུངས་སྦྲེལ་མཐུད་བྱེད་པ། རིམས་ནད་གཙོ་བོ་ཐོད་བརྒལ་བྱེད་ས་བརྩི་བ་བཅས་བྱས་ནས། རོགས་སྐྱོར་གྱི་ཕན་འབྲས་ཆེ་ཤོས་མངོན་དུ་འགྱུར་རྒྱུ་དེ་རེད།
སྨན་པ་ཞུས་ལན་ན་ཡིས་ཚོར་སྣང་ཟབ་མོ་ཡོད་པའི་ངང་བཤད་རྒྱུར། པེ་ཅིང་ནས་ཡུས་ཧྲུའུ་ལ་སླེབས་སྐབས། ས་བབ་མཐོ་བའི་དབང་གིས་དེ་བསྟུན་གྱི་བདེ་ཐང་དང་འབྲེལ་བའི་ཞོར་སྐྱོན་མང་དུ་ཐོན་མྱོང་ཡོད་ནའང་། རང་ཉིད་སྨན་པ་ཞིག་ཡིན་པའི་ངོས་ནས་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་བྱུང་མ་མྱོང་ལ། བརྟག་དཔྱད་བྱས་རྗེས་ནད་མེད་པ་ཤེས་འཕྲལ། འབྲོག་པ་མང་ཚོགས་ཀྱི་གདོང་ན་མངོན་པའི་འཛུམ་མདངས་མ་བཅོས་པ་དང་བྱིས་པ་ཚོའི་ལྷད་མེད་ཀྱི་དགོད་སྒྲ་དེ་དག་ངའི་རྣ་བའི་བུ་གར་རྒྱུ་ཐེངས་རེ་རེར། དཀའ་ལས་དང་འབད་བརྩོན་ཚང་མར་རིན་ཐང་ཡོད་པའི་ཚོར་སྣང་སྟེར་གྱི་འདུག གནས་འདིར་ངས་མཐོ་སྒང་གི་མང་ཚོགས་ལ་ནད་བཅོས་བྱེད་ཀྱིན་ཡོད་པར་མ་ཟད། རེ་བ་ཞིག་ཀྱང་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་ཟེར།
སྨན་པ་ཞུས་ལན་ན་ཡིས“པེ་ཅིང་གི་སྨན་བཅོས་བྱེད་ཐབས”རེ་རེ་སྤྱད་དེ། ཁྲིན་འདུ་རྫོང་གི་མི་དམངས་ཀྱི་ན་ཚའི་སྡུག་བསྔལ་སེལ་ནས། པེ་ཅིང་དང་ཡུས་ཧྲུའུ་ཡི་མཛའ་བརྩེའི་མེ་ཏོག་དེ་གངས་ལྗོངས་ས་མཐོའི་སྟེང་བདེ་ཐང་གིས་འདབ་སྟོང་ལྷུག་པོར་གྲོལ་ནས་བཞད་པར་ཤ་ཐང་ཐང་གིས་འབད་ཀྱིན་འདུག
བན་དེ་སྐྱབས་ཀྱིས་བསྒྱུར།