
སྤྱི་ཟླ3པའི་ཚེས20ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཟུར་མང་ཞང་སེར་པོ་སྡེ་བའི་དྲོད་ཁང་ཆེན་མོའི་ནང་དྲོད་ཁོལ་གྱིས་ཁེངས་ཡོད་ལ། སྔོ་ལྗང་འདབ་ལག་རྒྱས་པའི་ཚལ་དཀར་ཆུང་བ་དག་འཚང་ཁ་རྒྱབ་ནས་སྐྱེས་འདུག འདེབས་འཛུགས་མཁན་མགོན་ཡག་དགེ་རྒན་ཞིག་དང་འགྲོགས་ནས་སྔོ་ཚལ་གྱི་གནས་ཚུལ་ལ་ལྟ་ཞོར་དུ། དགེ་རྒན་ཀྲང་ལགས། ཁྱེད་ཀྱིས་ཁྲིད་པའི་རླུང་རྒྱུ་བར་བརྟེན་ནས་དྲོད་ཚོད་འཛིན་བྱེད་ཐབས་དེ་དངོས་ནས་གོ་ཆོད་རེད། སྔོ་ཚོལ་འདི་དག་སྔོན་དང་བསྡུར་ན་སྐྱེ་སྟོབས་ཆེ་རུ་གྱུར་ཡོད་ཅེས་བཤད་པ་ན། ཁོའི་གམ་གྱི་“གཞི་རིམ་ཆེད་མཁས་པ”ཀྲང་ཀྲིན་ཏི་དགོད་ཞོར་དུ། མཐོ་སྒང་ནས་དྲོད་ཁང་ནང་སྔོ་ཚལ་འདེབས་ན། གནད་འགག་ཏུ་གྱུར་པ་ནི་ཞིབ་ཚགས་ཡིན་ལ། ཕྱིས་སུ་ས་ཞིང་གཤིན་པོ་ཡོང་བར་བྱས་ཚེ་ཐོན་སྐྱེད་ཚད་ཀྱང་ཇེ་མཐོར་འགྲོ་ཐུབ་ཟེར། དཔྱིད་དུས་ཀྱི་དྲོད་ཁང་ནང་གི་ལག་རྩལ་མཛུབ་སྟོན་གྱི་ཁ་བརྡ་འདི་ནི། ནང་ཆེན་རྫོང་གི་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་དང་ལག་རྩལ་སྒོ་ཁར་སྐྱེལ་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་རེད།
ད་ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་མགོ་བརྩམས་རྗེས། ནང་ཆེན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི"ཞིང་ལས་ལ་ཚན་རྩལ་དང་སྒྲིག་ཆས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས"པའི་བླང་བྱ་དང་དམ་དུ་སྦྲེལ་ཏེ། སྲིད་ཇུས་སྒྲོག་འགྲེལ་དང་རོང་འབྲོག་པའི་དཀའ་ཁག་སེལ་བ། ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་བཅས་མཉམ་འདྲེས་ཟབ་མོ་བྱེད་པ་དང་། ཟུར་མང་ཞང་གི་འདེབས་འཛུགས་དྲོད་ཁང་ཁྲོད་སྔོན་ཆད་ཐོན་འབབ་དམའ་བ་དང་སྐྱེ་སྟོབས་ཞན་པ་སོགས་ཀྱི་དཀའ་ཁག་བྱུང་བར་ཁ་གཏད་ནས་ནང་ཆེན་རྫོང་རྒྱལ་གཉེར་ཞིང་སའི་འདེབས་འཛུགས་ཆེད་མཁས་པ་ཀྲང་ཀྲིན་ཏི་ཆེད་དུ་གདན་དྲངས་ནས་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། རྩི་རོང་སྡེ་བ་དང་སེར་པོ་སྡེ་བའི་ཚད་ལྡན་གྱི་དྲོད་ཁང་ཆེན་མོ9རུ་ཞིབ་ཅིང་ཕྲ་བའི་ལག་རྩལ་མཛུབ་སྟོན་བྱས་པས། ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་ཞིང་ཕན་སྲིད་ཇུས་དེ་དཔྱིད་རླུང་འཇམ་པོ་དང་འགྲོགས་ནས་ཞིང་ཁ་སོ་སོར་དལ་གྱིས་ལྡང་ཞིང་ཞིང་བའི་སེམས་པའང་དྲོད་ཀྱིས་བརླན་པར་བྱས།
རྩི་རོང་སྡེ་བའི་དྲོད་ཁང་དོ་དམ་པ་བཀྲ་ཤིས་བསམ་འགྲུབ་ཀྱིས། སྔོན་ཆད་སྔོ་ཚལ་འདེབས་དུས། དྲོད་ཚད་མཐོ་དྲགས་ན་རླུང་རྒྱུ་བའི་ཐབས་མི་ཤེས། ས་ཞིང་མཁྲེགས་པོར་གྱུར་ཚེ་ལུད་རྫས་ཇེ་མང་དུ་གཏོང་བ་ཙམ་ལས་ཐབས་མེད་པས། མཐའ་མཇུག་སྔོ་ཚལ་གྱི་མྱུ་གུ་འཚིག་འགྲོ་བའམ་ཡང་ན་རྙིད་པར་གྱུར་འགྲོ་ཞེས་གནས་ཚུལ་གསལ་བོར་བཤད། མཐོ་སྒང་གི་དྲོད་ཚད་དམའ་བ་དང་ཉིན་མོ་ཐུང་བའི་ནམ་ཟླའི་རྐྱེན་གྱིས་འབྲུ་རིགས་འདེབས་འཛུགས་ཀྱི་དཀའ་གནད་ཇེ་མང་དུ་བཏང་ཞིང་། ལག་རྩལ་ཞན་པ་ལས་དྲོད་ཁང་གི་ཐོན་ལས་འཕེལ་རྒྱས་ཐད་ལྷག་ཏུ་བཀག་རྒྱ་ཐེབས་ཡོད།
སྡེ་མའི་དཀའ་ཁག་རྒྱུས་ལོན་བྱུང་རྗེས། གཞི་རིམ་ལས་བྱེད་པས་དུས་ལྟར་དགོས་མཁོ་དང་ལེན་བྱས་ཤིང་། རྫོང་ཞིང་ཕྱུགས་ཅུའུ་དང་ཆུ་བེད་ཅུའུ། ཚན་རྩལ་ཅུའུ་བཅས་ཀྱིས་མགྱོགས་མྱུར་ངང་ལག་རྩལ་ཞབས་ཞུའི་དཔུང་ཁག་རྩ་འཛུགས་བྱས་ཏེ། “གཞི་རིམ་ཆེད་ལས་མི་སྣ”ཀྲང་ཀྲིན་ཏི་ཁྲིད་དེ་འདེབས་འཛུགས་དྲོད་ཁང་ཡོད་སར་སོང་ནས།“ཞིང་ཁའི་སློབ་ཁྲིད”ཀྱི་མགོ་བརྩམས།
དྲོད་ཁང་ནང་ཐོན་པ་ན། ཀྲང་ཀྲིན་ཏི“ཞིང་ཁའི་སྨན་པ”རུ་གྱུར་ནས་དྲོད་ཁང་རེ་རེ་བཞིན་ཚོལ་དཀར་ཆུང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ས་རྒྱུ་ལ་རེག་པ་དང་ཡར་དགྱེས་ནས་ཉི་འོད་ལ་བརྟག་པ། མར་སྒུར་ནས་གནོད་འབུ་འཚོལ་ཞིབ་བྱས་ཏེ། དྲོད་ཁང་ནང་གི་དྲོད་ཚད་ཚོད་འཛིན་བྱས་པ་ཚད་ལྡན་མིན་པ་དང་རླུང་རྒྱུ་བ་ལེགས་པོ་མིན་པ། ས་རྒྱུ་གཤིན་པོ་མིན་པ་སོགས་གནད་འགག་གི་གནད་དོན་ངོས་འཛིན་གསལ་བོ་བྱས་བྱུང་།
“མཐོ་སྒང་གི་དྲོད་ཁང་ཡིན་ན་དྲོད་ཚད་ཚོད་འཛིན་བྱེད་ཐབས་ལ་མཁས་དགོས། ཉིན་གུང་གི་དུས་སུ་དྲོད་ཚད25°Cལས་བརྒལ་བས་དུས་ལྟར་འགྱིག་ཡོལ་ཕྱེ་ནས་རླུང་རྒྱུ་བར་བྱེད་དགོས་ལ། ཕྱི་དྲོའི་ཆུ་ཚོད་བཞི་བའི་སྔོན་དུ་ངེས་པར་དུ་འགྱིག་ཡོལ་བཀབ་ནས་དྲོད་སྲུང་འཛིན་བྱེད་དགོས། ཉི་མར་ཚ་སྡུག་ཆེ་སྐབས་འོད་འགེབས་དྲ་བ་འཐེན་ནས་མྱུ་གུ་ལ་གནོད་པ་མི་ཐེབས་པར་བྱེད་དགོས། ཞེས་ཁ་གསལ་གོ་བདེེའི་བོད་རྒྱ་སྐད་གཉིས་ཀྱི་ལམ་འགྲེལ་བཤད་གསལ་བོ་ཞིག་བྱས་ཤིང་། ཕྱོགས་གཅིག་ནས་ཚན་རིག་དང་མཐུན་པའི་དྲོད་ཚད་སྲུང་འཛིན་དང་། ས་རྒྱུ་ལེགས་བཅོས་གཏོང་བའི་བྱེད་ཐབས་དངོས་སུ་ལག་ལེན་དུ་བཏབ་པ་དང་། ཕྱོགས་གཅིག་ནས་ལྗང་མདོག་གི་གནོད་འབུ་འགོག་ཐབས་དང་། ཆུ་ལུད་དོ་དམ་གྱི་ཐབས་ལམ་འདེབས་འཛུགས་མཁན་ལ་ཁྲིད་པས། དཔེ་དེབ་སྟེང་གི་ལག་རྩལ་དེ་སྤྱོད་བདེ་གོ་སླའི་སྒོ་ནས་ཞིང་ཁའི་བྱེད་ཐབས་སུ་བསྒྱུར།
ཡུལ་དངོས་སུ། འདེབས་འཛུགས་མཁན་དག་གིས་ཀྲང་ཀྲིན་ཏིའི་མཐའ་བསྐོར་ནས། ལྟ་ཞིབ་ནན་མོ་དང་།རང་འགུལ་གྱིས་དྲི་བ་ཅི་ཡོད་ཁོ་ལ་དྲི་བཞིན་ཡོད། ཀྲང་ཀྲིན་ཏི་ཡིས་ཡུལ་དངོས་ནས་མི་རྣམས་ལ་སྐྱེ་དངོས་སྨན་སྦྱོར་གྱིས་གནོད་འབུ་འགོག་པའི་ཐབས་ལམ་བརྒྱུད་སྤྲོད་བྱས་པར་མ་ཟད། དོ་དམ་སྲུང་སྐྱོབ་ཀྱི་རྩ་གནད་ཟིན་བྲིས་ཁོ་ཚོར་བྱིན། ཆེད་མཁས་པ་བཤད་པ་ཉན་བདེ་ཞིང་གོ་སླ་བས་ང་ཚོར་གསལ་བོར་བློ་ལ་ངེས་སོང་ཟེར། མགོན་ཡག་གི་སྐད་ཆ་འདི་ནི་འདེབས་འཛུགས་མཁན་ཡོངས་ཀྱིས་བཤད་འདོད་པའི་སྐད་ཆ་ཞིག་རེད།
ནང་ཆེན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཕུན་ཚོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་ལག་རྩལ་སྒོ་ཁར་སྐྱེལ་བའི་བྱེད་སྒོ་ལས། ཞིང་བ་ཁྱིམ་ཚང་གི་ཉིན་རྒྱུན་དོ་དམ་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་པར་མ་ཟད། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་འབྲེལ་བའི་མ་ལག་ལྡན་པའི་གསོ་སྦྱོང་ཐེངས་ཤིག་རེད། བསྡོམས་པས་ཡུལ་དངོས་སློབ་ཁྲིད་ཐེངས་གཉིས་ལ་བྱས་ཏེ་འདེབས་འཇུགས་ལ་ཞུགས་པའི་ཁྱིམ་ཚང་སོ་གསུམ་པོ་ཚང་མར་དྲོད་ཁང་དོ་དམ་གི་སྲོག་ཤིང་རྩལ་ནུས་ཁོང་དུ་ཆུད་པར་བྱས།
ད་ལྟ་ཟུར་མང་ཞང་གི་དྲོད་ཁང་ཆེན་མོ་དགུ་ཡི་ནང་འོད་གསབ་སྤྲོད་ཀྱི་སྒྲིག་ཆས་ཆ་ཚང་ཞིང་དྲོད་ཚད་སྙོམ་སྒྲིག་གི་སྒྲིག་ཆས་ཡོད་པ་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཟུང་འབྲེལ་བྱས་ཡོད་པས། མཐོ་སྒང་གི་ནམ་ཟླའི་བཀག་རྐྱེན་ཡོངས་སུ་སེལ་ནས་ཚོད་དཀར་ཆུང་བ་ལོ་ཧྲིལ་བོར་བརྟན་འཇགས་སྒོས་འདེབས་པ་མངོན་འགྱུར་བྱུང་ཡོད། དེའི་ནང་རྩེ་རོང་སྡེ་བའི་དྲོད་ཁང་ཆེན་མོ་བདུན་གྱི་སྔོན་དཔག་ཐོན་ཚད་སྤྱི་རྒྱ11200སླེབས་ཡོད་པ་དང་། སེར་པོ་སྡེ་བའི་དྲོད་ཁང་ཆེན་མོ་གཉིས་ཀྱི་སྔོན་དཔག་ཐོན་ཚད་སྤྱི་རྒྱ3500རུ་སླེབས་ཡོད། བཏོགས་མ་ཐག་པའི་ཚོད་དཀར་ཆུང་བ་ས་གནས་ཀྱི་ཁྲོམ་རར་ཐད་ཀར་མཁོ་འདོན་བྱེད་ཐུབ་ནས་ས་ཁོངས་ཀྱི་སྔོ་ཚལ་ཕྱི་ནས་འདྲེན་པའི་རྣམ་པར་འགྱུར་ལྡོག་བཏང་།
ཕུན་ཚོགས་ཀྱིས་མཉམ་ལས་ཁང་དང་ཞིང་ཁྱིམ་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་འདེབས་འཛུགས་ཁྲོད་ཞུགས་པའི་ཁྱིམ་ཚང་གི་ཆ་སྙོམས་ཡོང་སྒོ་སྒོར5133འཕར་དུ་བཅུག་ཡོད་ལ། ཡིག་ཆ་ཨང་དང་པོའི་ཞིང་ཕན་སྲིད་ཇུས་དེ་ད་ལྟ་ལག་རྩལ་གྱི་ཞབས་ཞུ་བསྒྲུབས་པ་བརྒྱུད་ཕན་འབྲས་དངོས་མ་རུ་འགྱུར་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
སེར་པོ་སྡེ་བའི་འགན་གཙང་ལེན་སྡེ་བའི་ཚན་གཙོ་ཚེ་རིང་གཡང་འཛོམས་ཀྱིས་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་པ་ནི་སྲིད་ཇུས་སྒྲོག་འགྲེལ་གྱི་ཆེད་དུ་མ་ཟད། ལྷག་ཏུ་མང་ཚོགས་ལ་ཆེས་མཁོ་བའི་གནས་སུ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན། སྲིད་ཇུས་འགྲེལ་བཤད་ནས་ལག་རྩལ་མཛུབ་ཁྲིད་བྱེད་པའི་བར་དུ། ལས་བྱེད་པ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཞབས་ཞུའི་རྗེས་ཆོད་པར་བྱས་ན། དྲོད་ཁང་གི་ཐོན་ལས་ཉིན་བཞིན་དར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་ཅིང་མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་ངེས་ཞེས་སེམས་འགུལ་ཐེབས་ཞོར་དེ་ལྟར་བཤད།
དཔྱིད་དུས་ཀྱི་མཐོ་སྒང་སྟེང་དུ་དྲོད་ཁང་ཆེན་མོ་རེ་རེ་གསོན་ཤུགས་ཀྱིས་ཁེངས་ཡོད། ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་པའི་གོམ་སྟབས་མཚམས་མ་བཞག་ན། སྲིད་ཇུས་སྒྲོག་འགྲེལ་དང་ལག་རྩལ་ཞབས་ཞུའི་རྒྱུན་ཐག་ནམ་ཡང་ཆད་པ་མེད། ནང་ཆེན་རྫོང་གིས་དངོས་སྒྲུབ་ལ་བརྟེན་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གྲོང་གསེབ་དར་རྒྱས་གཏོང་བའི་ལག་ལེན་དུ་བསྒྱུར་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ལ་སྲིད་ཇུས་བཟང་བོ་དང་ལག་རྩལ་གསར་བའི་ཁྲོད་སྐྱེས་སྟོབས་ཀྱི་ངར་ཤུགས་རྒྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་སྔར་ལས་རྒྱ་ཆེར་གཏོང་བཞིན་ཡོད།
དངོས་སྦྱོང་སློབ་མ་རྡོ་རྗེ་ཚེ་སྒྲུབ་དང་ཀླུ་རྒྱལ་དོན་འགྲུབ། སྙིང་མོ་རྒྱལ་བཅས་ཀྱིས་བསྒྱུར།