
ལི་ཧྲན་ཅུན་གྱིས་སོན་འདེབས་འཕྲུལ་འཁོར་མ་བཀོལ་སྔོན་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཚགས་བྱེད་བཞིན་པ།

འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་སོན་འདེབས། 
ལི་ཧྲན་ཅུན་གྱིས་ས་རྒོད་དུ་བསྐྱུར་བའི་ས་ཆར་རེ་བ་གསར་བ་འདེབས་བཞིན་པ།
ལི་ཧྲན་ཅུན(དཀྱིལ)གྱིས་ཞིང་ས་རུ་སློབ་སྦྱོང་བྱེད་དུ་ཡོང་བའི་ཡུལ་མི་ཚོར་ཆུ་ལུད་གཞི་གཅིག་ཅན་གྱི་སྐོར་འགྲེལ་བཤད་བྱེད་བཞིན་པ།
ཟླ་བཞི་བའི་རྨ་ཙོང་གཞོང་ས་རུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཀྲ།
མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཧོང་ཧྲོས་གྲོང་རྡལ་ཏེན་ཙི་སྡེ་བའི་མུའུ་སྟོང་གི་ཞིང་ས་རུ། བྱང་སྐར་ཕྱོགས་སྟོན་མ་ལག་བཞག་ཡོད་པའི་སོན་འདེབས་འཕྲུལ་འཁོར་ཞིག་གིས་ལས་ཀ་བྱེད་བཞིན་ཡོད། ཁ་ལོ་བས་མཚམས་མཚམས་སུ་དཔྱད་ཆས་ཐོག་གི་དཔྱད་གྲངས་ལ་བལྟས་པ་དང་ཕྱོགས་སྟོན་མ་ལག་གིས་རང་འགུལ་ངང་བར་ཐག་སྙོམས་སྒྲིག་བྱེད་ཀྱིན་ཡོད། རང་ཉིད་ཀྱིས་ཁ་ཕྱོགས་ཚོད་འཛིན་བྱས་ཚེ་སོན་འདེབས་འཕྲུལ་འཁོར་གྱིས་ཐེངས་གཅིག་ལ་ས་རྒྱུ་སོབ་པ་དང་འགྱིག་ཤོག་འགེབ་པ་སོགས་ཞིབ་ཚགས་ཀྱིས་རྨོ་འདེབས་ཡོངས་འགྲུབ་བྱེད་ཐུབ།
ཞིང་ཁ་རུ་ལི་ཧྲན་ཅུན་ཙོག་པུར་བསྡད་དེ། སོན་འདེབས་འཕྲུལ་འཁོར་གྱིས་ཚོད་ལྟ་བྱས་པའི་འགྱིག་ཤོག་འགེབས་སར་ས་སློག་ནས། མཛུབ་མོ་སར་བཙུགས་ཏེ་སྒྲིག་ཆས་ཀྱིས་ས་བོན་སྦས་པའི་ཟབ་ཚད་གཏན་འཁེལ་བྱས་པ་དང་། ནོར་འཁྲུལ་མེད་པ་ཁག་ཐེག་བྱས་རྗེས་སླར་ཡང་དངོས་སུ་ལས་འགོ་བརྩམས།
ད་ལོ་ལོ་བཞི་བཅུ་ཡིན་པའི་ལི་ཧྲན་ཅུན་གྱི་ངོ་གདོང་ཅུང་ནག་ལ། ཁ་ལྕེ་བདེ་བ་མ་ཟད། ས་ཞིང་འདིའི་བདག་པོ་ཡིན་ལ། ལི་ཏུའུ་ཆུས་ཀྱི་ཞིང་ལས་སྐྱེ་དངོས་རྨོ་འདེབས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མིའང་ཡིན། ལོ་དྲུག་གི་སྔོན་ལ། ཁོས་ད་དུང་ཀྲུང་གོ་ལྕགས་ལམ་དང་པོའི་རྩད་ཞིབ་ཇུས་འགོད་ཁང་དུ་རི་མོ་འབྲི་བཞིན་ཡོད། ད་ལྟ་བློ་གཅིག་སེམས་གཅིག་གིས་ཞིང་ལས་ཀྱི་ལམ་ཁར་ཞུགས་ནས་ཕ་ཡུལ་གྱི་ས་གཞིར“ཆུ་ལུད་གསར་བརྗེ”ཞིག་བསླངས་ཡོད།
“ངའི་ཞིང་ས་རུ་ཆར་འབབ་པར་སྒུག་མི་དགོས་ལ། ཆུ་གཏོང་བར་ཡང་སྒུག་མི་དགོས།” ལི་ཧྲན་ཅུན་གྱིས་ས་སློག་པ་ན་ཐིགས་ཆུ་གཏོང་བའི་སྦུ་གུ་ནག་པོ་དེ་འགྱིག་ཤོག་གི་ནང་ངོས་སུ་སྦྱར་ཡོད། སྦུ་གུའི་ངོས་ཀྱི་ཁུང་བུ་ཧ་ཅང་ཕྲ་ཞིང་། ཆུ་ཐིགས་མགྱོགས་པོར་མར་ཐིགས་པ་དང་རྩ་བའི་ས་རྒྱུའི་ནང་དུ་སིམ་པས། ས་ཞིང་གིས་དབུགས་དལ་མོར་ལེན་པ་དང་འདྲ་ཟེར།
ཆུང་དུས་ནས་ཞིང་སྡེ་རུ་ནར་སོན་པའི་ལི་ཧྲན་ཅུན་གྱི་སེམས་སུ་དཔྱིད་རྨོའི་བག་ཆགས་ཆེས་ཟབ་པ་ནི། ཨ་ཕས་ལྕགས་ཁེམ་བཟུང་ནས་ཡུར་ཁ་རུ་ཆུ་ལ་ཉིན་འགར་སྒུག་བཞིན་པ་དེ་ཡིན་ལ། ཆུ་ཐོན་རྗེས་གང་སར་ཆུ་བཞུར་ནས་ལོ་ཏོག་གི་རྩ་བའི་ཕྱེད་ཀ་ཡང་སིམ་གྱིན་མེད། རྒན་རབས་ཚོས“གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་བའི”སྡུག་བསྔལ་ལ་རྫོགས་མཐའ་མེད།
ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱས་པས། “གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་བའི”དཀའ་ཁག་དེ་དངོས་སུ་བསྒྱུར། ཆུ་དང་ལུད་གཞི་གཅིག་ཏུ་བསྲེས་པས། ཆུ་སྦུག་བརྒྱུད་དེ་ཆུ་ཐིགས་རེ་རེ་རྩ་བར་སིམ་པར་བྱས་ན་ཆུར་སྒུག་མི་དགོས་ལ་ལུད་རྫས་ལ་ཡང་སེམས་ཁྲལ་བྱེད་མི་དགོས་པ་དང་། ཞིང་འདེབས་པའི་དབང་ཆ་གཙོ་བོ་རང་ཉིད་ཀྱི་ལག་ཏུ་འཛིན་ཐུབ།
དང་ཐོག གྲོང་ཁྱེར་གྱི་གཏན་འཇགས་ཀྱི་བྱ་བ་བསྐྱུར་བའི་ན་གཞོན་དེར་མི་སུས་ཀྱང་རྒྱུས་ལོན་བྱེད་ཐུབ་ཀྱིན་མེད། ཡུལ་མི་ཚོས་ཁོས་ཁ་ཐོར་ཡིན་ལ་ས་རྒྱུ་ཞན་པ་དང་ཆུ་ཁུངས་དཀོན་པའི་ས་རྒོད་མུའུ་སྟོང་ཕྲག་ལྷག་འཁོར་རྒྱུག་བྱས་པ་མཐོང་སྐབས།“བྱིས་པ་འདིས་ས་གཤིས་མི་ཤེས་ལ། ས་སྐམ་པོའི་ནང་ཅི་ཞིག་འདེབས་ཐུབ་བམ”ཞེས་པའི་གླེང་མོལ་མང་པོ་བྱེད་ཀྱིན་ཡོད། ཚང་མའི་མིག་ལམ་དུ་ལི་ཧྲན་ཅུན་གྱི་གདམ་ག་དེ་རྨོངས་ཚོད་ཀྱི་ལས་ཀ་ཞིག་དང་ཁྱད་པར་མེད།
འོན་ཀྱང་ཁོའི་སེམས་སུ་འཆར་གཞི་ཡོད་དེ། ཁོའི་གདམ་གར་ཞིང་ནགས་ཆེད་ལས་ཀྱི་གྲོགས་པོ་ཁག་ཅིག་གི་ལག་རྩལ་གྱི་འདེགས་སྐྱོར་དང་གྲོང་རྡལ་སྲིད་གཞུང་གིས་ས་རྒོད་དུ་བསྐྱུར་བའི་གསར་སྤེལ་བྱེད་རོགས་དང་ས་ཞིང་འཁོར་རྒྱུག་བྱེད་རོགས་བྱས། ཟས་ནི་མི་ཡི་འཚོ་རྟེན་ཡིན་ལ། ཞིང་ལས་དཀའ་ཚེགས་ཆེ་ཡང་རྨང་གཞི་བརྟན་པོ་ཡོད་པར་ཁོ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ཉམས་མྱོང་མེད་པའི་རྐྱེན་གྱིས་ལི་ཧྲན་ཅུན་ཞིན་ཅང་དང་ཀན་སུའུ་རུ་སོང་ནས་སློབ་སྦྱོང་བྱས་པ་དང་། སྒྲིག་ཆས་བཀོལ་སྤྱོད་བྱེད་མི་ཤེས་པས་རི་མོར་བལྟས་ནས་ཡང་དང་བསྐྱར་དུ་ལག་ལེན་བྱས། དེ་ལྟར་ཁོས་ཀུན་གྱི་བསམ་འཆར་ལ་ཁ་གཏད་དེ་ཐིགས་ཆུ་གཏོར་བའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ནང་འདྲེན་བྱས།
ལས་སྐྲུན་གྱི་ལམ་ཁ་རུ་དཀའ་ཁག་མང་པོར་འཕྲད། ལོ་དང་པོར་འཁོར་རྒྱུག་བྱས་པ་ཅུང་འཕྱི་བའི་དབང་གིས་ཟླ་དྲུག་པར་ཞིང་བཏབ་པ་དང་། ཐོན་ཚད་མི་བཟང་བའི་དབང་གིས་གྱོང་གུད་ཐེབས། སྦུག་ལམ་དྲ་བ་བཏིང་མ་ཐག་ཆུ་གནོན་གྱི་ཚོད་འཛིན་གནད་ལ་འཁེལ་མེད་པས། སྦུག་ལམ་ལ་གནད་དོན་མང་པོ་བྱུང་བ་དང་། ཁོས་མཚན་རྒྱབ་ནས་དཔྱད་གྲངས་སྙོམས་སྒྲིག་ཚོད་ལྟ་བྱས་པ་དང་འཚོལ་ཞིབ་ཐེངས་མང་བྱས་པའི་ཁྲོད་འོས་འཚམ་གྱི་གནོན་ཤུགས་ཚོད་འཛིན་བྱེད་ཐུབ་པ་བྱུང་ལ། ཁོ་རང་གི་འབད་བརྩོན་ལ་བརྟེན་ནས་དཀའ་གནད་རེ་རེ་བཞིན་ཁྱད་བསད་བྱས། ལོ་གཉིས་པ་ནས་བཟུང་། མཉམ་ལས་ཁང་གིས་ཡོང་སྒོ་སྔར་ལས་ཇེ་བཟང་དུ་གྱུར་ལ། ཐོན་འབྲས་མང་པོ་བྱུང་བས་དེ་སྔོན་ཁོ་ལ་དོགས་པ་བྱེད་མཁན་དག་གིས་ད་ལྟ་ཁོ་ལ་བསྟོད་བསྔགས་བྱེད་བཞིན་ཡོད།
ལི་ཏུའུ་ཆུས་ཞིང་ལས་ཞིང་སྡེ་ཅུས་ཀྱི་ལག་རྩལ་མི་སྣ་ལི་ཧྲུའུ་ཀྲིན་གྱིས་ཐེངས་དང་པོར་ལི་ཧྲན་ཅུན་གྱི་ཞིང་ཁ་རུ་སོང་བའི་རྣམ་པ་དེ་ད་དུང་སེམས་སུ་དྲན་གྱིན་ཡོད། མ་རྨོས་ལོ་ཏོག་གི་སྡོང་རྐང་མིའི་གཟུགས་ལས་མཐོ་ལ། ལོ་མ་སྔོ་ལྗང་ལྗང་ཡིན་པ་དང་མ་རྨོས་ལོ་ཏོག་གི་རྡོག་མ་རེ་རེ་ཡང་ཧ་ཅང་ཆེ། སྲོལ་རྒྱུན་གྱི་འདེབས་འཛུགས་བྱས་པའི་ཞིང་ཁ་རུ། ལོ་མ་སེར་པོར་གྱུར་ཡོད་ལ། མ་རྨོས་ལོ་ཏོག་ཀྱང་ཆུང་ཟེར།
གཞི་གྲངས་ལ་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་ལྡན། མ་རྨོས་ལོ་ཏོག་གི་མུའུ་རེའི་ཐོན་འབབ་སྤྱི་རྒྱ1000ཟིན་པ་དང་། མུའུ་རེའི་ཐོན་འབབ10%ནས20%བར་འཕར་ཡོད། ཆུ་གྲོན་ཆུང་བྱས་ཚད40%ནས60%བར་དང་། ལུད་གྲོན་ཆུང་བྱས་ཚད30%ནས50%བར། བཟོ་ལས་གྲོན་ཆུང་ཚད40%ནས60%བར་བཅས་ཡིན་པ་དང་། ས་ཞིང་མུའུ་སྟོང་ལ་མི་གསུམ་ནས་བཞི་ཡིས་དོ་དམ་བྱེད་དགོས་པས། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་སྲོལ་རྒྱུན་གྱི་འདེབས་འཛུགས་ཀྱི་ལས་ཆོད་རྩ་བ་ནས་བསྒྱུར།
ཚན་རྩལ་གྱིས་ཆུ་ལ་འགྱུར་ལྡོག་བཏང་བ་མ་ཟད་ད་དུང་མི་ལ་ཡང་འགྱུར་ལྡོག་བཏང་ཡོད། ལི་ཧྲན་ཅུན་གྱི་བྱ་བ་ལེགས་འགྲུབ་བྱུང་བ་དེ་ནི་ས་གནས་དེ་གའི་ཆེས་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། དེ་སྔོན་ལྟད་མོ་བལྟ་མཁན་གྱི་ཡུལ་མི་གཅིག་རྗེས་གཉིས་མཐུད་ངང་བཀའ་འདྲི་བྱེད་དུ་ཡོང་བ་དང་། འདེབས་འཛུགས་ཁྱིམ་ཆེན་ལི་ཧུང་ཐའོ་ཡིས་མུའུ2000ཡོད་པའི་ཞིང་ས་རུ་ཆུ་ལུད་གཞི་གཅིག་ཅན་གྱི་རྟེན་གཞི་བཙུགས། ད་ལྟ། ཞིང་པ་རྒན་པ་ཚོས་ཞིང་ཁ་རུ་སྔོ་ཐིང་ཐིང་གི་མ་རྨོས་ལོ་ཏོག་ལ་བལྟས་ནས་བཤད་རྒྱུར།“ལག་རྩལ་འདི་ནི་འུད་སྒྲོག་བྱས་པ་ཞིག་གཏན་ནས་མ་རེད”ཅེས་སེམས་གཏིང་ནས་ཁོ་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད།
ལོ་ངོ་མང་པོའི་རིང་ས་རྒྱུའི་ལུད་རྫས་ལག་རྩལ་ཁྱབ་གདལ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་ས་རྒྱུའི་ལུད་རྫས་སྡེ་ཁག་གི་འགོ་གཙོ་གཞོན་པ་ཧོང་ཞ་ཡིས་ས་བོན་གཏོར་རྗེས་ཁ་ཡ་བྱེད་ཀྱིན་མེད་པའི་ཞིང་ཁྱིམ་མང་པོ་མཐོང་མྱོང་ཡོད་མོད། འོན་ཀྱང་ལི་ཧྲན་ཅུན་ནི་ཁོ་ཚོ་དང་མི་འདྲ། ཧོང་ཞ་ཡིས“ལའོ་ཏུའུ་ཡི་གནས་འདི་ནི་ཁོ་རང་ཉིད་ཀྱིས་རང་འགུལ་ངང་བསྒྲུབས་པ་ཞིག་ཡིན་པས་རྣམ་གྲངས་ཅི་ཡང་མེད”ཅེས་སྐད་ཆ་བཤད་སྐབས་དགའ་ཚོར་གྱི་རྣམ་པ་ཞིག་མངོན་གྱིན་འདུག་ལ། སེམས་གཏིང་ནས་ཁོ་ལ་ཁས་ལེན་གྱིན་ཡོད།
ཞིང་ཆེན་ཡོངས་ཀྱི་ས་རྒྱུའི་ལུད་རྫས་ལག་རྩལ་གྱི་ཆེད་མཁས་པ་ཡིན་པའི་ཆ་ནས། ཧོང་ཞ་ཡིས་ཆུ་ལུད་གཞི་གཅིག་ཅན་དེ་མཚོ་སྔོན་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་གསལ་བོར་ཤེས་ཡོད། མཚོ་སྔོན་གྱི་ས་ཞིང་ལས་སུམ་ཆའི་གཉིས་ནི་སྐམ་ཞིང་ཡིན་ལ། ས་སེར་ཁུལ་དུ་ལྷག་པར་ཆུ་དཀོན་པའི་སྣང་ཚུལ་ཡོད། ཆུ་ལུད་གཞི་གཅིག་ཅན་གྱིས་གནོན་ཤུགས་མ་ལག་དང་ཡང་ན་རང་བྱུང་ས་བབ་ཀྱི་ཁྱད་པར་བརྟེན་ནས། ཆུ་གཏོང་བ་དང་ལུད་འཇོག་པའི་ལས་རིམ་མཉམ་འདྲེས་ཟབ་མོ་བྱས་ཚེ། སྤུས་ཚད་མཐོར་འདེགས་དང་ཐོན་ཚད་འཕར་སྣོན་གཏོང་ཐུབ་ལ། ས་ཞིང་དང་སྨན་རྫས། ལུད་རྫས། ཆུ་བཅས་གྲོན་ཆུང་བྱེད་ཐུབ་པར་མ་ཟད། ལས་རིམ་ཇེ་ཉུང་དུའང་གཏོང་ཐུབ། ཧོང་ཞ་ཡིས་ངོ་སྤྲོད་བྱས་དོན། ལག་རྩལ་འདི་ལ་ཞིང་ལས་ཞིང་སྡེ་པུའུ་ཡིས་ལག་རྩལ་ཨང་དང་པོ་ཞེས་ཟེར་ལ། ས་ཞིང་གི་མུའུ་རེའི་ཐོན་ཚད་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་ལྔ་བཅུར་འཕར་སྣོན་འབྱུང་ཐུབ། མིག་སྔར་མཚོ་སྔོན་དུ་ལག་རྩལ་བྱེད་ཐབས་གཞན་དག་གིས་འདི་འདྲའི་ནུས་པ་འདོན་མི་ཐུབ་ཟེར།
2023ལོར། མཚོ་སྔོན་གྱི་ཞིང་ལས་ལོ་ཏོག་གི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་སྤྱོད་མགོ་བརྩམས་པ་དང་། 2024ལོར། ཧོང་ཀྲུང་ཆུས་ནས་ས་ཞིང་མུའུ་སྟོང་གཅིག་དང་བརྒྱ་དཔེ་སྟོན་ཁུལ་དུ་བྱས་པར་ཕན་འབྲས་མངོན་གསལ་ཐོབ། མིག་སྔའི་བར། ཞིང་ཆེན་ཡོངས་ལས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། སྟོང་སྐོར་རྫོང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་སོགས་སུ་ཞོག་ཁོག་དང་མ་རྨོས་ལོ་ཏོག ལོག་དཀར། རྒྱ་སྲན་སོགས་ཞིང་ལས་ལོ་ཏོག་ཐད་ནས་དཔེ་སྟོན་བེད་སྤྱོད་རྒྱ་ཁྱོན་མུའུ་ཁྲི་གཉིས་དང་སྟོང་གསུམ་སུམ་བརྒྱར་སླེབས། 2024ལོར། མཚོ་སྔོན་ཞིང་ཆེན་གྱིས་ལག་རྩལ་འདི་དཔེ་མཚོན་དུ་བརྩིས་ནས་རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་སུ་རེ་ཞུ་བྱས་པར་བརྟེན། རྒྱལ་ཡོངས་ཀྱི་དཔེ་མཚོན་ཉི་ཤུའི་གྲས་སུ་བདམས་ཐོན་བྱུང་།
ཧོང་ཞ་ཡིས་བཤད་རྒྱུར། ང་ཚོས་མགོ་བརྩམས་པ་ཅུང་འཕྱི་རུང་ཁྱད་ཆོས་དང་ལྡན་པ་ཞིག་ཡིན། ཙོང་ཆུའི་འབབ་རྒྱུད་དུ་ཆུ་རྐ་ལ་བརྟེན་ནས་ཆུ་འདྲེན་པ་དང་། རི་མ་ས་ཁུལ་དུ་ཆུ་དོང་སྤྱོད་བཞིན་ཡོད་ལ། སྤོ་སྒུལ་རྣམ་པའི་མ་ལག་ཐོག་མ་འདི་བེད་སྤྱོད་བྱེད་བདེ་ལ་མ་རྩ་དམའ་བས། ས་ཞིང་ཐར་ཐོར་དུ་ཡོད་པའི་གནས་ཚུལ་དང་འཚམ་པོ་ཡོད་ཟེར། ཡང་གཅིག་བཤད་ན། མཚོ་སྔོན་ཞིང་ཆེན་ཡོངས་སུ་མཐའ་གཅིག་ཏུ་ལག་རྩལ་འདི་བེད་སྤྱོད་བྱེད་དགོས་པ་མ་ཡིན་པར། ཡུལ་བབ་དང་བསྟུན་ཞིང་སོ་སོའི་གནས་ཚུལ་དང་འཚམ་པར་བྱེད་དགོས།
ཞིང་ལས་འཕེལ་རྒྱས་དེ་ལག་རྩལ་གྱིས་སྟོབས་ནུས་སྩོལ་བ་དང་འདུ་ཤེས་གསར་སྒྱུར་བྱེད་པ་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་གྱི་ས་ཞིང་ལ་ཞིང་ལས་ལག་རྩལ་ཡུན་གྱིས་སྤྱོད་མགོ་བརྩམས་ཡོད། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ནུས་ཤུགས་ཡོད་རྒུས་ཆུ་གྲོན་ཆུང་དང་ཚོད་འཛིན་རྣམ་པའི་ཞིང་ལས་འཕེལ་རྒྱས་བཏང་ཞིང་། ཆུ་ལུད་གཞི་གཅིག་ཅན་དང་ས་ཞིང་ཡོངས་སུ་འགྱིག་ཤོག་འགེབས་པ། ཆར་ཆུ་གསོག་ནས་ཆུ་གཏོང་བ་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། ལུད་རྫས་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དང་ཕན་ནུས་མཐོར་འདེགས། བརྒྱུད་རིམ་ཧྲིལ་བོར་འཕྲུལ་ཆས་ཅན་དོན་ཐོག་ཏུ་འཁྱོལ་བ་བཅས་ལ་སྐུལ་འདེད་བཏང་བ་དང་། ཞིང་སའི་གཏོང་ཆུ་ནུས་ལྡན་གྱིས་བེད་སྤྱོད་པའི་ཚད་ཡུན་གྱིས་ཇེ་མཐོར་བཏང་ལ། ཆུའི་ཐིགས་པ་རེ་རེར་བརྟེན་ནས་ས་ཞིང་ལ་བརླན་གཤེར་རྒྱས་པར་བྱས་ཤིང་། ཚན་རྩལ་གྱི་སྟོབས་ནུས་བསྩལ་བར་བརྟེན་ནས་ཆུ་གྲོན་ཆུང་དང་འབྲུ་རིགས་ཀྱི་ཐོན་ཚད་འཕར་སྣོན་ཡོང་བར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བ། གྲོང་གསེབ་དར་སྤེལ་བཅས་ལ་དངོས་སུ་སྒུལ་ཤུགས་བསྣན་ཡོད།
ཚན་རྩལ་སྟོབས་ཤུགས་ཀྱིས་འདེབས་འཛུགས་སྒྲིག་གཞི་ལེགས་སྒྱུར་དང་ཁྱད་ལྡན་ཐོན་ལས་རྒྱ་བསྐྱེད་པའི་ཕྱོགས་སུ་ནུས་པ་བཏོན་ཡོད། མཚོ་སྔོན་གྱིས་རྨོ་ཞིང་གི་ཚད་མཐའ་བརྟན་པོར་སྲུང་བ་དང་། འདེབས་འཛུགས་སྒྲིག་གཞི་ལེགས་སྒྱུར་བྱས་ཤིང་། སྲན་ཆེན་དང་མ་རྨོས་ལོ་ཏོག་གཉིས་ཀ་ཞིང་གཅིག་ཏུ་འདེབས་པའི་འདེབས་འཛུགས་བྱེད་ཐབས་ཁྱབ་གདལ་བཏང་སྟེ། རྒྱ་ཁྱོན་བརྟན་འཇགས་དང་ཐོན་ཚད་འཕར་བ། འདོན་སྤྲོད་འགན་སྲུང་བཅས་བྱས་ནས། མཐོ་སྒང་གི་འབྲུ་མཛོད་བརྟན་པོར་བསྐྲུན། འཁྱགས་གྲང་ནམ་ཟླར་གཞིགས་ནས། འཁྱགས་གྲང་སྔོ་ཚལ་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་། རྟེན་གཞི་རྒྱ་བསྐྱེད་པ་དང་སྤུས་ཚད་མཐོར་འདེགས། ཚོང་རྟགས་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་དབྱར་སྟོན་དུས་ཀྱི་ཕྱིར་གཏོང་རྟེན་གཞི་དང་ཞང་ཀང་ཨའོ་མོན་ལ་ཐོན་རྫས་འདོན་སྤྲོད་བྱེད་པའི་རྟེན་གཞི་གཙོ་བོ་འགྲུབ་ཡོད། ཏང་ཡོན་ལས་བྱེད་པ་རྣམས་གནོད་འགོག་གནོད་སེལ་དང་ཚན་རྩལ་ཞབས་ཞུའི་ལས་ཡུལ་དང་པོར་སོང་སྟེ། དངོས་སྒྲུབ་ལ་བརྟེན་ནས་ཞིང་ལས་ཀྱི་རྨང་གཞི་བརྟན་སྲུང་བྱས་པ་དང་མང་ཚོགས་ཀྱི་ཚལ་སླེ་ཡག་པོར་བཟོས་པས། མཚོ་སྔོན་གྱི་ས་གཞི་ཆེན་མོར་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་བཞིན་ཡོད།
ལི་ཧྲན་ཅུན་ཞིང་ཁར་ལངས་ནས་རྩིས་ཤིག་བརྒྱབ་པ་སྟེ། སྔོན་ཆད་ས་མུའུ་གཅིག་ལ་ཉིན་དྲུག་གི་དུས་ཚོད་སྤྱད་དེ་ཆུ་གཏོང་དགོས་མོད། ད་སྐབས་ཆུ་གཏོང་སྦུག་ལམ་བཏིངས་ནས་གློག་སྒོ་མནན་ཚེ་ཆུ་དང་ལུད་གཏོར་ཐུབ་ལ། མི་གཅིག་གིས་ས་མུའུ་བཅུ་ཕྲག་ལྷག་ལ་བདག་དམ་བྱས་རུང་དཀའ་སྣང་ཅི་ཡང་ཡོད་མི་སྲིད་ཟེར།
དེ་ལས་ཀྱང་ལི་ཧྲན་ཅུན་དགའ་འོས་པ་ཞིག་ནི། མི་ཚེ་གང་བོར་ཞིང་ལས་གཉེར་བའི་ཞིང་བ་རྒན་པ་རྣམས་ཀྱིས་སྔོན་ཆད་བརྡ་འཕྲིན་ཐུང་ངུ་ཞིག་ཀྱང་བསྐུར་མི་ཤེས་མོད། འོན་ཀྱང་ད་སྐབས་འདེབས་འཛུགས་བྱེད་ཐབས་འདི་མཐོང་མ་ཐག་སེམས་རྣལ་དུ་ཕབ་ནས་སྦྱོང་བ་བྱེད་བཞིན་པ་དེ་རེད།
འདིའི་རྒྱབ་ལོགས་སུ་ཡོད་པ་ནི་ཞིང་གསུམ་གསར་བརྗེའི་འདུ་ཤེས་ཟབ་མོ་དེ་ཡིན། ཞིང་ལས་ལ་མཚོན་ན། ཚན་རྩལ་གྱིས“གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་བ”ནས་ལག་རྩལ་ལ་བརྟེན་ནས་ཐོན་ཚད་འཕར་བར་བྱས་པ་དང་། ཞིང་སྡེ་ལ་མཚོན་ན། དེས་ཐོན་སྐྱེད་འབྲེལ་བ་དང་ངལ་ལས་བྱེད་ཐབས་ལེགས་སྒྱུར་བྱས་ནས། ངལ་རྩོལ་ནུས་ཤུགས་དེ་ས་ཞིང་གི་ངལ་ལས་ལྕི་མོ་ལས་གློད་གྲོལ་བཏང་སྟེ། ཟུར་སྣོན་རིན་ཐང་སྔར་ལས་མཐོ་བའི་ལས་རིམ་དུ་བསྒྱུར་ཞིང་། ཞིང་བར་མཚོན་ན། དེ་ནི་ཆེས་སྤྱིར་བཏང་གི་གཞི་གྲངས་དང་འཕྲུལ་ཆས་ཤིག་མ་ཡིན་པར། རྐང་འོག་གི་ས་གཞི་ལ་ཡང་བསྐྱར་རྒྱུས་ལོན་བྱས་ནས། “གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ་བའི”འདུ་ཤེས་དང་འབྲལ་བའི་གདིང་ཤུགས་ཀྱང་ཡིན།
ཧོང་ཀྲུང་ཆུས་ཀྱི་ཞིང་ཁར། རིག་ནུས་ཅན་གྱི་འདྲུད་འཐེན་འཁོར་ལོས་ས་ཞིང་རྨོ་བཞིན་ཡོད་ལ། ལི་ཏུའུ་ཆུས་ཀྱི་མྱུ་གུ་གསོ་སྤེལ་རྟེན་གཞི་རུ། གསར་དུ་བཏབ་པའི་ས་བོན་ལ་རིམ་གྱིས་མྱུ་གུ་འབུས་བཞིན་ཡོད། ཧུའུ་ཀྲུའུ་རྫོང་གི་རི་མ་ས་ཁུལ་དུ། སྤོ་སྒུལ་རྣམ་པའི་མ་ལག་ཐོག་མ་ནུས་མཐོའི་ངང་འཁོར་སྐྱོད་བྱས་ཏེ། ཆུ་དང་ལུད་རྫས་ཚང་མ་ཞོག་ཁོག་གི་རྩད་པར་གནད་ལ་འཁེལ་བའི་སྒོ་ནས་གཏོར་བཞིན་འདུག
དཔྱིད་ཀའི་རྨོ་འདེབས་མུ་ནས་སྤེལ་བཞིན་ཡོད་པས། སྟོན་ཁའི་ལོ་ལེགས་ལ་རེ་སྒུག་བྱས་ཆོག
ཤ་བོ་རིན་མཚོ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།