ནང་ཆེན་རྫོང་ནས་ནག་ལ་བརྟེན་ནས་ཕྱུག་འགྱུར་གྱི་བགྲོད་ལམ་དུ་སྙེག་པ།

ཁུངས། ཀློག་གྲངས།

1990ལོར། བསམ་དོན་ཀུན་འགྲུབ་མཚོ་འཕགས་ལ་སྨི3700ཡོད་པའི་ནང་ཆེན་རྫོང་ཆབ་སྟོད་སྡེ་བ་རུ་སྐྱེས། ཆུང་དུས་སུ། ཁོ་ཁྱིམ་མིའི་རྗེས་འབྲངས་ཏེ་ཕྱུགས་འཚོ་རུ་སོང་བ་ཡིན་ལ། བརྗེད་ཐབས་བྲལ་བ་ནི་ཨ་མ་དང་རྨོ་མོ་གཉིས་ཀྱིས་བསྙལ་བའི་ནས་ནག་གི་ཆང་རེད། དེའི་རྣམ་པར་དག་པའི་ཆང་གི་དྲི་ཞིམ་ནི་རུས་རྐང་དུ་འཐིམས་པའི་ཕ་ཡུལ་གྱི་བྲོ་བ་རེད།

“ནར་སོན་རྗེས། ཁྱིམ་ཚང་གི་ཡོང་འབབ་འཕར་ཆེད། ངས་རྒྱང་འགྲུལ་ཟོག་སྐྱེལ་རླངས་འཁོར་བསྐོར་བས་རྒྱུན་དུ་བོད་ལྗོངས་དང་སི་ཁྲོན་སོགས་ས་ཁུལ་དུ་འདུར་ལ། ལན་རེར་མཚན་གང་བོར་རྒྱུགས་ནས་གསང་སྤྱོད་དུ་འགྲོ་བའི་ཁོམ་ལོང་ཡང་མེད། རྩྭ་ཐང་དང་བར་ཐག་ཇི་ལྟར་རིང་ན་ནས་ཆང་གི་དྲི་ཞིམ་དེ་ལྟར་ཡིད་ལ་འཁོར་ཡོང་། ངས་དེ་དུས་ནས་བཟུང་། གལ་ཏེ་རང་ཁྱིམ་གྱིས་བསྙལ་བའི་ནས་ཆང་འདི་བོད་ལྗོངས་དང་སི་ཁྲོན་ས་ཁུལ་དུ་བཙོང་ཐུབ་ན་ཅི་མ་རུང་སྙམ་མྱོང་།”བསམ་དོན་ཀུན་འགྲུབ་ཀྱིས་ཟོག་སྐྱེལ་གྱི་དཀའ་ལས་གླེང་ཞོར་ནང་སེམས་སུ་ཉར་བའི་ཕུགས་བསམ་ཡང་བཤད་བྱུང་།

ཕུགས་བསམ་འགྲུབ་དགོས་ན་བརྩོན་འགྲུས་བསྐྱེད་དགོས། “ངས་བསམ་ཚུལ་དེ་མཐའ་འཁོར་གྱི་མི་རྣམས་ལ་བཤད་པ་ན། ཚང་མས་ང་རང་སྨྱོས་འདུག་སྙམ་པ་དང་། རང་ཁྱིམ་གྱིས་བསྙལ་བའི་ནས་ཆང་ལ་གཞན་གྱིས་དགའ་བོ་བྱེད་མི་སྲིད་པས། དེར་བརྟེན་ནས་སྒོར་མོ་འཚོལ་འདོད་པ་ནི་སྟོང་བསམ་རེད་ཟེར། འོན་ཀྱང་འབད་པར་བརྟེན་ན་མི་འགྲུབ་པའི་དོན་ཞིག་མེད་པར་ང་རང་ཡིད་ཆེས་ཡོད།”སྲོལ་རྒྱུན་གྱི་བསྙལ་ཐབས་དང་ཕ་ཡུལ་གྱི་ཐོན་རྫས་ལ་བཅངས་པའི་ཡིད་ཆེས་ལ་བརྟེན་ནས་བསམ་དོན་ཀུན་འགྲུབ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད།

སྲོལ་རྒྱུན་བསྙལ་ཐབས་བཟང་པོས་ཚོང་རའི་སྒོ་ཆེན་ཕྱེ།

2015ལོར། བསམ་དོན་ཀུན་འགྲུབ་ཕྱིར་ཆབ་སྟོད་སྡེ་བར་ལོག་སྟེ་ནས་ནག་བོད་ཆང་བསྙལ་བའི་ལས་ལ་ཞུགས། ཁོས་ཕྱོགས་གཅིག་ནས་ཨ་མའི་གམ་ནས་སྲོལ་རྒྱུན་གྱི་ཆང་བསྙལ་ལག་རྩལ་ཆ་ཚང་བར་སློབ་སྦྱོང་བྱས་ཤིང་། ཕྱོགས་གཅིག་ནས་བཟོ་གྲྭའི་གནས་ཡུལ་ཕྱོགས་བཞིར་འཚོལ་བ་དང་སྒྲིག་ཆས་ཉོ་སྒྲུབ་བྱས། ལོ་གཉིས་ལ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཁོས་ཕ་ཡུལ་ནས་ནང་ཆེན་བསམ་དོན་ཀུན་འགྲུབ་ནས་ནག་བཅུད་ཆང་ཚད་ཡོད་ཀུང་སི་བཙུགས་པས་ཕུགས་བསམ་དངོས་གནས་མངོན་འགྱུར་བྱུང་།

ཆབ་སྟོད་སྡེ་བའི་ཁྱད་དུ་འཕགས་པའི་མཐོ་སྒང་གི་ཁོར་ཡུག་ལས་སྤུས་ཀ་རྩེ་གྲ་དང་འཚོ་བཅུད་ཕུན་སུམ་ཚོགས་པའི་ནས་ནག་ཐོན་པས། ཆང་བསྙལ་བར་ཕུལ་བྱུང་གི་རྒྱུ་ཆ་འདོན་སྤྲོད་བྱས། “ང་ཚོས་སྲོལ་རྒྱུན་གྱི་ཆང་བསྙལ་ཐབས་རྩལ་རྒྱུན་འཁྱོངས་བྱས་ཏེ། ནས་ནག་ཞིབ་འདེམ་དང་གཙང་བཀྲུ། ཆུར་སྦངས་པ་ནས། ཆུ་བཙོ་སྐྱུར་བསྙལ་དང་དོང་སྦས་བྲོ་འཇགས་ཀྱི་བར་དུ། བརྒྱུད་རིམ་ཧྲིལ་པོར་ལྷད་མ་བརྒྱབ་པར་ཟླ་དུ་མར་ཆེད་ལས་ཅན་གྱི་ཚེགས་ལས་བྱེད་པ་ནི་གཙོ་བོ་མཐོ་སྒང་གི་བོད་ཆང་ཆེས་རྣལ་མ་ཐོན་དུ་འཇུག་ཆེད་ཡིན”ཞེས་བསམ་དོན་ཀུན་འགྲུབ་ཀྱིས་དེ་ལྟར་ཁོའི་ཐོན་རྫས་གསར་པ་ངོ་སྤྲོད་བྱས།

ལས་གཏོད་ཀྱི་དུས་མགོར། ཐོན་རྫས་ཉོ་མཁན་ཡེ་ནས་མེད་མོད། ཁོས་ཞུམ་མེད་ཀྱི་བློ་སྤོབས་ལ་བརྟེན་ནས་ཆང་རྫས་ཁྱེར་ཞིང་ཁྱིམ་སྒོར་གཏུག་ནས་འོས་སྦྱོར་ངོ་སྤྲོད་དང་རིན་མེད་ངང་ཆང་འཐུང་དུ་འཇུག་པ་སོགས་བྱས་ཏེ་ཐོན་རྫས་འགྲེམ་སྟོན་གྱི་གོ་སྐབས་གཅིག་ཀྱང་འཆོར་དུ་མ་བཅུག དུས་མཚུངས་སུ། ཁོས་ཚོང་རའི་དགོས་མཁོ་དང་བསྟུན་ནས་ཐོན་རྫས་ཕྱི་ཐུམ་དང་ཟོང་རྟགས་མཚོན་རྟགས་སོགས་རང་གིས་ཇུས་འགོད་བྱས་པ་དང་། སྤུས་ཀར་ཁག་ཐེག་དང་ཨུ་ཚུགས་ཀྱིས་རྒྱུན་བསྲིངས་པས་ནས་ནག་བཅུད་ཆང་གིས་རིམ་བཞིན་ཚོང་རའི་སྒོ་ཕྱེས་ཤིང་ས་གནས་ཀྱི་གཉེན་སྟོན་དང་མགྲོན་བསུར་སྤྱོད་པའི་བཏུང་བྱའི་མཆོག་ཏུ་གྱུར།

2019ལོར། ཁོས་ནང་ཆེན་རྫོང་མཁར་ནས་བོད་ཆང་ཉམས་ལེན་ཚོང་ཁང་བཙུགས་པ་དང་། ཐོན་རྫས་གཅིག་རྗེས་གཉིས་མཐུད་དུ་རྫོང་ཡོངས་ཀྱི་ཚོང་ཁང140ལྷག་ནས་བཙོང་མགོ་ཚུགས་པས་ཕྱིར་འཚོང་གི་དྲ་བ་རིམ་བཞིན་ཆགས། 2021ལོར། ཁོ་ཡུས་ཧྲུའུ་ཁུལ་གྱི་ཟས་རིགསSCཡི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་པའི་ལས་གཏོད་པ་གཅིག་པུར་གྱུར་ནས་ཐོན་རྫས་སྔར་ལས་རྒྱ་ཆེ་བའི་ཚོང་རར་བགྲོད་ཐུབ་པར་རྨང་རྡོ་བརྟན་པོ་བཏིང་ལ། 2023ལོར། ཁོ་རང་ཡུས་ཧྲུའུ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་ཐོན་བྱུང་།

མིག་སྔར། ཀུང་སིས“ནས་ནག་ཆང”སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་རིགས13བཏོན་ཡོད་ལ། མཚོ་སྔོན་ཞིང་ཆེན་དུ་བྲིན་པར་མ་ཟད། རྒྱང་རིང་སི་ཁྲོན་དང་བོད་ལྗོངས་སོགས་ས་གནས་སུའང་འཚོང་བཞིན་ཡོད་པས་ཚོང་རའི་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་སྐྱེད་ཀྱིན་ཡོད།

ད་ལོ་ཡང་ནས་ནག་ཏུན500བསྡུ་རྒྱུ་རེད།

བསམ་དོན་ཀུན་འགྲུབ་ཀྱིས་ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་མ་བརྗེད་པར། ཁེ་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་འཕར་གཉིས་ཟུང་སྦྲེལ་བྱས་ཏེ། “ཁེ་ལས་དང་ཞིང་བ་ཁྱིམ་ཚང”སོགས་ཀྱི་ཞིང་རོགས་ཞིང་དར་གྱི་ལམ་བུ་ཞིག་བཏོད། ཁོས་ནང་ཆེན་རྫོང་གི་ཞང་དགུ་དང་གྲོང་རྡལ་གཅིག་ལ་རྐང་བཙུགས་ནས། ས་གནས་ཀྱི་ནས་ནག་སྡུད་པར་ཤུགས་བསྣན་ཞིང་། ཞིང་དུད་དང་ཚོང་རའི་བར་ལ་ཟམ་པ་འཕངས་ནས་ཞིང་པའི་ཡོང་སྒོ་སྤར། 2025ལོར་ཁེ་ལས་ཀྱིས་ནས་ནག་ཏུན93བསྡུས་པ་དང་། 2026ལོར་མུ་མཐུད་ཤུགས་བཏོན་ནས་ནས་ནག་ཏུན500སྡུད་པའི་འཆར་གཞི་བཀོད་ཡོད་ལ། རིན་གོང་ཡང་ཚོང་རའི་རིན་གོང་ལས་ཅུང་མཐོ། བརྟན་འཇགས་ཀྱི་མངགས་ཉོ་དང་ལུགས་མཐུན་གྱི་རིན་གོང་གིས་ཞིང་པའི་ནས་ནག་འཚོང་ས་མེད་པའི་སེམས་ཁྲལ་བསལ།

ཁེ་ལས་ཀྱིས་ལོ་རེར་ནས་ནག་འབོར་ཆེན་སྡུད་པར་མ་ཟད། ད་དུང་ཉེ་འཁོར་གྱི་རོང་འབྲོག་པ་བཅུ་ཕྲག་ཁ་ཤས་ཐག་ཉེ་ས་ནས་ལས་ཀར་ཞུགས་སུ་བཅུག་ཡོད། ནས་ནག་སྡུད་པ་དང་ཞོར་ལས་ལས་ཞུགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས། བསམ་དོན་ཀུན་འགྲུབ་ཀྱིས་ས་གནས་ཀྱི་རོང་འབྲོག་པ་ཡོང་འཕར་ཕྱུག་འགྱུར་ཡོང་བར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཏེ། གནའ་བོའི་ནས་ནག་ལས་རིགས་ལ་གསོན་ཤུགས་གསར་པ་རྒྱས་སུ་བཅུག་པ་དང་། གྲོང་གསེབ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཐུན་མོང་ཕྱུག་འགྱུར་ལ་རོགས་འདེགས་བྱེད་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་གཙོ་བོར་གྱུར་ཡོད།

ད་ལྟ། ནང་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག བསམ་དོན་ཀུན་འགྲུབ་ཀྱི་ནས་ནག་ཆང་བསྙལ་བཟོ་གྲྭ་གསར་པ་བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད། ནས་ནག་གི་དྲི་ཞིམ་ས་ཆ་འདི་ནས་རྒྱང་རིང་གི་ཡུལ་དུ་ཁྱབ་ངེས་ཡིན། ཞོགས་པ་དང་ས་སྲོད་རེ་རེར། བསམ་དོན་ཀུན་འགྲུབ་ཀྱིས་ཆང་བུམ་དེ་དག་ལ་ལྟ་བ་དང་། དེ་དག་གིས་སྐད་ཆ་ཅི་ཡང་ལབ་མི་ནུས་མོད། འོན་ཀྱང་དེའི་ནང་དུ་རྩྭ་ཐང་གི་དབུགས་ཀྱི་འབྱིན་རྔུབ་ཡོད་པ་དང་། འབྲོག་པའི་སོར་རྩེ་ལས་མཆེད་པའི་དྲོད་ཁོལ། མཐོ་སྒང་གི་གཞོན་ནུ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཡོད།

ཐོན་ལས་ཀྱི་གཤིན་སས་རེ་མྱུག་གསར་པ་བསྐྱངས།

ལས་གཏོད་བདེ་བླག་བྱུང་བ་ནི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། ནང་ཆེན་རྫོང་གི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། རྫོང་ཡོངས་ཀྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་ལོ་གསུམ་འཆར་གཞི་ལག་བསྟར་བྱས་པས། དགེ་མཚན་ལྡན་པའི་ཐོན་ལས་དག་ཕན་ཚུན་ལ་འགྲན་བཞིན་འཕེལ་རྒྱས་ཕྱིན། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི་གཉིས་དང་སྟོང་བརྒྱད་དྲུག་བརྒྱ་ལས་པ་དང་། འབྲུ་སྣུམ་ཐོན་ཚད་ཏུན་འབུམ་གཅིག་ལས་བརྒལ་ཡོད། ཐོན་ལས་ལས་གཞི97ལག་བསྟར་བྱས་པ་དང་། ནས་ནག བོད་ཀྱི་རྫ་ནག ནས་ནག་ཆང་། མདོ་སྨད་ཚྭ་དམར། ཡུང་མ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ནས་ནག་དང་། ཡུག་པོ། ཡུང་མ་སོགས་ཀྱི་ལས་གཞིར་ཀྲུང་ལུའི་ཧྭ་ཞ་སྐྱེ་ལྡན་བརྗེ་སྒྱུར་གྱི་དཔང་རྟགས་ཐོབ་པ་དང་། ཡུང་མ་རྒྱལ་ཁབ་ཀྱི《གཟན་རྩྭའི་རྒྱུ་ཆའི་དཀར་ཆག》ཏུ་ཚུད།

ནང་ཆེན་རྫོང་གི་གཞི་གྲངས་ལས་ཤེས་པ་ལྟར་ན། རྫོང་ཡོངས་སུ་ནོར་སྟོང་ལུག་སྟོང་འཚོ་བའི་གསོ་སྤེལ་རྟེན་གཞི་སོ་སོར་གཉིས་རེ་གསོ་སྐྱོང་བྱས་ཡོད་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང41དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང169བཙུགས་ཡོད་ལ། “མདོ་སྨད་ཚྭ་དམར”དང“ཡུས་ཧྲུའུ་ཡུང་མ”དེ་ས་གནས་ཀྱི་ཁྱད་ལྡན་ཟོང་རྟགས་སུ་གྱུར་ཡོད། 《ཞིང་འདེབས་ཡ3》སོགས་ཀྱི་ལེ་ཚན་གྱི་ཤུགས་རྐྱེན་ལ་བརྟེན་ནས། ཕྱོགས་བསྡུས་རིག་རྩལ་ལྟ་མཁན་གྱིས་གྲོང་གསེབ་ཐོན་ལས་དར་སྤེལ་ལ་རོགས་འདེགས་བྱས་ཏེ་ནང་ཆེན་གྱི་ལམ་བུ་ཞིག་བཏོད་ཅིང་ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་རྫོང་ཁག་གསར་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་ཁག་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ནས། དུས་ཚོད་ཡོངས་ལ་ཡུལ་ལྗོངས་ཡོད་པ་དང་། དུས་ཚིགས་ཡོངས་ལ་ཡུལ་སྐོར་བྱས་ཆོག་པ། ཡུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱས་ཆོག་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི235ཐེག་བྱ་ཡིན་པའི“གཟུགས་འདས་ཤུལ་བཞག་རིག་གནས་རྫོང་ཆེན”གྱི་སྒྲོམ་གཞི་ཆགས་པ་དང་། རྒྱལ་སྤྱིའི་བརྙན་གཟུགས་གཟའ་འཁོར་དང་། ནས་ནག་རིག་གནས་སྒྱུ་རྩལ་དུས་ཆེན། “ནོར་དཀར”གངས་འཁྱག་ལུས་རྩལ་དུས་ཆེན་སོགས་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་བདེ་བླག་ངང་འཚོགས་པས། རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་འབུམ་དྲུག་དང་ཁྲི་བཞི་སྟོང་ལྔ་བདུན་བརྒྱ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1ལྷག་ལ་སླེབས།

འདི་འདྲའི་ཐོན་ལས་ཀྱི་གཤིན་ས་རུ་བསམ་དོན་ཀུན་འགྲུབ་ཀྱི་ནས་ནག་ཆང་བསྙལ་གྱི་བྱ་གཞག་ལ་གཞི་ནས་རྩ་བ་ཚུགས་ཤིང་སྐྱེ་སྟོབས་རྒྱས་ཐུབ་པ་བྱུང་། རྫ་ཆུའི་འགྲམ་རྒྱུད་ནས་ལྡང་བའི་རླུང་བུ་དེ་ནང་ཆེན་གྱི་ས་གཞི་ཡོངས་ལ་ལྡང་། དཔྱིད་ཀ་སླེབས་ཟིན། ནས་ནག་གི་རྡོག་མ་རེ་རེས་སྙེ་མ་བརྡོལ་བར་སྒུག་བཞིན་སྟོན་ཁའི་དུས་ལ་གཏམ་རྒྱུད་གསར་པ་ཞིག་གི་མགོ་བརྩམ་པར་བསྒུགས་ཡོད།