“མཁའ་ལམ”དཔང་དུ་བྱས་ནས་མཐོ་སྒང་དུ་རྐང་བཙུགས་པའི་ལོ་ངོ་ཉེར་དྲུག

ཁུངས། ཀློག་གྲངས།

ཟི་ལིང་ནས་ལྷ་སར་འགྲོ་བའི་མེ་འཁོར་དུ། ཡུལ་སྐོར་པས་དྲན་རྟེན་འདྲ་པར་ལེན་པ།

ཟི་ལིང་ས་ཚུགས་ཀྱི་འཁོར་སྒུག་ཁང་དུ། ཀའོ་མིང་ཀྲེན་གྱིས་ཡུལ་སྐོར་པ་རྒན་པར་ལམ་སྟོན་བྱེད་ཀྱིན་པ།

ཟླ4པའི་ཟི་ལིང་མེ་འཁོར་འབབ་ཚུགས་སུ་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་ཤིན་ཏུ་མང་། ལོ54ལ་སླེབས་པའི་ཀའོ་མིང་ཁྲེན་འབབ་ཚུགས་སྟེགས་བུའི་སྟེང་དུ་འགྲེང་ནས། ལམ་ལ་ཆས་པར་སྒུག་པའི་མེ་འཁོར་གྱི་འཁོར་སྒམ་རེ་རེར་ལྟ་དུས། ཁོས་ལོ་ངོ26གི་ལོ་ཟླ་དེ་ཡིད་ལ་འཁོར། ཟི་ལིང་འབབ་ཚུགས་ཀྱི་འགྲུལ་སྐྱེལ་ལས་རེས་པ་ནས་ཚོགས་པའི་སྤ་སེ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བར། ཁོ་བོའི་མི་ཚེ་ནི་འཛམ་གླིང་གི་མཚོ་འཕགས་མཐོ་ཤོས་ཀྱི་ལྕགས་ལམ་དེ་དང་དམ་དུ་འབྲེལ་ཡོད།

ཀའོ་མིང་ཁྲེན་གྱིས“ལམ་ཐིག་འདིར་ངའི་བརྩེ་བ་མང་པོ་བཅངས་ཡོད”ཅེས་སེམས་འགུལ་ཐེབས་པའི་ངང་བཤད། དེའི་རྒྱུ་མཚན་ནི། ཁོའི་སེམས་སུ་མཚོ་བོད་ལྕགས་ལམ་ནི་མ་གཞི་ནས་ལྕགས་ལམ་ཙམ་མ་ཡིན་པར། ཚེ་སྲོག་སྲུང་སྐྱོང་བྱེད་པའི“མཁའ་ལམ”ཞིག་དང་། འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བར་ཁྱམས་ཤིག་ཡིན་ལ། དེ་བས་ཀྱང་བདེ་སྐྱིད་ལ་ཕྱོགས་པའི་བགྲོད་ལམ་ཞིག་ཡིན།

2006ལོའི་ཟླ7པའི་ཚེས1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་གཏོང་མགོ་ཚུགས། མེ་འཁོར་ཐོག་མར་གཏོང་བའི་ལས་རེས་མི་སྣ་ཡིན་པའི་ཀའོ་མིང་ཁྲེན་གྱིས་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་དུས་སྐབས་དེར་བདེན་དཔང་བྱས་པ་སྟེ། མེ་འཁོར་ཐོག་མ་ཟི་ལིང་འབབ་ཚུགས་ནས་དལ་གྱིས་ཐོན་པ་ན། འབབ་ཚུགས་སྟེགས་བུའི་ཐོག་སྨྱན་སྦྱོར་གསར་འགོད་པ་དང་། གྲོང་མི། ཡུལ་སྐོར་པ་བཅས་ཀྱིས་ཁེངས་ཡོད། མི་འགའ་ཞིག་གིས་ཧབ་ཉོ་བྱས་པའི་མེ་འཁོར་སྤ་སེ་མཐོན་པོར་བཀྱགས་ནས། རང་ཉིད་མེ་འཁོར་དུ་འགྲོ་ཐབས་མེད་པར་གྱུར་ཡང་སྤ་སེ་ཕྱིར་སློག་མི་བྱེད་པར། ཚེ་གང་བོར་རྗེས་དྲན་དུ་ཉར་ཡོད།

ཉིན་དེར། ཀའོ་མིང་ཁྲེན་གྱིས་བློ་རྩེ་བླ་ལྷག་ཏུ་བསྒྲིམས་ཡོད། ཁོས་མེ་འཁོར་གྱི་ཞབས་ཞུ་མི་སྣ་དམིགས་སར་འབྱོར་ཡོད་མེད་དང་། འགྲུལ་པ་རླངས་འཁོར་དུ་འཛེག་ཡོད་མེད། རླངས་འཁོར་གྱི་སྒོ་བརྒྱབ་ཡོད་མེད་བཅས་ལ་ཞིབ་བཤེར་ཡང་ཡང་བྱས་པ་དང་། ཅ་ལག་འཇུག་པ་དང་ཆུ་གསོག་པའི་ལས་ཀ་ཚང་མ་ལེགས་གྲུབ་བྱུང་བ་གཏན་འཁེལ་བྱས་རྗེས། གཞི་ནས་འཁོར་སྐྱོད་ལས་སྣ་བ་ལ་དར་ཆ་གཡུག་གཡུག་གནང་ནས་བརྡ་བཏང་།

གཟབ་ནན་གྱི་ངང་ཚུལ་དེ་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་ལ་འཕྲད་པའི་འཛམ་གླིང་རིམ་པའི་དཀའ་གནད་དེ་ལས་བྱུང་བ་རེད། འདི་ནི་མཚོ་བོད་མཐོ་སྒང་བརྒལ་བའི་ལྕགས་ལམ་ཞིག་ཡིན་པས། འཁྱགས་ས་དང་དབྱང་དབུགས་མི་འདང་བ་སོགས་ཀྱི་དཀའ་གནད་མང་པོ་སྒྲོལ་དགོས།

ཀའོ་མིང་ཁྲེན་གྱིས་གསར་འགོད་པར་བཤད་རྒྱུར། འགྲུལ་པའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། བོད་ལྗོངས་སུ་བསྐྱོད་པའི་མེ་འཁོར་ཚང་མ་ཟི་ལིང་དུ་ཆེད་མངགས་ཀྱིས་བཟོས་པའི་ས་མཐོའི་མེ་འཁོར་ལ་བརྗེས་པ་དང་། འཁོར་སྒམ་ལ་དབྱང་དབུགས་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པར་མ་ཟད། ཉལ་ས་ཚང་མར་རང་ཚུགས་ཀྱི་དབྱང་དབུགས་རྔུབ་བྱེད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ན་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་དུ་སྨན་པ་བཀོད་སྒྲིག་བྱས་ཡོད་པར་མ་ཟད། བོད་ལྗོངས་སུ་བསྐྱོད་པའི་མེ་འཁོར་གཞན་དག་ལའང་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་མི་སྣ་བཀོད་སྒྲིག་བྱས་ཡོད་ལ། ས་གནས་ཀྱི་སྨན་བཅོས་ཐོན་ཁུངས་དང་མཉམ་འགུལ་བྱས་ནས། ཕྱི་རྨས་དང་རྫ་དུག་ཕོག་པ་སོགས་ཐོལ་བྱུང་གནས་ཚུལ་མང་པོ་ཐག་གཅོད་བྱས་མྱོང་ཟེར།

དེ་འདྲའི་བདེ་འཇགས་འགན་ལེན་མ་ལག་ཚགས་དམ་པོ་ཞིག་གིས་མཚོ་བོད་ལྕགས་ལམ་དེ་མིང་དོན་མཚུངས་པའི“ཚེ་སྲོག་གི་ལམ་ཐིག”ཅིག་ཏུ་གྱུར་ཡོད།

མཚོ་བོད་ལྕགས་ལམ་ཤར་གཏོང་མ་བྱས་གོང་། མི་འགའ་ཞིག་གིས“བོད་ལྗོངས་སུ་བསྐྱོད་པ་དེ་ཕྱི་རྒྱལ་དུ་བསྐྱོད་པ་ལས་ཀྱང་དཀའ་བར”འདོད་ཡོད། མེ་འཁོར་ཤར་གཏོང་ཐུབ་རྗེས། ལོ་ངོ20འགོར་ཡང་། ལྕགས་ལམ་དེར་དོ་ཁུར་བྱེད་པའི་ཚ་རླབས་སྔར་བཞིན་འཇགས་མེད།

“དང་ཐོག་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་མཁན་ཡིན་པ་དང་། རྗེས་སུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་སོང་ལ། དེའི་ཁྲོད་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་པ་ཡང་ཡོད”ཅེས་ཀའོ་མིང་ཁྲེན་གྱིས་ཕྱིར་དྲན་བྱེད་ཞོར།  མི་མང་པོ་ཞིག་ཟི་ལིང་དུ་བསྡད་ནས་ས་མཐོའི་ཁོར་ཡུག་དང་འཚམ་པར་བྱེད་པ་ཡིན་པས། ཟི་ལིང་གི་མགྲོན་ཁང་དུ་འདུག་མཁན་ཡང་ཇེ་མང་དུ་ཕྱིན་ཞིང་། དེ་དང་བསྟུན་ནས་དམངས་སྲོལ་མགྲོན་ཤག་ཀྱང་དར་ཁྱབ་ཏུ་སོང་ཡོད་ཟེར།

“ཟི་ལིང་གི་སིལ་ཟས་དག་མ་ས་ཆ་གང་དུ་ཡོད”ཅེས་ཡུལ་སྐོར་པས་སྐད་ཆ་འདྲི་སྐབས། ཁོ་དང་ལས་རོགས་ཚོས་རྟག་ཏུ་མོ་ཅ་ཁྲོམ་ལམ་འོས་སྦྱོར་བྱེད་ཀྱིན་ཡོད། ཁྲོམ་ལམ་རྙིང་པ་དེ་ཡང་དེ་དང་ཆབས་ཅིག་སྐད་གྲགས་རྒྱས་ནས། ཡུལ་སྐོར་པ་ངེས་པར་དུ་འགྲོ་སའི་ཁྲོམ་ལམ་ཞིག་ཏུ་གྱུར།

མི་དང་ཚོང་ཟོག་དང་ཆ་འཕྲིན་བཅས་ཀྱི་འཁོར་རྒྱུག་ཀྱང་ལྕགས་ལམ་བརྒྱུད་དེ་འཕྱུར་བས། ཟི་ལིང་ལ་འགྱུར་ལྡོག་ཆེན་པོ་བྱུང་། མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་མ་ཐུབ་གོང་། ཟི་ལིང་མེ་འཁོར་འབབ་ཚུགས་སུ་ཉིན་རེར་མི་ཐེངས5000ལྷག་ལས་མེད་ལ། 2006ལོར་མི་ཐེངས་ཁྲི1ལ་སླེབས་པ་དང་། ད་ལྟ་མི་ཐེངས་ཁྲི10ལས་བརྒལ་ཡོད་པས། ཀའོ་མིང་ཁྲེན་གྱིས་རྣམ་པ་དེ་ནི་དབྱར་མཚོ་རྒྱས་པ་དང་འདྲ་ཟེར།

མེ་འཁོར་འབབ་ཚུགས་ཀྱི་ཤོང་ཚད་ཀྱང་ཐེངས་མང་པོར་རྒྱ་བསྐྱེད་བཏང་བ་སྟེ། འབབ་ཚུགས་བསྐྲུན་མ་ཐག་པའི་འཁོར་ལམ5དང་འབབ་ཚུགས་སྟེགས་བུ1ནས། 1974ལོར་འཁོར་ལམ7དང་འབབ་ཚུགས་སྟེགས་བུ3བར་དང་། དེ་ནས2014ལོར་འབབ་ཚུགས་གསར་པ་སྤྱོད་མགོ་ཚུགས་རྗེས། འཁོར་ལམ21དང་འབབ་ཚུགས་སྟེགས་བུ9བར་རྒྱ་བསྐྱེད། དེ་དང་ཆབས་ཅིག་ཟི་ལིང་འབབ་ཚུགས་སུ་ཀོང་ཀྲོའུ་དང་བྱང་ཤར་སོགས་ཀྱི་ཕྱོགས་སུ་ཐད་ཀར་བསྐྱོད་པའི་མེ་འཁོར་སྔ་རྗེས་སུ་ཤར་གཏོང་ཐུབ་ནས། མཐོ་སྒང་ལྕགས་ལམ་ལྟེ་གནས་ནས་རྒྱལ་ཡོངས་ལྕགས་ལམ་དྲ་བའི་མཚམས་ཚུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལྕགས་ལམ་གྱི་ལམ་རྒྱུད་བསྲིངས་པ་དེས་ལམ་འགྲམ་མང་ཚོགས་ཀྱི་འགྲོ་འོང་དང་གནས་སྤོར་ལ་སྐུལ་ཁྲིད་བྱས། ཀའོ་མིང་ཁྲེན་གྱིས་དེ་སྔ་ལྕགས་སྒམ་དང་རྩམ་པ་སོགས་ཁྱེར་ནས་འགྲོ་བའི་འབྲོག་པ་རྣམས་ད་ལྟ་སྟབས་བདེའི་སྒོ་ནས་འགྲུལ་བཞུད་བྱེད་ཐུབ་ཀྱིན་ཡོད་པ་མཐོང་བྱུང་། དཔལ་འབྱོར་ལམ་ཐིག་འདིས་སྔར་མེད་ཀྱི་ནུས་ཤུགས་ལ་བརྟེན་ནས་ནུབ་རྒྱུད་ས་ཁུལ་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་འདྲེས་པར་སྣེ་ཁྲིད་བྱས་ཡོད།

ཀའོ་མིང་ཁྲེན་ལ་མཚོན་ནས་བཤད་ན། མཚོ་བོད་ལྕགས་ལམ་དུ་ད་དུང་བརྩེ་སེམས་ཀྱིས་ཕྱུག་པའི་གཏམ་རྒྱུད་བགྲང་ལས་འདས་པ་ཞིག་ཡོད།

ཀའོ་མིང་ཁྲེན་གྱི་དྲན་ངོགས་སུ། ལོ་ཞིག་ལ། ལྷ་ས་ནས་ཧྲན་ཏུང་དུ་སློབ་གཉེར་ལ་འགྲོ་བའི་བུ་མོ་ཞིག་འབབ་ཚུགས་སྟེགས་བུའི་ཐོག་ངུ་བཞིན་པ་མཐོང་། མ་གཞི་བུ་མོ་དེས་དངུལ་ཁུག་བོར་ནས་འགྲོ་ཐབས་བྲལ་བའི་གནས་སུ་ལྷུང་འདུག ཀའོ་མིང་ཁྲེན་གྱིས་གནས་ཚུལ་ཞིབ་ཕྲ་དྲིས་རྗེས། ཁ་རོག་གེར་སྒོར200བཏོན་ནས་བུ་མོར་བྱིན། ཁོའི་བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་དེ་གུང་གསེང་ལ་ཕ་ཡུལ་དུ་ལོག་སྐབས་ཆེད་དུ་ཁོའི་ས་ལ་བཅར་ནས་སྒོར་མོ200ཕྱིར་སྤྲད་པ་རེད།

ཀའོ་མིང་ཁྲེན་ལྕགས་ལམ་ལས་རིགས་ལ་དགའ་ཞེན་ཆེ་བ་ནི་ཁྱིམ་ཚང་གི་ཤུགས་རྐྱེན་ལ་རག་ལས། ཁོའི་སྤོ་བོ་ནི་ནང་ལོགས་ནས་ཟི་ལིང་བར་གྱི་ལྕགས་ལམ་བཟོ་མཁན་ཞིག་ཡིན་པ་དང་། རྗེས་སུ་ཟི་ལིང་དུ་གཞིས་ཆགས། ཨ་ཕ་ནི་ལྕགས་ལམ་ལས་བཟོ་པ་ཞིག་ཡིན་པ་དང་། ཁོ་རང་ཉིད་ཀྱིས་མི་ཚེ་ཕྱེད་ཀ་འགྲུལ་སྐྱེལ་ཞབས་ཞུར་ཕུལ། ཁྱིམ་ཚང་གཅིག་གི་མི་རབས་གསུམ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་། འཕེལ་རྒྱས་བཅས་ཀྱི་ནང་ཞུགས་ཏེ། ལྕགས་ལམ་ཁྱིམ་རྒྱུད་ཅིག་གི་ལོ་རྒྱུས་གསོན་ཉམས་ལྡན་པ་ཞིག་བསྐྲུན་ཡོད།

“བསྟུད་མར་ལོ་བདུན་གྱི་གནམ་གང་གི་དགོང་མོར་ལས་རེས་བྱས་པས། ཕངས་སེམས་མེད་ཅེ་ན་རྫུན་ཡིན་མོད། འོན་ཀྱང་འགྲུལ་པ་བདེ་འཇགས་ངང་མེ་འཁོར་ནང་བསྡད་དེ་དམིགས་སར་འབྱོར་བ་མཐོང་སྐབས་སེམས་སུ་དོན་སྙིང་ལྡན་པའི་སྣང་བ་ཞིག་སྐྱེས་ཡོང་།”ཁོས་འཁོར་སྒུག་ཚོམས་ཆེན་གྱི་འགྲུལ་པའི་འགྲོ་འོང་ལ་ལྟ་བཞིན་དེ་ལྟར་བཤད།

2024ལོར། ཀའོ་མིང་ཁྲེན་ལོ་ངོ26རིང་བརྟན་སྲུང་བྱས་པའི་ལས་རེས་མགོ་གཙོའི་ལས་གནས་དང་ཁ་བྲལ་ཏེ། ཟི་ལིང་ས་ཚིགས་ཀྱི་ཚོགས་པའི་སྤ་སེ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་ལས་གནས་སུ་སྤར། “འོན་ཀྱང་ངས་མྱུར་བགྲོད་ལྕགས་ལམ་གཏོང་བ་དང་སྒྲིག་ཆས་སྔར་བས་སྔོན་ཐོན་དུ་ཕྱིན་པ། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ60ནས་སྤྱི་ལེ300བར་ཇེ་མགྱོགས་སུ་ཕྱིན་པ་དག་མཐོང་སྐབས། སེམས་ནང་དུ་སྔར་ལས་ལྷག་པའི་སྤོབས་པ་ཞིག་སྐྱེས་ཡོང”ཞེས་ཉིན་མཚན་དབྱེར་མེད་དུ་འགྲོགས་པའི་ལྕགས་ལམ་དང་ཁ་འབྲལ་སྐབས། ཁོ་ལ་བློ་ཕམ་ཅུང་ཙམ་བྱུང་ཡང་། ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་ཀྱི་མྱུར་ཚད་ལ་སེམས་གཏིང་ནས་ང་རྒྱལ་སྐྱེས།

མ་འོངས་པར་རྒྱང་ལྟ་བྱེད་སྐབས། ཀའོ་མིང་ཁྲེན་ལ་རེ་སྒུག་གིས་ཁེངས་ཡོད། ཁོས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་བོད་ལྗོངས་སུ་འགྲོ་འདོད་མཁན་དེ་བས་མང་པོར་མི་རེར་སྤ་སེ་རེ་ཐོབ་པའི་རེ་བ་བྱེད་པ་དང་། “ལྕགས་ལམ་དང་ཡུལ་སྐོར་མཉམ་བསྲེས”ཀྱི་རྣམ་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། མི་དེ་བས་མང་པོས་ས་མཐོའི་མཛེས་སྡུག་ལ་མྱོང་རོལ་བྱ་རྒྱུའི་རེ་བ་བྱེད་ལ། ལྕགས་ལམ་དེས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཐག་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཟད་མཐའ་མེད་པའི་སྒུལ་ཤུགས་སྣོན་པའི་རེ་བ་དེ་བས་ཀྱང་བྱེད་བཞིན་ཡོད།

ལོ་ངོ26རིང་། ཀའོ་མིང་ཁྲེན་བློ་སྟོབས་རབ་ཏུ་འཕར་བའི་གཞོན་ནུ་ཞིག་ནས་སྐྲ་འདབས་དཀར་པོར་གྱུར་པའི“ལྕགས་ལམ་ལས་བཟོ་པ་རྒན་པ”ཞིག་ཏུ་གྱུར་ཡོད། ཁོས་མི་ཚེའི་ཆེས་བཟང་བའི་ལོ་ཚོད་དེ“མཁའ་ལམ”འདིའི་ཐད་ལ་ཕུལ་ཡོད། ཁོའི་མིག་ལམ་དུ་རྣོ་ལྕགས་ཀྱི“མཁའ་ལམ”རིང་མོ་དེས་ས་མཐོའི་ཉི་འོད་བསུས་ནས། ཚེ་སྲོག་དང་བདེ་སྐྱིད། རེ་བ་བཅས་བསྣམས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་མགྱོགས་མྱུར་ངང་སྐྱོད་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།