གངས་ལྗོངས་མཐོ་སྒང་གི་བརྩེ་བའི་མྱུར་སྐྱེལ་ས་ཚིགས།

ཁུངས། ཀློག་གྲངས།

བསོད་ནམས་ཉི་མས་དངོས་ཟོག་དབྱེ་སྒྲིག་བྱེད་བཞིན་པ། 

ཞོགས་པའི་སྨུག་ལོང་ཁྲོད་ཀྱི་ཡུས་ཧྲུའུ་རྩྭ་ཐང་གིས་མཛེས་པའི་གནས་མཆོག་འདིར་སྔར་ལས་བབ་ཆགས་པའི་སྣང་བ་ཞིག་སྟེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་མྱུར་སྐྱེལ་ས་ཚིགས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག བསོད་ནམས་ཉི་མ་དང་ལས་གྲོགས་རྣམས་ཀྱིས་བྱང་ཆ་ཡོད་པའི་སྒོ་ནས་ཐུམ་སྒྲིལ་འཇོག་ལེན་བྱས་པ་དང་། མྱུར་སྐྱེལ་བསྒྲིགས་ཡོད་པའི་རླངས་འཁོར་བསྟུད་མར་ལམ་ལ་ཆས་ཤིང་།  ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་ནས་ཐར་ཐོར་དུ་ཆགས་ཡོད་པའི་འབྲོག་ཁྱིམ་རེ་རེའི་ཕྱོགས་སུ་བསྐྱོད།

1993ལོར་སྐྱེས་པའི་བསོད་ནམས་ཉི་མ་ནི་ཆུ་དམར་ལེབ་རྫོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ན་གཞོན་ཞིག་ཡིན་ལ། 2015ལོར་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་རླངས་འཁོར་བེད་སྤྱོད་ལག་རྩལ་ཆེད་ལས་ནས་མཐར་ཕྱིན། སློབ་མཐར་ཕྱིན་རྗེས། ཁོས་ཟི་ལིང་གྲོང་ཁྱེར་དུ་ལས་ཀ་གཉེར་བའི་འཆར་གཞི་མ་འཐེན་པར་བློ་ཐག་རྦད་ཆོད་ཀྱིས་ཕྱིར་ཕ་ཡུལ་དུ་ལོག ཆ་སྙོམས་མཚོ་འཕགས་སྨི་སྟོང་བཞི་དང་ལྔ་བརྒྱ་ཡན་ཡོད་པའི་མཐོ་སྒང་འདིར། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཁོས་ལོ་ངོ་བདུན་ལ་བརྟན་སྲུང་བྱས་ཏེ། མྱུར་སྐྱེལ་དྲ་རྒྱ་རྩྭ་ཐང་གི་ཕྱོགས་སོ་སོར་འཐེན་ཅི་ཐུབ་བྱས་ཤིང་། ལང་ཚོའི་སྟོབས་ཤུགས་ཀྱིས་འབྲོག་ཁུལ་ཟོང་འགྲུལ་གྱི་བགྲོད་ལམ་གེགས་མེད་ཡོང་བར་བྱས་ནས། བརྩེ་བའི་ཞབས་ཞུས་འབྲོག་པ་མང་ཚོགས་ལ་དྲོད་ཁོལ་སྦྱིན་པ་དང་།  གངས་ལྗོངས་མཐོ་སྒང་དུ་ན་གཞོན་ཞིག་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་བཏོན་པའི་ངོ་མཚར་གྱི་ལེའུ་བྲིས་ཡོད།

ཆུ་དམར་ལེབ་རྫོང་གི་ས་རྒྱ་ཡངས་ཤིང་མི་གྲངས་ཉུང་བ་དང་། འབྲོག་པ་རྣམས་རྩྭ་ཆུར་བརྟེན་ནས་གནས་སྤོ་བཞིན་ཡོད་པས། སྔོན་ཆད་ཟོང་འགྲུལ་ནི་མང་ཚོགས་འཚོ་བའི་ཁྲོད་ཀྱི་དཀའ་གནད་གཙོ་བོ་ཞིག་ཏུ་གྱུར་ཡོད། རྫོང་ཡོངས་སུ་སྦྲག་སྲིད་མྱུར་སྐྱེལ་ས་ཚིགས་གཅིག་མ་གཏོགས་མེད་པའི་སྟབས་ཀྱིས། ཐག་རིང་ས་ཆའི་འབྲོག་པ་ཚོས་ཐུམ་སྒྲིལ་ལེན་པ་དང་བསྐུར་བའི་སྐབས་སུ་སྤྱི་ལེ་བཅུ་ཕྲག་ནས་བརྒྱ་ཕྲག་གི་ལམ་ཐག་བརྒྱུད་དགོས་པས། དུས་ཚོད་འགོར་འགྱངས་བྱེད་པར་མ་ཟད་ལུས་ཤུགས་ཟད་པར་འགྱུར་སྲིད། འབྲོག་མོ་སྒྲོལ་མས་སྔོན་ཆད་ཕྱི་ཕྱོགས་སུ་སློབ་གཉེར་བྱེད་བཞིན་པའི་བྱིས་པར་ལྭ་བ་བསྐུར་དགོས་ཚེ།  ནམ་རྒྱུན་ཐོ་རེངས་དུས་སུ་ལམ་ལ་ཆས་དགོས་པ་དང་། ཁངས་ཆར་གྱི་གནམ་གཤིས་ལ་འཕྲད་སྐབས་སུ་ལྷག་ཏུ་དཀའ་ཚེགས་མང་པོ་བརྒྱུད་དགོས། དེ་ལས་གཞན། ཟོང་འགྲུལ་སྟབས་བདེ་མིན་པའི་རྐྱེན་གྱིས་སྐམས་ཤ་དང་འོ་བཟོས་ཐོན་རྫས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ས་གནས་ནང་ཁུལ་ཁོ་ནར་འཁོར་རྒྱུག་བྱས་ཏེ། ཕྱི་ཕྱོགས་ཁྲོམ་རར་ཕྱིར་འཚོང་བྱེད་མི་ཐུབ།

བསོད་ནམས་ཉི་མས་གནས་ཚུལ་འདི་དག་མཐོང་མྱོང་བ་དང་རྒྱུས་ལོན་ཡོད་པར་བརྟེན། སློབ་མཐར་ཕྱིན་རྗེས་ཕྱི་ཕྱོགས་སུ་བྱ་བ་གཉེར་བའི་གོ་སྐབས་བསྐྱུར་ཏེ། ཕྱིར་ཕ་ཡུལ་དུ་ལོག་ནས་འབྲོག་ཁུལ་གྱི་ཟོང་འགྲུལ་གྱི་མི་འདང་སར་ཁ་གསབ་བྱེད་རྒྱུའི་སེམས་ཐག་བཅད།

ལས་གཏོད་འགོ་རྩོམ་དུས་དཀའ་ལས་མང་པོར་འཕྲད་མྱོང་སྟེ། མ་དངུལ་སྒོར་འབུམ་གཉིས་དགོས་པ་ནི་ཆེས་ཆེ་བའི་དཀའ་གནད་དུ་གྱུར། ཁྱིམ་ཚང་གི་རྒྱབ་སྐྱོར་མེད་སྟབས། ཁོས་ཕྱོགས་གཅིག་ནས་ལས་གཏོད་རྒྱབ་སྐྱོར་དངུལ་བུན་རེ་ཞུ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་ཆེན་སྐབས་སུ་སློབ་ཞོར་ལས་གཉེར་བྱས་པའི་ཡོང་འབབ་ཚང་མ་བཀོལ་ཏེ་ལས་གཏོད་མ་དངུལ་གསོག་ཅི་ཐུབ་བྱས། དེའི་རྗེས། ཁོས་ཀྲུང་ཐུང་མྱུར་སྐྱེལ་དང་མཉམ་འབྲེལ་གྱིས་ཆུ་དམར་ལེབ་རྫོང་གི་དམངས་གཉེར་མྱུར་སྐྱེལ་ས་ཚིགས་ཐོག་མ་བཙུགས་པ་དང་། སྒོ་འབྱེད་མཛད་སྒོའི་སྟེང་འབྲོག་པ་མང་པོ་ཆེད་དུ་ཡོང་ནས། ཁྱིམ་གྱི་སྒོ་མདུན་དུ་མྱུར་སྐྱེལ་ལེན་པ་དང་བསྐུར་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེ་ཡོད།

མཐོ་སྒང་གི་དངོས་པོ་སྐྱེལ་ལེན་ལ་ཧ་ཅང་དཀའ་ཚེགས་ཆེ་སྟེ། དགུན་དུས་ཀྱི་དྲོད་ཚད་ནམ་རྒྱུན་གོར་ཐིག་མན་གྱི་ཏུའུ་སུམ་ཅུ་ལས་དམའ་བས། བགྲོད་ལམ་ཁ་བས་ཁེགས་སླ། ན་ནིང་གི་དགུན་གཞུང་ཞིག་ལ། གཡུ་སྐེ་ཞང་གི་འབྲོག་པ་ཞིག་གི་མྱུར་མཁོའི་མྱུར་སྐྱོབ་སྨན་ཞིག་རྫོང་ཐོག་ཏུ་བསྐུར་ཡོད་པ་ཤེས་རྗེས། བསོད་ནམས་ཉི་མས་མྱུར་དུ་རླངས་འཁོར་བསྐོར་ནས་སྨན་ལེན་པར་སོང་མོད། ལམ་བར་དུ་བགྲོད་ལམ་ཁ་བས་བཀག་སྟེ་རླངས་འཁོར་འགྲོ་མི་ཐུབ་པས། ཁོས་ཆུ་ཚོད་གཉིས་ལྷག་གི་རིང་ལ་གྲང་ངར་གདོང་གིས་བསུས་ཏེ་སྨན་ཁྱེར་ནས་རྐང་ཐང་ལ་ཡོང་བ་དང་། སྨན་དུས་ཐོག་ཏུ་འབྲོག་པའི་ལག་ལ་འབྱོར་ཐུབ་པར་བྱས།

ཐོལ་བྱུང་གནས་ཚུལ་གང་ལ་འཕྲད་རུང་། བསོད་ནམས་ཉི་མ་དུས་ལྟར་འབྱོར་བར་མ་ཟད། འགོར་འགྱངས་བྱེད་པའི་སྣང་ཚུལ་གཅིག་ཀྱང་བྱུང་མ་མྱོང་། འབྲོག་པ་ཚོའི་འཚོ་བ་རོལ་སྟངས་དང་ཟུང་འབྲེལ་བྱས་ནས། ཁོས་མྱུར་སྐྱེལ་ས་ཚིགས་ཀྱིས་ཉིན་གུང་ངལ་གསོ་མི་བྱེད་པ་དང་ལོ་གང་བོར་རྒྱུན་ལྡན་ཞབས་འདེགས་ཞུ་བའི་སྒྲིག་ལམ་བཙུགས་ཏེ། འབྲོག་པ་ཚོས་སྐབས་བསྟུན་གྱིས་མྱུར་སྐྱེལ་བསྐུར་ལེན་བྱེད་པར་སྟབས་བདེ་གང་མང་བསྐྲུན། ཁོས་ལས་བཟོ་པ་རྣམས་ཀྱི་ལས་ཀར་དཀའ་ཚེགས་ཆེ་བར་འདང་བརྒྱབ་ནས། མ་དངུལ་སྒོར་འབུམ་གཅིག་གིས་ལས་བཟོ་པའི་ཟ་ཁང་གསར་དུ་བསྐྲུན་ཏེ། མྱུར་སྐྱེལ་ས་ཚིགས་ཀྱི་ལས་བཟོ་པ་རྣམས་ཀྱིས་ཟ་མ་ཞིམ་པོ་ཞིག་ཟ་ཐུབ་པར་འགན་སྲུང་བྱས་ཤིང་།  ལས་བཟོ་པར་དོ་ཁུར་བྱེད་པའི་བརྩེ་བ་ཡིས་ཚོགས་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

2019ལོར། ཁོས་ས་གནས་དེ་གའི་ཞིང་སྡེའི་གློག་རྡུལ་ཚོང་དོན་དཔེ་སྟོན་ལས་གཞི་འགན་ལེན་བྱས་ཏེ། ཟོང་འགྲུལ་དང་གློག་རྡུལ་ཚོང་དོན་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་བསྐྲུན་ཞིང་། ཞང་དང་གྲོང་རྡལ་མང་པོའི་ས་ཚིགས་སུ་སོང་ནས་གཞི་རིམ་གྱི་མྱུར་སྐྱེལ་ས་ཚིགས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་མཁོ་དངོས་སོགས་འབྲོག་པ་ཚོའི་སྒོ་མདུན་དུ་སྐྱེལ་བར་མ་ཟད། ཁོ་ཚོའི་ལག་ནས་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཉོ་བསྡུ་བྱས་ལ། གློག་རྡུལ་ཚོང་དོན་བརྒྱུད་དེ་རྒྱལ་ཡོངས་སུ་ཕྱིར་འཚོང་བྱས། ན་ནིང་། འབྲོག་ཁྱིམ་བརྒྱད་ཅུ་ལྷག་གིས་ཐབས་ལམ་དེ་བརྒྱུད་ནས་ཡོང་འབབ་འཕར་བར་བྱས་ལ། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་སྟོང་བཞི་ལྷག་འཕར་ཡོད་སྟབས། མཁར་གྲོང་གི་དངོས་ཟོག་ཕན་ཚུན་འཁོར་རྒྱུག་བྱེད་པ་མངོན་འགྱུར་བྱུང་།

ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་འོག བསོད་ནམས་ཉི་མའི་བྱ་གཞག་གོང་ནས་གོང་དུ་འཕེལ་ཏེ། ཁོའི་མྱུར་སྐྱེལ་ས་ཚིགས་ལ་ལས་རིགས་ཀྱི་ཕུལ་བྱུང་ཁེ་ལས་ཀྱི་མཚན་སྙན་ཐོབ། ད་སྐབས། ལས་སྒོ་དེ་རྫོང་ཡོངས་ཀྱི་གཙོ་རྒྱུག་མྱུར་སྐྱེལ་སྤུས་རྟགས་ཚང་མར་ཁེབས་ཡོད་པར་བརྟེན། འབྲོག་ཁུལ་ཟོང་འགྲུལ་གྱི་མཇུག་མཐའི་བྱ་བ་ལེགས་པོར་སྒྲུབ་ཅིང་། ས་གནས་དེའི་མང་ཚོགས་བཅུ་གཅིག་གིས་ཁྱིམ་དང་ཐག་ཉེ་ས་རུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ། ལས་བཟོ་པ་རེ་རེ་ཡིས་ལོ་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་ཁྲི་གསུམ་དང་སྟོང་ལྔ་ནས་སྒོར་ཁྲི་བཞིའི་བར་ལེན་ཐུབ་ཀྱིན་ཡོད།

ལོ་ངོ་བདུན་ལ་བརྟན་པོར་སྲུང་། ཐོག་མའི་སེམས་འདུན་བརྗེད་དུ་མེད། བསོད་ནམས་ཉི་མས་ཕ་ཡུལ་དུ་རྐང་བཙུགས་ཤིང་།  ཉིན་རྒྱུན་གྱི་བྲེལ་འཚུབ་དང་ཐུམ་སྒྲིལ་རེ་རེ་ལ་བརྟེན་ནས་རྩྭ་ཐང་དང་ཕྱི་ཕྱོགས་བར་དུ་སྦྲེལ་ཟམ་བསྐྲུན་ནས། འབྲོག་པ་རྣམས་ཀྱི་འཚོ་བར་སྔར་མེད་པའི་དྲོད་ཁོལ་སྦྱིན་ཡོད། ཁོས་མཐོ་སྒང་གི་ཡུལ་གྲུ་འདི་རུ། རང་ནུས་ཡོད་རྒུས་ན་གཞོན་གྱི་ཁག་ཁུར་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་འདོན་པའི་ལང་ཚོའི་རྒྱུགས་ལན་ཡག་པོ་ཞིག་འབྲི་བཞིན་ཡོད།

ལྷ་མོ་འཚོས་བསྒྱུར།