དབང་སྐྱོན་ལྷ་རིས་པ་ཞིག་གི་སྒྱུ་རྩལ་གྱི་མི་ཚེ་དང་འོད་ཀྱི་བཞུད་ལམ་རིང་མོ།

ཁུངས། ཀློག་གྲངས།

ཤ་བོ་བཀྲ་ཤིས་ཀྱིས་ཐང་ག་བཞེངས་ཚུལ་ཁྲིད་བཞིན་པ། 

ཟླ5པའི་ཚེས28ཉིན། ཞོགས་པའི་ཉི་ཟེར་བོད་ལུགས་སྒེའུ་ཁུང་ལས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུང་དཀར་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་རི་མོ་ཁང་དུ་འཕྲོས་འདུག   ལོ25སོན་པའི་སློབ་མ་ལྷ་མོ་མཁར་གྱིས་དཀར་ཆས་ལག་ལ་བཟུང་ནས་དེའི་ནང་གི་གཏེར་ཕྱེ་སྔོན་པོར་ལྟ་ཞོར། རྒན་ལགས། གསེར་ཚོན་ཇི་ལྟར་སྡེབ་སྦྱོར་བྱས་ན་འོད་དང་ལྡན་པ་ཞིག་ཡོང་ཐུབ་ཅེས་དྲིས།

ཤ་བོ་བཀྲ་ཤིས་ཀྱིས་གོམ་པ་དལ་གྱིས་སྤོས་ནས་ཡོང་བ་དང་། རྐང་བ་གཡོན་པ་བདེ་པོ་མིན་པས་ཅུང་དཀའ་ཚེགས་ཆེ་བ་ལྟར་སྣང་མོད། འབྲི་རས་ལ་ཅེར་བའི་མིག་མདངས་ལས་རི་མོར་བཅངས་པའི་བློ་རྩ་ཧ་ཅང་བརྟན་པ་ཤེས་ཐུབ། ཁོས་སྐེད་པ་སྒུར་ཞོར་བརྡར་བུ་བཟུང་ནས་ཞིབ་མོར་བརྡར་བའི་ཚུགས་ཀ་བསྟན་ཏེ། ངང་རྒྱུད་རིང་པོ་ཡིན་ན། ཚོན་རྩི་བརྡར་བ་ཞིབ་མོ་ཡིན་པར་མ་ཟད། ཚོན་མདོག་དེ་བས་གསལ་བོ་ཡོང་སྲིད་ཅེས་བཤད། ཁྲིའུ་འཁོར་སྟེང་བསྡད་ཡོད་པའི་བོད་ཀྱི་ལྷ་རིས་པ་དེའི་གོན་པའི་ཕུ་རུང་ཁར་ཚོན་རྩི་འགོས་ཡོད་ལ། གདོང་གི་གཉེར་མ་ལས་ལོ་ངོ་དུ་མའི་རིང་ལས་དབང་ལ་འགྲན་སློང་བྱས་པའི་སྤྱིར་བཏང་མིན་པའི་གཏམ་རྒྱུད་སྦས་ཡོད།

ཤ་བོ་བཀྲ་ཤིས་ནི1987ལོར་སྐྱེས་ཤིང་། ཁོ་རང་ལོ་ན་བདུན་ལ་སོན་དུས་རྐང་པ་གཡོན་པར་ཤ་གྲིམ་རྙིད་འཁུམ་གྱི་ནད་ཕོག་ནས་སློབ་རའི་འཚོ་བ་དང་ཁ་མི་གྱེས་ཐབས་མེད་བྱུང་། ཁོས་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་ཞོར། བྱིས་པ་གཞན་དག་གིས་སྤང་ཐང་དུ་རྩེད་འཇོར་རོལ་སྐབས་སུ་ངས་སྒེའུ་ཁུང་འགྲམ་ནས་རོང་བོ་དགུ་ཆུའི་བཞུར་རྒྱུན་ལ་རྒྱང་ལྟ་བྱས་ཏེ་སྡོད་པ་ལས་ཐབས་གཞན་མེད་ཅེས་ཡིད་སྐྱོ་བའི་ཚུལ་གྱིས་བཤད། ཡིན་ཡང་། ན་ཚ་དེས་ཁོས་འཚོ་བར་བཅངས་པའི་རེ་བའི་མེ་ཏོག་སད་ཀྱིས་བཅོམ་མ་ཐུབ་སྟེ། 2003ལོར། ལོ་ན་བཅུ་དྲུག་ལ་སོན་པའི་ཁོས་ཐང་ག་བཞེངས་པའི་ཕྱོགས་ལ་གོམ་ཁ་བསྒྱུར་རྒྱུའི་སེམས་ཐག་བཅད།

ཐང་ག་འབྲི་བཞེངས་སྦྱོང་བའི་ལམ་བུར་ཧ་ཅང་ཀྱག་ཀྱོག་ཆེ་སྟེ། རེབ་གོང་ཐང་ག་བཞེངས་རྒྱུ་བསླབས་པ་ནས་བཟུང་། དུས་ཡུན་རིང་པོར་བཙོག་པའི་ན་ཟུག་གིས་རྔུལ་ནག་ཁྲོམ་ཁྲོམ་བཞུར་དུ་བཅུག་་པ་དང་། འགྲོ་འདུག་སྟབས་མི་བདེ་རུང་ཁོས་བརྩོན་པའི་རྟ་ཕོར་ལྕག་གིས་བསྐུལ།

ཁོས་གྱང་ངོས་ཀྱི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྐོར་གྱི་ཐང་ག་སྟོན་ཞོར་བཤད་རྒྱུར། གཞན་གྱིས་དུས་ཚོད་བརྒྱད་ལ་སྦྱངས་པ་བྱེད་སྐབས། ངས་དུས་ཚོད་བཅུ་གཉིས་ལྷག་ལ་སྦྱངས་པ་ཡིན་ཏེ།  ང་ལ་ཤ་གྲིམ་རྙིད་འཁུམ་གྱི་ནད་བྱུང་རུང་། ལས་དབང་གིས་ང་ལ་ཐང་ག་བཞེངས་པའི་ཁ་ཕྱོགས་བསྟན་ཡོད་ཅེས་ཟེར་བ་དང་། དེ་ནི2019ལོར་ཁོས་སྣེ་ཁྲིད་ནས་བརྩམས་ཆོས་ལྔ་བཅུ་ལེགས་འགྲུབ་བྱུང་བ་དང་།  ཐང་ག་ལས་ཚངས་དབྱངས་རྒྱ་མཚོའི་མི་ཚེའི་གཏམ་རྒྱུད་རིང་མོ་དང་རེབ་གོང་ཐང་གའི་ཕུལ་བྱུང་མཛེས་རྩལ་གཉིས་མཉམ་དུ་འདྲེས་ཡོད་སྟབས། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྒྱུ་རྩལ་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

ཟླ་དང་ཟླ། ལོ་དང་ལོ་བརྩེགས་ནས་འབྲི་སྦྱོང་བྱས་པ་བརྒྱུད། ཁོས་གཏེར་ཚོན་སྡེབ་སྦྱོར་དང་གསེར་སྐུད་ཐིག་ཕབ་སོགས་ཀྱི་འབྲི་རྩལ་ཚང་མ་རྒྱུས་ལོན་ཐུབ་པར་བརྟེན། 2021ལོར་རྨ་ལྷོ་ཁུལ་གྱི་དམངས་ཁྲོད་བཟོ་རྩལ་པ་ཞེས་པའི་མཚན་སྙན་ཐོབ་པ་དང་། ལས་ཤག་ཁང་ལ་རེབ་གོང་སྒྱུ་རྩལ་གྱི་གཡང་ཁྱིམ་ཞེས་པའི་དཔང་ཡིག་སྤྲད།

ཤ་བོ་བཀྲ་ཤིས་ཀྱིས་ནམ་རྒྱུན་ཐང་ག་ནི་གྱང་ངོས་སུ་བཀལ་བའི་བཤམས་རྫས་མ་ཡིན་པར། སེམས་སུ་དྲོད་ཁོལ་སྦྱིན་པའི་མེ་དཔུང་ལྟ་བུ་ཡིན་ཞེས་བཤད་ཀྱིན་ཡོད་ལ། 2015ལོར། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོས་སྒྱུ་རྩལ་ཀུང་ཟི་བཙུགས་ནས་དཀའ་ཁག་ཡོད་པའི་སློབ་བུ་རྣམས་ལ་རེ་བའི་སྒོ་ཆེན་ཡངས་པོར་ཕྱེས།

ལྷ་ཐར་ཚེ་རིང་གིས་བཤད་རྒྱུར། ང་ལ་འབད་བརྩོན་གྱི་ཁ་ཕྱོགས་མེད་པར་མགོ་འཐོམ་ཡོད་པའི་སྐབས་སུ། དགེ་རྒན་གྱིས་རོགས་རམ་དང་སྐུལ་ལྕག་གནང་སྟེ། ཐང་གའི་འབྲི་བཞེངས་སྐོར་ཁྲིད་པར་མ་ཟད། ཁྱིམ་གཞིས་ཀྱི་དྲོད་ཁོལ་ཚོར་ཐུབ་པར་བྱས་བྱུང་ཟེར།

སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། ཤ་བོ་བཀྲ་ཤིས་ཀྱིས་ཀུན་སྤྱོད་དང་འབྲི་རྩལ་གཉིས་ཀ་གཙོ་བོར་བཟུང་ཞིང་། གཏེར་ཚོན་སྡེབ་སྦྱོར་བྱེད་ཐབས་དང་སྐྱ་ཐིག་འབྲི་སྟངས་སོགས་ཀྱི་ཆེད་ལས་རྩལ་ནུས་ཁྲིད་པར་མ་ཟད། མི་བཟང་པོ་ཞིག་བྱེད་པའི་གནས་ལུགས་ཀྱང་སློབ་བུ་རྣམས་ཀྱི་སེམས་སུ་འཇགས་པར་བྱས།

ལོ་ངོ་བཅུ་ལྷག་གི་རིང་། སློབ་མ་བརྒྱ་ལྷག་གནས་འདི་ནས་འཚར་ལོངས་བྱུང་བ་དང་། དེ་ལས་སློབ་མ་བཅུ་ཡིས་མི་སྒེར་གྱི་ལས་སྒྲུབ་ཁང་བཙུགས་ཡོད་ལ། ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་ལྔ་ལྷག་ལེན་ཐུབ་ཕྱིར།  ཁྱིམ་ཚང་གི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་དྲུག་ལྷག་འཕར་ཐུབ་པར་སྐུལ་ཁྲིད་བྱས།

ད་སྐབས་ཅུང་མིང་གྲགས་ཡོད་པའི་ལྷ་རིས་པ་ཚེ་རིང་འཚོ་ཡིས་བཤད་རྒྱུར། དགེ་རྒན་གྱིས་ནམ་རྒྱུན་ཐང་ག་ནི་འབྲི་རས་སྟེང་གསེར་སྐུད་ཀྱིས་ཐིག་ཕབ་པ་ཁོ་ན་མ་ཡིན་པར། གཞན་གྱི་ཚེ་སྲོག་གི་བསྟར་ལ་བརྒྱུས་ཐུབ་དགོས་ཞེས་བཤད་མྱོང་ཟེར། དགེ་རྒན་གྱི་སྐོར་གླེང་སྐབས་ཁོ་མོའི་ཡིད་སེམས་སྒུལ་བཞིན་ཡོད་ཅིང་། ཁོ་མོས་ཕྱེས་པའི་ལས་སྒྲུབ་ཁང་གིས་བུད་མེད་ལས་ཞུགས་པ་བཞི་བསྡུ་འགུག་བྱས་ཡོད།

སྔོན་ཆད་མི་མང་པོས་ང་ལ་བརྩེ་བའི་རོགས་རམ་བྱས་མྱོང་ཕྱིར། ད་ལྟ་ངས་ཀྱང་རང་གི་ནུས་པར་བརྟེན་ནས་གཞན་ལ་རོགས་ཅི་ཐུབ་བྱ་དགོས་ཞེས་པའི་སྐད་ཆ་འདི་ནི་ཤ་བོ་བཀྲ་ཤིས་ཀྱི་སེམས་སུ་དྲན་ཤིང་ལྟ་བུར་གྱུར་ཡོད་དེ། ལོ་ངོ་མང་པོའི་རིང་། ཁོས་ཁེར་འདུག་བྱས་པའི་རྒན་རྒོན་དང་ནད་ཚབས་ཆེན་ཕོག་ཡོད་པའི་རྒས་འཁོགས་བཅུ་གཉིས་ལ་དུས་ཡུན་རིང་པོར་རོགས་རམ་བྱས་ནས། དུས་བཅད་ལྟར་ཕྱེ་འབྲས་དང་གཡིས། འཚོ་བའི་འགྲོ་གྲོན་བཅས་སྟེར་བའི་རྒྱུན་ཆད་མ་མྱོང་།

བརྩེ་བའི་ཁྱིམ་གཞིས་ཞེས་པའི་སྤྱི་ཕན་རྩ་འཛུགས་བྱེད་སྒོ་སྟེང་། ནམ་རྒྱུན་ཁོ་མཐོང་ལམ་དུ་མངོན་སྲིད་ལ། འཚོ་བའི་མཁོ་དངོས་དང་འཚམས་འདྲིའི་མ་དངུལ་སྒོར་ཁྲི་ལྔ་ཙམ་ཞལ་འདེབས་སུ་ཕུལ། སྡེ་ཁུལ་གྱི་ཏང་འཛུགས་མཉམ་འབྲེལ་གྱི་སེམས་འདུན་ཆུང་ཆུང་ཞེས་པའི་བྱེད་སྒོ་ཁྲོད། ཁོས་དབང་པོ་སྐྱོན་ཅན་གྱི་བྱིས་པར་སློབ་སྦྱོང་གི་མཁོ་ཆས་གྲ་སྒྲིག་བྱས་ཤིང་། ཁེར་འདུག་བྱས་པའི་རྒན་རྒོན་གྱི་ཁང་པར་གཙང་སྦྲ་བྱས་ཏེ། རང་གི་ལག་ཟུང་ལ་བརྟེན་ནས་བརྩེ་བའི་དྲོད་ཁོལ་སྦྱིན།

2020ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་གཟུགས་འདས་ཤུལ་བཞག་འགྲེམ་སྟོན་སྟེང་། ཤ་བོ་བཀྲ་ཤིས་ཀྱིས་ཡུལ་དངོས་སུ་ཐང་ག་འབྲི་བཞེངས་བྱེད་པའི་རྣམ་པས་ལྟད་མོ་བ་མང་པོའི་ཡིད་སེམས་ཅིག་ཅར་དུ་འཕྲོག ཁོ་ཁྲིའུ་འཁོར་ལ་བསྡད་ཅིང་ལག་ཏུ་འབྲི་སྨྱུག་བཟུང་སྟེ། འབྲི་རས་ངོས་སུ་དལ་མོར་རགས་བྲིས་བྱས་པ་ན། མཐིང་ག་དང་རྒྱ་མཚལ། གསེར་ཕྱེ་བཅས་གཞི་གཅིག་ཏུ་འདྲེས་ནས། རེབ་གོང་ཐང་གའི་ཁྱད་དུ་འཕགས་པའི་མཛེས་པ་ཀུན་གྱི་མཐོང་ལམ་དུ་མངོན་པར་བྱས།

ད་སྐབས། རྒྱལ་ཡོངས་རང་སྟོབས་དཔེ་སྟོན་སོགས་ཞིང་ཆེན་རིམ་པ་ཡན་གྱི་མཚན་སྙན་བརྒྱད་ཐོབ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཁོ་རང་ད་རུང་སྔར་བཞིན་རི་མོ་ཁང་དུ་ཐང་ག་འབྲི་བཞེངས་ཀྱི་ལས་ལ་བྲེལ་བཞིན་འདུག

ས་སྲོད་ལ། རོང་བོ་དགུ་ཆུ་ལྷུང་ལྷུང་དལ་གྱིས་འབབ་ཀྱིན་རེབ་གོང་གི་ས་གཞི་ཆེན་མོ་འདིར་འཚར་ལོངས་བྱུང་བའི་སྤྱིར་བཏང་མ་ཡིན་པའི་སྐྱེས་བུ་ཁོ་ལ་བསྟོད་གླུ་སྙན་མོ་ཞིག་འབུལ་བཞིན་འདུག  ཤ་བོ་བཀྲ་ཤིས་ཀྱིས་ཀྱང་སློབ་མ་རྣམས་ཀྱིས་བློ་རིག་སྒྲིམ་ནས་ཐང་ག་འབྲི་བཞེངས་བྱེད་པའི་རྣམ་པ་མཐོང་ནས་གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་ཀྱིས་ཁེངས།

དབང་བོར་སྐྱོན་བྱུང་བ་ནི་མི་ཚེ་ལ་རྫོགས་ཚིག་བཀོད་པ་ཞིག་མ་ཡིན་པར། འབད་འཐབ་ཀྱི་ལེའུ་དངོས་སུ་འབྲི་འགོ་བརྩམས་པ་ཞིག་རེད།  ཁོས་ལོ་ངོ་སུམ་ཅུ་ལྷག་གི་བརྟན་སྲུང་ལ་བརྟེན་ནས། རང་ཉིད་ཀྱི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་ཐུབ་ཅིང་། སྒྱུ་རྩལ་གྱི་སྟོབས་ཤུགས་ཀྱིས་མི་ཚེའི་མདུན་སྐྱོད་ཀྱི་བགྲོད་ལམ་འོད་སྟོང་ལྡན་པར་བྱེད་ཐུབ་པ་བདེན་དཔང་བྱས།

གསེར་མོ་ལྗོངས་སུ་གཉོམ་ལག་རྒྱས་པའི་ལྷ་རིས་པ་འདི་ཡིས་ལག་གི་འབྲི་སྨྱུག་གིས་རང་ཉིད་ལ་དབང་བའི་སྒྱུ་རྩལ་གྱི་རྨི་ལམ་ཞིག་བསྐྲུན་པར་མ་ཟད། སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་མི་བུ་མང་པོ་ཞིག་ལ་བདེ་སྐྱིད་ཀྱི་མི་ཚེ་ལྡན་པར་བྱས།

ལྷ་མོ་འཚོས་བསྒྱུར།