དབྱར་ཟླ་ཧྲིལ་བོར་མཚོ་སྔོན་པོ་ཁ་ནས་ཡུལ་སྐོར་གཉེར།

ཁུངས། ཀློག་གྲངས།

      “འདིར་ཤོག་ལ། འདིར་ལྟོས་དང་། ངའི་གཡག་ཧ་ཅང་རྫིག མདོག་ཁྲ་ཁྲ་དང་སྤུ་ཤམ་གྱིས་གདོང་ཧྲིལ་པོ་གཡོགས་ཡོད། གཡག་མང་གྲས་ཀྱི་རྫིག་པོ་དེ་ཡིན།”

དབྱར་གཞུང་གི་མཚོ་སྔོན་པོ་ནི་སྔོ་བསང་ངེར་གནས་ལ། མཚོ་སྔོན་པོ་བྱང་ངོགས་ཀྱི་ལྷ་མོ་མཚོ་ཁུགས་སྐྱེ་ཁམས་ཉམས་ལེན་ལྗོངས་ཁུལ་དུ་ཡུལ་སྐོར་པའི་དགོད་སྒྲ་དང་མཚོ་སྔོན་པོའི་རླབས་སྒྲ་གཉིས་དབྱེར་མེད་དུ་འདྲེས་ཡོད། འུར་སྒྲ་དེའི་ཁྲོད་ནས་སྐད་གདངས་ཅུང་འགག་ཡོད་རུང་འབོད་སྒྲ་གསལ་པོ་ཞིག་མི་ཚོགས་ཁྲོད་ནས་ཐོས་བྱུང་། འབོད་སྒྲ་དེའི་ཕྱོགས་སུ་བལྟས་པ་ན། ལོ22ཡིན་པའི་བོད་རིགས་གསར་བུ་ནོར་ཆོས་རྒྱལ་གྱིས་གཡག་ཁྲ་ཁྲ་ཞིག་བཟུང་ནས་ཡར་འགྲོ་མར་འོང་གི་ཡུལ་སྐོར་པ་རྣམས་འབོད་བཞིན་ཡོད། ཁོས་བཟུང་ཡོད་པའི་གཡག་དེ་ནི་ཁོས་བཤད་པ་བཞིན་ཧ་ཅང་རྫིག་ལ། མདོག་ཁྲ་ཁྲ་དང་སྤུ་ཤམ་གྱིས་གདོང་ཧྲིལ་པོ་གཡོགས་འདུག

འབོད་སྒྲ་དེ་ཐོས་པའི་ཡར་འགྲོ་མར་འོང་གི་ཡུལ་སྐོར་པ་རྣམས་ཀྱིས་གོམ་ཁ་ལྷོད་ནས་དེའི་ཕྱོགས་སུ་ལྟ་བཞིན་ཡོད། དེའི་ཁྲོད་ཀྱི་བཟའ་མི་གསུམ་ཅན་ཞིག་གཡག་དེའི་འགྲམ་དུ་ཐོན་ནས་དགའ་སྤྲོའི་ངང་འདྲ་པར་བསྐྱོན། ནོར་ཆོས་རྒྱལ་གྱིས་གཡག་ཡུལ་སྐོར་པའི་དྲུང་དུ་ཁྲིད་ཡོང་སྟེ་གཡག་གི་གོང་དུ་ཚུགས་ཀ་ཅི་ཞིག་བཏོད་ན་ལེགས་ཚུལ་བཤད་བཞིན་ཡོད། “མགོ་ཅུང་དགྱེས་དང་། མིག་གིས་རྒྱང་རིང་གི་མཚོ་སྔོན་པོར་ལྟོས”ཞེས་སྐད་མགོ་སྔར་བཞིན་ཆེ་རུང་། སྐད་གདངས་ལ་ཉན་ན་སུན་སྣང་ཅུང་ཙམ་ཡང་སྐྱེ་བཞིན་མེད་པ་ཤེས།

འོད་སྒྲིབ་ཞྭ་མོ་ཞིག་གྱོན་ཡོད་པ་དང་སྐེ་དཀྲིས་ཤིག་གིས་སྐེ་དང་ངོ་གདོང་ཚང་མ་བཏུམ་སྟེ་མིག་གཉིས་མ་གཏོགས་མི་མཐོང་། ཁོས“མཚོ་སྔོན་པོ་རུ་རླུང་གི་རྒྱུ་བ་དྲག་ཅིང་ཉི་འོད་བཙན་པས་ཅུང་ཙམ་ཞིག་ལའང་ངོ་ནག་པོར་འགྱུར་འགྲོ”ཟེར། ཚོང་གཅིག་མཇུག་རྫོགས་རྗེས། ནོར་ཆོས་རྒྱལ་གྱིས་གདོང་གི་སྐེ་དཀྲིས་ཕྱིས་པ་ན། ནག་ཀྱུག་ཀྱུག་གི་ངོ་གདོང་སྟེང་དུ་རླུང་གཡུག་ཀྱང་ཉི་འོད་འཕྲོས་པའི་ཤུལ་གསལ་པོར་མཐོང་མོད། འོན་ཀྱང་ཁ་ནང་གི་སོ་ཕྲེང་ཧ་ཅང་དཀར།

ནོར་ཆོས་རྒྱལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་འཁྱིལ་ཞང་ཡག་མོ་སྡེ་བའི་མི་རེད། ད་ལོ་སློབ་ཆེན་ནས་མཐར་ཕྱིན་རྗེས། གྲོང་ཁྱེར་ཆེན་མོ་རུ་ལས་ཀ་འཚོལ་བའི་ན་ཟླ་མང་པོ་དང་མི་འདྲ་བར་ཕྱིར་ཕ་ཡུལ་དུ་ལོག་ནས། མཚོ་སྔོན་པོ་ཁ་རུ་གཡག་བཟུང་བའི་ཚོང་ལས་གཉེར། “ང་རང་གཞན་ཡུལ་དུ་སློབ་གྲྭ་འགྲིམ་པས་རྒྱ་སྐད་ཅུང་བཟང་པོ་བཤད་ཤེས་ལ། ཡུལ་སྐོར་པ་དང་ཁ་བརྡ་བྱས་ན་ཐོགས་པ་མེད་པས། ཡུལ་སྐོར་པ་བོས་ནའང་རང་ཤུགས་ཀྱིས་གཞན་གྱིས་གསལ་པོར་གོ་ཐུབ”ཅེས་ཡིད་ཆེས་ཀྱིས་ཁེངས་ཤིང་གཞུང་དྲང་སྒོས་དེ་ལྟར་བཤད།

ལྷ་མོ་མཚོ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ནོར་ཆོས་རྒྱལ་དང་འདྲ་བར་ཡུལ་སྐོར་པར་རྟར་བཞོན་དང་གཡག་བཞོན། ལུ་གུ་པང་བཟུང་གི་པར་ལེན་ཞབས་ཞུ་མཁོ་འདོན་བྱེད་པའི་འབྲོག་མི་བདུན་ཅུ་ལྷག་ཡོད། ཚང་མ་ཡག་མོ་སྡེ་བའི་མི་རེད་ལ་རྩྭ་ས་དེའང་ཡག་མོ་སྡེ་བར་གཏོགས། 2023ལོར་ལྗོངས་ཁུལ་གྱིས་ཚོང་ལས་གཉེར་འགོ་བརྩམས་ཏེ། སྡེ་མི་རྣམས་ལ་ལས་རྐང་དང་ཚོང་བཤམ་ས་མཁོ་འདོན་བྱས།

ནོར་ཆོས་རྒྱལ་གྱིས་རྩིས་ཤིག་བརྒྱབ་རྗེས་བཤད་རྒྱུར། ན་ནིང་གི་དབྱར་གནང་སྐབས་སུ། ང་རང་ཐོག་དང་པོར་མཚོ་ཁར་གཡག་ཁྲིད་ནས་ཡོང་། ཟླ་ངོ་གཅིག་ལྷག་གི་རིང་ལ་སློབ་སྐབས་གཅིག་གི་སློབ་ཡོན་བཙལ་ཐུབ་སོང་། “ལྗོངས་ཁུལ་སྒོ་ཕྱེ་བའི་ལོ་དེར་ཨ་ཕས་གཡག་ཡག་པོ་ཞིག་ཉོས་ཏེ་འདིར་ཁྲིད་ཡོང་བ་དང་། ལོ་དེར་གཡག་ཉོས་པའི་མ་རྩ་ཕྱིར་ལོན། ད་ལོའི་ཟླ5པའི་ཚེས1ཉིན་གཡག་ཁྲིད་ནས་འདིར་ཡོང་བ་ཡིན། ཐོན་མ་ཐག་གི་ཉིན་འགའི་རིང་ཉིན་རེར་སྒོར་བཞི་བརྒྱ་ལྷག་གི་ཡོང་སྒོ་ལེན་ཐུབ།” ཡུལ་སྐོར་དུས་གཞུང་གི་སྐབས་ཀྱི་ཟླ་ངོ་འགའ་ལ་གཡག་བཟུང་རྒྱུ་ཡིན་པ་དང་། སྟོན་མཇུག་ཡུལ་སྐོར་པ་ཇེ་ཉུང་དུ་སོང་རྗེས་གཏན་འཇགས་ཀྱི་བྱ་བ་ཞིག་འཚོལ་རྒྱུ་ཡིན་ཞེས་ཁོས་དྲང་མོར་བཤད།

ཡོང་སྒོ་བླངས་པ་ནི་ནོར་ཆོས་རྒྱལ་གཅིག་པུ་མིན། ལོ་རེའི་དབྱར་ཁར་ཡུལ་སྐོར་པ་རྣམས་འཚང་ཁ་ཤིག་ཤིག་གིས་ཐོན་པ་ན་ལྗོངས་ཁུལ་དུ་མཁོ་བའི་ལས་ཀ་པ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ། ད་ལོའི“ལྔ་གཅིག”གུང་གསེང་དུ། ལྷ་མོ་མཚོ་ཁུགས་ཀྱིས་ཉིན་རེར་ཡུལ་སྐོར་པ3000ལས་བརྒལ་བ་སྣེ་ལེན་བྱས། “ན་ནིང་གི་སྐབས་འདིར་ཆེས་མང་དུས་ཉིན་རེར་མི500ལྷག་ཐོན།”ཞེས་ལྗོངས་ཁུལ་གྱི་བདེ་འཇགས་ཁོར་སྲུང་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་རབ་བརྟན་གྱིས་དེ་ལྟར་བཤད།

སྡེ་མི་ལྷ་མོ་དང་མོའི་སྐྱེས་པ་བསོད་ནམས་གཉིས་ཀྱིས་དུས་རྒྱུན་རྫོང་མཁར་དུ་རླངས་འཁོར་བཀྲུ་ས་ཞིག་གཉེར་ཡོད། དབྱར་ཁ་ཐོན་དུས་རླངས་འཁོར་བཀྲུ་ས་གཞན་ལ་གླས་ཏེ་ཁོ་གཉིས་ལྗོངས་ཁུལ་དུ་ཚོང་གཉེར་བྱེད་དུ་ཡོང་བཞིན་ཡོད། ལྷ་མོས་རང་སྡེ་བ་གཅིག་པའི་བུ་མོ་ཞིག་དང་མཉམ་དུ་ཤིང་ཁང་གྱན་གཅིག་གླས་ཏེ། སྟབས་བདེ་ཐུག་པ་དང་སྐོམ་ཆུ། ཞོར་ཟས་སོགས་འཚོང་བཞིན་ཡོད་ལ། བསོད་ནམས་ཀྱིས་མཚོ་ཁ་རུ་གཡག་བཟུང་ཡོད། “རླངས་འཁོར་བཀྲུ་སས་ཟླ་གཅིག་ལ་སྒོར་མོ་མང་པོ་བཙལ་མི་ཐུབ། འདི་རུ་ཟླ་ངོ་གསུམ་བཞིའི་རིང་ལ་བཙལ་བའི་སྒོར་མོ་ནི་རླངས་འཁོར་བཀྲུ་ས་རུ་ལོ་ངོ་གཅིག་ལ་བཙལ་བའི་སྒོར་མོ་ལས་ཀྱང་མང་།”ལྷ་མོས་བྱང་ཆ་དོད་པའི་སྒོ་ནས་ཡུལ་སྐོར་པར་སྟབས་བདེ་ཐུག་པ་སྦང་ཞོར་དུ་མགོ་བོ་བཀྱགས་ནས་དེ་ལྟར་བཤད།

འགྱུར་ལྡོག་དེ་དག་ལྷ་མོ་ཚང་གི་ཡོང་སྒོ་ལ་བལྟས་ནས་ཤེས་པ་ཁོ་ན་མིན་ལ། ལྗོངས་ཁུལ་གྱི་ག་ས་གང་དུའང་མཐོང་ཐུབ། ལོ་ངོ་གཉིས་ཀྱི་སྔོན་དུ་གསར་འགོད་པས་ཡུལ་འདིར་བཅར་འདྲི་བྱེད་སྐབས། ལྷ་མོ་མཚོ་ཁུགས་ཀྱི་འཛད་སྤྱོད་རྣམ་པ་སྣ་རྐྱང་རེད། སྡེ་མི་རྣམས་ཀྱིས་སྐོམ་ཆུ་ཤེལ་དམ་འགའ་དང་སྟབས་བདེ་ཐུག་པ་ཕོར་བ་འགའ་ལས་འཚོང་ཐུབ་ཀྱིན་མེད། ད་ལྟ་ལྗོངས་ཁུལ་དུ་སྐོར་བ་གཅིག་བརྒྱབ་ན། རྣམ་པ་གཞན་ཞིག་མཐོང་བ་སྟེ། གསར་དུ་ཕུབ་པའི་བཤམས་སྟེགས་སྟེང་དུ་ཞོ་དང་ཤ་སྐམ་སོགས་བཤམས་ཡོད་ལ། རིག་གནས་གསར་སྐྲུན་ཐོན་རྫས་བཤམ་ས་རུ་བཤམས་ཡོད་པའི་མཚོ་སྔོན་པོའི་མཐའ་འཁོར་གྱི་རིག་གནས་གསར་སྐྲུན་ཐོན་རྫས་ཀྱིས་ན་གཞོན་མང་པོ་ཞིག་གི་མིག་དབང་བཀུག་ཡོད། རྡོ་རྗེ་རབ་བརྟན་གྱིས“ཞོར་ཟས་དང་རིག་གནས་གསར་སྐྲུན་གྱི་ཐོན་རྫས། ཞིང་ཕྱུགས་ཐོན་རྫས་བཅས་ཀྱི་བཤམས་འཚོང་འདི་དག་ཚང་མ་ད་ལོར་གསར་དུ་བསྣན་པ་ཡིན། ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་པ་མང་པོ་གོམ་ཁ་ལྷོད་དུ་བཅུག་ནས་མི་རྣམས་ལ་སྒོར་མོ་མང་ཙམ་བཙལ་དུ་འཇུག་བཞིན་ཡོད།”“སྐོམ་ཆུ་དམ་བི་གང་དང་སྟབས་བདེ་ཐུག་པ་དཀར་ཡོལ་གང”ནས“ཟ་རྒྱུ་ཡོད་ལ། བལྟ་རྒྱུ་དང་འཁྱེར་རྒྱུའང་ཡོད་པའི”འགྱུར་ལྡོག་ནི་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་རགས་ལས་ནས་ཞིབ་ཚགས་སུ་སོང་བའི་མཆན་འགྲེལ་རེད།

ལྷ་མོ་མཚོ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་དྲ་གྲགས་ལྗོངས་ཁུལ་ཞིག་ཡིན་ལ། “མཚོ་སྔོན་པོའི་གད་པ”འམ་ཡང་ན“མཚོ་སྔོན་པོའི་གད་པ་དང་པོ”རུ་འབོད། ཡུལ་འདི་ནས་མཚོ་སྔོན་པོའི་བརྗིད་ཆགས་མཛེས་སྡུག་མཐོང་བར་མ་ཟད། མཚོ་མཆོད་རིག་གནས་དང་སྐྱེ་ཁམས་ལྟད་མོ་ལྗོངས་ཁུལ་ལ་ཉམས་ལེན་ཀྱང་བྱེད་ཐུབ།

ཡུལ་སྐོར་པ་ཇེ་མང་དུ་སོང་བས་ལས་ཀ་པའང་མང་པོ་མཁོ། ལྗོངས་ཁུལ་གྱི་ལས་སྒྲུབ་པ་ཉིན་རྒྱུན་གྱི་མི41ནས་དུས་གཞུང་གི་མི80ལྷག་ཏུ་འཕར་ཡོད། དེའི་ནང་གི་བཅུ་ཆའི་བདུན་ནི་རང་སྡེ་བའི་མི་ཡིན་ལ། ཆེས་ཡོང་སྒོ་མེད་པའི་མི་དང་ལག་རྩལ་མེད་པའི་མི། ཕྱི་རོལ་དུ་ཞོར་ལས་ལ་འགྲོ་བའི་ཆ་རྐྱེན་མེད་པའི་དཀའ་ཁག་ཅན་གྱི་མང་ཚོགས་རྐྱང་རྐྱང་རེད། རླངས་འཁོར་ཁ་ལོ་པར་ཟླ་ཕོགས་སྒོར4000ཡན་དང་། བདེ་སྲུང་དང་གཙང་སྦྲ། པ་སེ་ཞིབ་བཤེར་བཅས་ལ་ཟླ་ཕོགས་སྒོར3000ལྷག་རེ་ཡོད།

དགོང་མོ་ས་རུབ་ཁར་མཚོ་ངོས་ལ་ཚོན་མདངས་དམར་པོ་བྱུགས་པ་དང་མཚུངས། ནོར་ཆོས་རྒྱལ་གྱིས་གཡག་ཁྲ་ཁྲ་སྙིང་ལ་རྗེ་བོ་དེ་ཁྲིད་ནས་དལ་གྱིས་ཁྱིམ་དུ་ལོག་ལ། ཁོའི་འབོད་སྒྲ་ད་རུང་མཚོ་ངོས་སུ་འཁོར་ཡོད། ཁོའི་སྐད་གསང་མཐོན་པོའི་འབོད་སྒྲས་མཚོ་སྔོན་པོའི་དབྱར་ཁ་བོས་ཡོད་ལ། མཚོ་འགྲམ་གྱི་མི་ཁྱིམ་དག་གི་འཚོ་བ་བཟང་པོའང་བོས་ཡོད། །