
ཟླ6པའི་ཚེས30ཉིན་གྱི་ཞོགས་པར། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཟི་ལིང་ལམ་མཚམས་ཀྱི་ཧོང་ཡོན་འབབ་ཚིགས་བྱང་མར་མཚན་མོའི་མུན་པས་བསྒྲིབས་ཡོད་ལ། ལྕགས་ལམ་འགྲམ་རྒྱུད་ཀྱི་བརྡ་རྟགས་གློག་སྒྲོན་གྱིས་ཆོས་ཉིད་ལྡན་པའི་སྒོ་ནས་འོད་འཚེར་བཞིན་ཡོད། དགོང་མོ་དེར་ཁལ་དབོག་དགོས་པའི་ཟུང་སྐྱེལ་མེ་འཁོར་ཞིག་དལ་གྱིས་ཐོན་པ་དང་བསྟུན་ནས་འབབ་ཚིགས་ཆུང་ཆུང་དེའི་ལྷིང་འཇགས་ཀྱང་དཀྲོགས་སོང་།
“49001ཧོང་ཡོན་འབབ་ཚིགས་བྱང་མའི་བགྲོད་ལམ1པའི་སྟེང་དུ་བསྡད།”སྡོད་པའི་བཀའ་བརྡ་གསལ་པོ་བཏང་བ་དང་བསྟུན་ནས། ཚན་སྒྲིག་ལས་སྒྲུབ་གོ་རིམ་ལྡན་པའི་སྒོ་ནས་སྤེལ། མེ་འཁོར་འབབ་ཚིགས་སུ་ཐོན་པ་ནས་ཟོང་སྐྱེལ་སྦྲེལ་མཐུད་བར་གྱི་ལས་རྐང་སོ་སོ་དམ་ཚགས་ཀྱིས་མཐུད་ཡོད་ལ། མཚན་གུང་གི་འབབ་ཚིགས་ཆུང་ཆུང་དེའི་ནང་དུ་འགན་འཁྲི་མི་འདྲ་བའི་ལས་གཉེར་པ་རྣམས་ཀྱིས་ཕན་ཚུན་ལ་རོགས་འདེགས་བྱས་ཏེ། ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
ཁྲེང་གོ་ཡུན་ནི་ཟི་ལིང་ལམ་མཚམས་ཧོང་ཡོན་འབབ་ཚིགས་བྱང་མའི་འབབ་ཚིགས་ལས་རེས་པ་ཞིག་རེད། གནས་དེ་རུ་འཁོར་སྒུག་ཚོམས་ཆེན་མེད་ལ་སྤ་སེ་འཚོང་སའི་སྒེའུ་ཁུང་ཡང་མེད། ཐ་ན་རྒྱུན་སྡོད་ཀྱི་ལམ་འགྲོ་བའང་མེད། དེ་ལྟར་ཡིན་རུང་། དེ་ནི་མཚོ་བོད་ལྕགས་ལམ་ཟོང་སྐྱེལ་བགྲོད་ལམ་སྟེང་གི་མེད་དུ་མི་རུང་བའི་ལྷུ་མཚམས་གལ་ཆེན་ཞིག་རེད།
ཧོང་ཡོན་འབབ་ཚིགས་བྱང་མ་ནི“མི་གཅིག་གིས་འབབ་ཚིགས་སྲུང་བའི”དཔེ་མཚོན་ཞིག་རེད། འཁོར་སྐྱོད་ཁང་གི་ལས་རྐང་དུ་དུས་རྒྱུན་དུ་མི་གཅིག་ལས་མེད་ལ། མི་གཅིག་པོ་དེའི་འགན་འཁྲི་ནི་ཕར་འགྲོ་ཚུར་འོང་གི་མེ་འཁོར་བསྲུངས་རྒྱུ་དེ་རེད། ཁྲེང་གོ་ཡུན་གྱིས་འགན་འཁྲི་དེ་ཁུར་དུ་བླངས་ཡོད་ལ། ཕ་མེས་ནས་ཐོན་པའི་སྙིང་སྟོབས་ཀྱི་རྒྱུན་དེ་བསྐྱངས་ཡོད། ཕ་མེས་ནས་རྣ་བྱང་མིག་བྱང་དུ་གྱུར་ཡོད་པས། ཁོ་རང་ཆུང་དུས་ནས་ལྕགས་ལམ་ལ་དམིགས་བསལ་གྱི་བརྩེ་བ་ཞིག་ཡོད། ཁོའི་བྱ་བ་ནི་ནམ་ཡང་ལྕགས་ལམ་དང་མེ་འཁོར། འབབ་ཚིགས་གསུམ་དང་འབྲལ་ཐབས་མེད།
ཁྲེང་གོ་ཡུན་ལས་ཚོགས་སུ་ཞུགས་མགོ་བརྩམས་པའི་ལོ་དེ་དག་གི་རིང་ལ་སྒྲིག་བཀོད་རྙིང་ཧྲུལ་དང་བྱ་བ་ཡོངས་རྫོགས་མི་ཤུགས་ལ་བརྟེན་པ།མི་འབོད་ན་ཀི་འདེབས་པ། ཟིན་བྲིས་ལག་པས་འབྲི་བ་སོགས་འབབ་ཚིགས་རྙིང་བའི་རྗེས་ཤུལ་ག་ས་གང་དུ་ཁྱབ་ཡོད། མཚན་མོར་ལས་རེས་བྱེད་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་ལ། མེ་འཁོར་ཉིན་མཚན་དབྱེར་མེད་དུ་རྒྱུ་བ་དང་། ལྷག་པར་སྣུམ་མཛོད་དུ་ཁལ་དབོག་པ་དང་ཉིན་དཀར་སྐྱེལ་ཡོང་བའི་མེ་འཁོར་གྱི་ཁལ་མཚན་མོར་ཡོངས་རྫོགས་དབོག་ཚར་དགོས་པས། ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་།
བོད་སྐྱེལ་དངོས་རྫས་ཀྱི་བར་རྒྱུད་རྟེན་གཞི་ཡིན་པའི་ཆ་ནས། འབབ་ཚིགས་སུ་ཉིན་རེར་མེ་འཁོར་བཅུ་ཕྲག་ཅིག་ཚུར་ཐོན་པ་དང་བཅུ་ཕྲག་ཅིག་ཕར་སྐྱེལ་དགོས། ཕྱོགས་གཅིག་གིས་ཀྱང་མེ་འཁོར་བཀོད་གཏོང་པ་རྣམས་ལ་དབུགས་ལེན་ཁོམ་ཡང་མེད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་སྐྱེལ་ཡོང་བའི་ལམ་གྱི་རྡོ་ཟེགས་དང་སྭེལ་ལྕགས། ཁིར་ལྕགས། དེ་མིན་གཞུང་ལམ་འཛུགས་སྐྲུན་ཐད་མྱུར་དུ་མཁོ་བའི་རྡོ་སྣུམ་སྤྱིན་འདམ་དང་སྣུམ་སྙིགས་སོགས་ཀྱི་དངོས་རྫས་ཚང་མ་གནས་དེར་ཐོན་རྗེས། ལྕགས་ལམ་སྟེང་ནས་ན་གོར་མོ་གྲོང་ཁྱེར་བརྒྱུད་ནས་ལྷ་སར་སྐྱེལ་བ་དང་། གངས་ལྗོངས་མཐོ་སྒང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བཞིན་ཡོད།
དུས་རབས་ཀྱི་འཕོ་འགྱུར་མདུན་ནས་མདུན་དུ་བསྐྱོད། ཚན་རྩལ་གྱིས་ལྕགས་ལམ་གྱི་འཕེལ་རྒྱས་ལ་ནུས་པ་བསྩལ། རང་རྒྱལ་གྱི་ལྕགས་ལམ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་པ་བརྟན་པོ་སྤོས་པ་དང་བསྟུན་ནས། སྔོན་ཆད་མི་ཤུགས་དྲག་པོ་བཏོན་ནས་ལས་དགོས་པའི་དཀའ་ཁག་གི་རྣམ་པ་དེ་ལོ་རྒྱུས་སུ་གྱུར། ལམ་གསོ་འཕྲུལ་ཆས་ཆེན་པོ་དང་གློག་དབུགས་གཅིག་བསྡུས་ཀྱི་ཚོད་འཛིན། ཕྱེད་རང་འགུལ་གྱི་བཀག་སྡོམ་སོགས་སྔོན་ཐོན་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་དུ་བཀོལ་སྤྱོད་བྱས་པས། མི་ཤུགས་བཀོལ་བ་ཕན་ལྡན་གྱིས་ཇེ་ཉུང་དུ་བཏང་བ་དང་ལས་སྒྲུབ་ཕན་འབྲས་མཐོར་འདེགས་ཆེན་པོ་བྱུང་། སྔོན་ཆད་ཀྱི་གྱང་ལྡེབས་བརྡ་རྟགས་འཕྲུལ་ཆས་དང་མི་ཤུགས་ལམ་སྒྱུར་སོགས་རིམ་བཞིན6502ཅན་གྱི་གློག་དབུགས་གཅིག་བསྡུས་མཉམ་སྡུད་མ་ལག་ཏུ་རིམ་པ་སྤར་བའི་བར་དང་། དེ་ནས་ད་ལྟའི་རྩིས་འཁོར་གྱིས་མཉམ་སྡུད་བྱས་པའི་བར་ཐར་ཐོར་རང་གཅུན་གྱི་བཀོད་གཏོང་གཅིག་བསྡུས་ཀྱི་མ་ལག་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱས། མཚོ་བོད་ལྕགས་ལམ་འགུལ་སྐྱོད་རྩ་འཛུགས་དང་སྒྲིག་བཀོད་ཚོད་འཛིན་ཐད་མི་ཡིས་ལས་རེས་བྱེད་པ་ནས་རིག་ནུས་ཚོད་འཛིན་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་། དེ་ནི་གཅིག་ནས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་བ་ཡིན་ལ། གཉིས་ནས་སྐྱེལ་འདྲེན་བདེ་འཇགས་ཀྱི་མ་མཐའ་བརྟན་པོར་བསྲུངས་ནས། ལྕགས་ལམ་སྔར་བས་བདེ་འཇགས་དང་སྔར་བས་གོ་ཆོད། སྔར་བས་རིག་ནུས་ཀྱི་ཕྱོགས་སུ་གོམ་པ་སྤོ་བར་སྐུལ་འདེད་བཏང་བའང་རེད།
ལོ་ཟླ་རིང་མོ་འདས་པ་དང་བསྟུན། ལྕགས་ལམ་འཕེལ་རྒྱས་ཐད་འགྱུར་ལྡོག་ཆེན་པོ་བྱུང་། ཆེས་ཐད་ཀར་མཐོང་བའི་འགྱུར་ལྡོག་ནི་མེ་འཁོར་གྱི་འཁོར་འགྲོས་སྔར་བས་མགྱོགས་ཤིང་སྐྱེལ་འདྲེན་གྱི་ཤུགས་སྔར་བས་ཇེ་དྲག་ཏུ་སོང་བ་དེ་རེད། སྐྱེལ་འདྲེན་གྱི་ཤུགས་ཇེ་དྲག་ཏུ་སོང་བ་ལ་མཚོན་ནས་བཤད་ན། འདྲེན་ཤུགས་ལྗིད་ཚད་ཡར་སྔོན་གྱི་ཏུན1000ལྷག་ནས་ཏུན4500ལ་འཕར་བས། མེ་འཁོར་གྱི་ཐེག་ཚད་ཀྱང་ཏུན60ནས་ཏུན70རུ་གཏན་འབེབས་བྱས་ཡོད། ལས་ཀ་ལས་སྟངས་དང་མེ་འཁོར་དུ་སྡོད་པའི་ཁོར་ཡུག་གསར་པ་གསར་རྐྱང་དུ་གྱུར་ཡོད། སྔོན་ཆད་དགུན་གཞུང་དུ་མེ་འཁོར་གྱི་གསང་སྤྱོད་ཁང་འཁྱགས་པས་བསྡམས་ནས་སྦུག་ལམ་འགག་སླ་བས། ཆུ་ཁོལ་བླུགས་ནས་འཁྱགས་སུ་འཇུག་དགོས། ད་ལྟ་ཆབ་གཞོང་ཡོད་ཚད་སྙིགས་སྡུད་རླངས་འཁོར་གྱིས་གཅིག་གྱུར་གྱིས་གཙང་མར་སྡུད་འགྲོ་བས་གཙང་མ་ཡིན་ལ་སྟབས་བདེ་བའི་ཁར་དེར་སེམས་ཚེགས་བྱེད་མི་དགོས་ལ་བརྩོན་པའང་བསྐྱེད་མི་དགོས་པས། ལྕགས་ལམ་གཉེར་སྐྱོང་གི་འགན་སྲུང་ཞབས་ཞུའི་ཆུ་ཚད་དངོས་གནས་མཐོར་འདེགས་བྱུང་ཡོད།
2009ལོར། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལམ་ཐིག་གཉིས་པ་འཛུགས་སྐྲུན་བྱས་པ་དང་། ལྕགས་ལམ་ལམ་དྲའི་བཀོད་སྟངས་ལེགས་བསྒྱུར་བྱས་པ་དང་བསྟུན་ནས། སྔོན་ཆད་ཀྱི་ཧོང་ཡོན་འབབ་ཚིགས་ཀྱི་མིང་དེ་ཧོང་ཡོན་འབབ་ཚིགས་བྱང་མ་རུ་བསྒྱུར་བ་དང་། དུས་མཚུངས་སུ་འགྲུལ་སྐྱེལ་ལས་སྒོ་མེད་པར་བཟོས། དུས་མཉམ་དུ་ཧོང་ཡོན་འབབ་ཚིགས་གསར་པ་ལས་ཏེ་སྐྱེལ་འདྲེན་གྱི་འགན་འཁྲི་གསར་པ་ཕྲག་ཏུ་བླངས། སྔོན་ཆད་ཀྱི་མེ་འཁོར་དང་མི་འགྲོ་འོང་ཆེ་བའི་འབབ་ཚིགས་རྙིང་པའི་འདུ་འཛི་རིམ་བཞིན་ཡལ་ནས་ལྷིང་འཇགས་ཤིག་ཏུ་གྱུར་ཡོད།
འབབ་ཚིགས་རྙིང་པའི་ལོ་རྒྱུས་མཇུག་རྫོགས་པ་དེས་ཁྲེང་གོ་ཡུན་གྱི་སེམས་སུ་འབྲལ་མི་འདོད་པའི་ཚོར་སྣང་ཞིག་བྱིན་རུང་། ལྕགས་ལམ་གྱི་ལམ་དྲ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་པ་དང་སྒྲིག་བཀོད་སྒྲིག་ཆས་ཀྱི་རིམ་པ་འཕར་བ། འཁོར་སྐྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བ་སོགས་ཀྱིས། ལྕགས་ལམ་གྱི་དར་རྒྱས་ཆེན་པོའི་འཕེལ་རྒྱས་དེ་གཟི་བརྗིད་ཅིག་ཏུ་རློམ་ཡོད། ཁོས་འབབ་ཚིགས་རྙིང་བའི་ལྷིང་འཇགས་ནི་ལྕགས་ལམ་གྱི་མདུན་སྐྱོད་དང་དུས་རབས་གོམ་སྟབས་ཀྱི་བདེན་དཔང་ཡིན་པ་གསལ་པོར་ཤེས་ཡོད།
ད་ལྟའི་བར་དུ། ཁྲེང་གོ་ཡུན་གྱིས་མེ་འཁོར་འབབ་ཚིགས་ཀྱི་ལས་རེས་པའི་ལས་རྐང་ལོ་ངོ20ལྷག་ལ་བརྟན་སྲུང་བྱས། མགོ་སྐྲ་ནག་པོ་ནས་དཀར་པོར་གྱུར་ཡོད་རུང་། འགྱུར་རྒྱུ་མེད་པ་ནི་མཐོ་སྒང་དུ་རྐང་འཛུགས་པ་དང་ལས་རྐང་བརྟན་པོར་སྲུང་བ། ལྕགས་ལམ་སྲུང་བའི་ཐོག་མའི་ལྷག་བསམ་དེ་རེད།
ཧོང་ཡོན་འབབ་ཚིགས་བྱང་མའི་ལོ་ཟླ་རིང་མོའི་འགྱུར་ལྡོག་ནི་མཚོ་བོད་ལྕགས་ལམ་གྱི་མཆོང་བརྒལ་འཕེལ་རྒྱས་ཀྱི་ཕྲ་མཐོང་བསྡུས་གཟུགས་ཡིན་ལ། དེ་བས་ཀྱང་ཀྲུང་གོ་ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་བྲིས་རེད། །