

སྦྲ་གུར་ནང་གློག་སྒྲོན་གྱི་འོད་ལ་བརྟེན་ནས་ལས་སྒྲུབ་བྱེད་པའི་རྣམ་པ།
ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད་པས། ལོ་ངོ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ་རྨ་ཆུའི་འགོ་ཁུངས་ཀྱི་ཆུ་ཁུངས་སྐྱིལ་གསོག་གནས་གལ་ཆེ་ཤོས་འདི་ཉིད་ས་ནག་ཐང་ཆེན་མོས་ཁྱུར་མིད་བཏང་མྱོང་བ་སུ་ཞིག་གིས་རྟོགས་སམ། ས་ནག་ཐང་ལ་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་རྒྱས་སུ་བཅུག་ཅིང་ཆ་སྙོམས་མཚོ་འཕགས་སྨི་སྟོང་བཞི་དང་ཉིས་བརྒྱ་ཡོད་པའི་མཐོ་སྒང་དུ་ལོ་ངོ་བཞི་བཅུ་ལྷག་ལ་སྐྱེ་ཁམས་སླར་གསོའི་ལས་དོན་གྱི་རྒྱུན་སྐྱོང་མཁན་ནི་ཏང་ལོ་བཞི་བཅུ་ཡིན་ལ། མི་ཚེ་གང་བོར་རྩྭ་ཐང་དུ་རྐང་བཙུགས་པའི་བོད་རིགས་ཏང་ཡོན་རྒན་པ་བློ་དགེ་རེད།
དར་ལག་རྫོང་གི་ས་ཁོངས་ཀྱི་བརྒྱ་ཆའི་གོ་ལྔ་རྩྭ་ས་ཡིན་པས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྐྱིལ་གསོག་གི་གནད་འགག་ལས་འགན་ཕྲག་ཏུ་བཞེས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར། ཕྱུགས་འཚོ་གྲངས་ཚད་ལས་བརྒལ་བ་དང་ཨ་བྲའི་གནོད་འཚེ་ཆེ་བ། དེ་མིན་མཐོ་གྲང་གི་ནམ་ཟླའི་རྐྱེན་གྱིས་ས་ནག་གྲམ་ཐང་གི་རྒྱ་ཁྱོན་བསྟུད་མར་ཆེ་རུ་ཕྱིན་སྟབས། ནོར་ལུག་ལ་རྩྭ་ཟ་རྒྱུ་མེད་པ་དང་། འབྲོག་པ་རྣམས་རྩྭ་ཆུ་ལ་བརྟེན་ནས་གནས་སྤར་བས། སྐྱེ་ཁམས་དང་དམངས་འཚོ་གཉིས་ཀ་དཀའ་ཁག་ཆེ་བའི་གནས་སུ་གྱར།
ས་གནས་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་འབྲོག་པ་བློ་དགེ་ཡིས་ཕ་ཡུལ་གྱི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་དངོས་སུ་མཐོང་རྗེས། རྩྭ་འདེབས་པ་དང་རྩྭ་ས་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་བཅངས།
1981ལོར། ལོ་ཉེར་གཉིས་ལ་བུད་པའི་བློ་དགེ་དར་ལག་རྫོང་གི་རྩྭ་ཐང་ས་ཚིགས་སུ་སོང་ནས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ལམ་དུ་ཞུགས་འགོ་བརྩམས། ཐེངས་ཤིག་ལ་གཞི་རིམ་དུ་སོན་འདེབས་འདྲུད་འཁོར་ཞིག་གསོ་བྱེད་སྐབས། ཁོས་ཉིན་གང་པོར་འཁོར་ཞབས་སུ་ཞིག་གསོ་ཚོད་ལྟ་མང་པོ་བྱས་ཤིང་། ས་སྲོད་ཀྱི་མཚམས་སྤྲིན་འོག རྩྭ་ཉག་མ་གཅིག་ཀྱང་སྐྱེ་མེད་པའི་ས་ནག་གྲམ་ཐང་མཐོང་ནས་སེམས་སུ་སྐྱོ་སྣང་ཚད་མེད་སྐྱེ།
མཐོ་སྒང་གྲང་ངར་ཆེ་བའི་རྩྭ་ཐང་སླར་གསོ་བྱེད་པའི་དཀའ་ཁག་ཆེ་ཤོས་ནི་རྩྭ་འདེབས་པ་དེ་མིན་པར། མང་ཚོགས་ཀྱི་གདོད་མའི་འདུ་ཤེས་བསྒྱུར་ནས་རྩྭ་རྒྱུ་ཇེ་ལེགས་སུ་གཏོང་རྒྱུ་དེ་རེད། སྐབས་དེར། འབྲོག་པ་མང་པོས་ནོར་ལུག་གཙོ་བོར་འཛིན་པའི་འདུ་ཤེས་མཁྲེགས་འཛིན་བྱས་ཡོད་སྟབས། རྩྭ་འདེབས་པ་དང་རྩྭ་ས་སྲུང་སྐྱོབ་བྱ་རྒྱུར་དེ་འདྲ་འཐད་པ་མིན།
ཆ་སྙོོམས་མཚོ་འཕགས་སྨི་སྟོང་བཞི་ལྷག་བརྒལ་བའི་མཐོ་སྒང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ཐིག་ཚེག་ལྔ་ཡིན་པས། ཆེས་སྤྱིར་བཏང་གི་རྩྭའི་ས་བོན་གྱི་གསོན་ཚད་བརྒྱ་ཆའི་ཉི་ཤུ་ནས་སུམ་ཅུ་ཙམ་ཡིན་ལ། ཐེངས་མང་པོར་འདེབས་འཛུགས་ལེགས་པོ་མ་བྱུང་བའི་སྣང་ཚུལ་གྱིས་ཁོ་ལ་གཏན་ནས་གཉིད་མི་ཡོང་བར་བྱས།
བློ་དགེ་ལོ་ན་ཆུང་དུས་སློབ་སྦྱོང་གི་གོ་སྐབས་ཉུང་ལ་ཆ་རྐྱེན་ཞན་པས། ད་སྐབས་ལྷག་ཏུ་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་ཀྱིན་ཡོད་དེ། ཞིང་ཆེན་གྱི་ཆེད་མཁས་པ་གཞི་རིམ་དུ་ཡོང་ནས་སློབ་ཁྲིད་བྱེད་སྐབས། ཁོ་རང་བྲེལ་བ་ཅི་འདྲ་ཆེ་རུང་མིག་མདུན་གྱི་ལས་ཀ་བསྐྱུར་ཏེ་སློབ་ཁྲིད་ལ་ཉན་དུ་འགྲོ་བ་དང་། སྦྲ་གུར་ནང་གི་སྣུམ་སྒྲོན་དེ་ནམ་རྒྱུན་ཐོ་རེངས་བར་དུ་གཟིམས་མི་སྲིད།
ལོ་ངོ་མང་པོར་རྩྭའི་ས་བོན་རིགས་ཉི་ཤུ་ཙམ་བསྡུར་བ་བྱས་པ་དང་། ཆེད་མཁས་པའི་མཛུབ་སྟོན་འོག བློ་དགེ་ཡིས་གྲང་ངར་བཟོད་ཐུབ་ལ་ས་རྒྱུ་ཞན་ས་ནས་སྐྱེ་ཐུབ་པའི་ཀྲུང་ཧྭའི་ལུག་རྩྭ་དང་འཁྱག་སའི་སྔ་སྨིན་ལྗང་བུ་སོགས་བདམས་ནས། མཐོ་སྒང་གྲང་ངར་ཆེ་བའི་ས་ཁུལ་ལ་འཚམ་པའི་རྩ་སོན་སླར་གསོ་བྱེད་ཐབས་གསར་པ་བཏོད་ཅིང་། རྩྭ་རིགས་འདྲེས་མའི་རྩད་པ་བསྣོལ་མར་སྐྱེ་བ་དང་། དོ་དམ་ལེགས་པོ་བྱས་ཚེ་ལོ་ངོ་བཅུ་ལྷག་ལ་སྲུང་འཛིན་བྱེད་ཐུབ་ཕྱིར། ད་སྐབས་ལག་རྩལ་འདི་མགོ་ལོག་ཁུལ་ཡོངས་ཀྱི་ས་ནག་གྲམ་ཐང་བཅོས་སྐྱོང་གི་བརྒྱུད་རིམ་ཁྲོད་རྒྱ་ཁྱབ་ངང་བཀོལ་བཞིན་ཡོད། ཁྲོམ་རར་བཙོང་བཞིན་པའི་སྤུས་ཀ་མི་ལེགས་པའི་ས་བོན་གང་སར་ཁྱབ་པ་དང་། སྤུས་ཞན་ས་བོན་གྱིས་སོན་བཟང་གི་ཚབ་བྱས་ཏེ་བཅོས་སྐྱོང་གི་མྱུར་ཚད་འགོར་འགྱངས་བྱེད་པའི་དཀའ་གནད་ལ་དམིགས་ནས། ཁོས་ས་བོན་གྱི་རིགས་དགར་བའི་ཐབས་མཆོག་ཅིག་རྙེད་པ་སྟེ། ས་བོན་གྱི་མདོག་ལ་ལྟ་བ་དང་། མྱུ་གུ་འཕུར་འཕུར་བྱེད་པ། ས་བོན་བསྲེགས་ནས་སྤུས་ཀ་བསྡུར་བ་བཅས་བྱས་ཤིང་། ཐབས་འདི་དག་ལ་བརྟེན་ནས་སོན་རིགས་བཟང་ངན་དང་ལེགས་ཉེས་ཀྱི་དབྱེ་བ་ཕྱེས་པ་རེད། ཚོང་རྫས་བཙོང་མཁན་གྱིས་ལེགས་སྐྱེས་དང་རྔན་པ་སྟེར་བ། ཡང་ན་འཇིགས་སྣང་སྐུལ་རུང་། ཁོང་གིས་སོན་རིགས་སྤུས་ཀ་ནན་འཛིན་བྱེད་པའི་ཚད་མཐའ་བརྟན་སྲུང་བྱས་ལ། ལས་གྲོགས་ཚོས་ཁོ་ནི་གནས་ལུགས་ཁོ་ན་བརྩི་བ་དང་མཐུན་ཐབས་བྱེད་མི་ཤེས་པའི་ནོར་གནག་ལྟ་བུ་རེད་ཅེས་འཕྱ་དགོད་བྱེད་ཀྱིན་ཡོད།
ལོ་ངོ་བཞི་བཅུའི་རིང་ལ། བློ་དགེ་ཡིས་དར་ལག་རྫོང་གི་ཞང་དགུ་དང་གྲོང་རྡལ་གཅིག་གི་ལུང་བ་རེ་རེ་དང་ཆུ་རྒྱུན་རེ་རེ་བརྒྱུད་དེ། རྫོང་ཁོངས་ཀྱི་རྩྭ་སའི་གནས་བབ་ཀྱི་དཔེ་སྟོན་རི་མོ་ཆ་ཚང་ཞིག་བཀོད་ཡོད་ལ། དེ་ལས་ས་གང་ཞིག་གི་རྩྭ་ས་ཞན་འགྱུར་ཚབས་ཆེ་བ་དང་། འབྲོག་ཁྱིམ་སུ་ཚང་ལ་རྩྭ་ཕྱུགས་འགལ་བ་ཡོད་པ་ཚང་མ་སེམས་སུ་གསལ་བོ་ཡིན་སྟབས། ས་གནས་དེའི་ལས་བྱེད་མང་ཚོགས་ཀྱིས་ཁོ་ལ་ས་ཁྲ་གསོན་པོ་དང་ཡང་ན་རྩྭ་ཐང་གི་ཆེད་མཁས་པ་ཞེས་འབོད་བཞིན་ཡོད། ལོ་རེར་ཉིན་ཉིས་བརྒྱ་ལྷག་ལ་ཕྱི་རོལ་དུ་ཡུལ་དངོས་ལྟ་ཞིབ་ཀྱི་ལས་ཀ་བསྒྲུབས་པས། དབྱར་དུས་ཀྱི་སྨུག་ཕྱིའི་འོད་ཐིག་གིས་ཁོའི་གདོང་འཚིག་པར་བྱས་ཤིང་། དགུན་དུས་ཀྱི་གྲང་རླུང་གིས་གདོང་ལ་སེར་ག་གས་པར་བྱས་ལ། ལོ་ཁོར་མོ་ཡུག་ཏུ་མཚོ་འཕགས་མཐོ་ས་རུ་ལས་ཀ་བསྒྲུབས་ནས་ཁོ་ལ་ཁྲག་ཤེད་མཐོ་བའི་ནད་དང་སྐྱ་འགྲིབ་མིག་ནད་སོགས་མཐོ་སྒང་གི་གཅོང་ནད་ཕོག་ཡོད།
2019ལོར་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ། བློ་དགེ་ལ་གློ་བུར་དུ་སྙིང་རྩ་འགག་པའི་ནད་འཕར་བས་མྱུར་མོར་ཟི་ལིང་དུ་བསྐྱལ་ནས་སྐྱོབ་བཅོས་བྱས་ལ། ལུས་ཕུང་ཅུང་བདེ་ལ་བབས་རྗེས། ཁོས་སྨན་བཅོས་མི་སྣར་གསང་སྟབས་ཀྱིས་ཕྱིར་རྩྭ་ཐང་དུ་ལོག ཁྱིམ་མི་དང་ལས་གྲོགས་ཚོས་ཇི་ལྟར་ཁ་ཏ་བྱས་རུང་། ཁོས་ད་རུང་ས་ནག་གྲམ་ཐང་བཅོས་སྐྱོང་ལ་དུས་ཚོད་དམ་འཛིན་བྱེད་དགོས་ལ། ངས་ཉིན་གཅིག་ལ་འབད་པ་བྱས་ཚེ། རྩྭ་འདེབས་པའི་ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་ངེས་ཞེས་བཤད་ཀྱིན་ཐོག་མཐའ་བར་གསུམ་དུ་རྩྭ་སོན་འདེབས་པའི་ལས་ཀར་འཐུས་ཤོར་མེད་པར་བྱས་ཤིང་། རྩྭ་སའི་དོན་དག་དེ་ཡིད་ནས་དོར་མ་མྱོང་།
འཆར་ངོས་ཀྱི་གཞི་གྲངས་རེ་རེ་ཡིས་ཁོའི་ཚེ་གང་གི་ལས་དོན་ལ་བདེན་དཔང་བྱས།
བྱ་བར་ཞུགས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་བའི་རིང་། བློ་དགེ་ཡིས་སྣེ་ཁྲིད་འོག རྩྭ་ས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་དྲུག་སྟོང་དྲུག་དང་དྲུག་བརྒྱ་རེ་དྲུག་ལ་རྩྭའི་ས་བོན་བཏབ་པ་དང་། རྩྭ་སར་ལྕགས་དྲ་འཐེན་པའི་འབྲོག་ཁྱིམ་སྟོང་དྲུག་ལྷག་ཡོད་ལ། ཁོ་ཚོ་ཚང་མས་རྩྭ་ཐང་གི་མེ་འགོག་དང་རྩྭ་སའི་བདག་དབང་། གནོད་འགོག་ཕྱུགས་སྲུང་སོགས་གཞི་རིམ་གྱི་སྐྱེ་ཁམས་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། ཁོ་རང་ཚབ་མཚོན་ཡིན་པའི་རྩྭ་ཐང་གི་ལས་བྱེད་པ་རེ་རེ་ཡི་བརྟན་སྲུང་གི་བརྒྱུད་རིམ་ཁྲོད། དར་ལག་རྫོང་གི་ས་ནག་གྲམ་ཐང་བཅོས་སྐྱོང་གི་ཕན་འབྲས་སྔར་ལས་མངོན་གསལ་ཡིན་ལ། རྫོང་ཡོངས་ཀྱི་རྩྭ་སའི་སྔོ་ཁེབས་ཚད་ཆེ་རུ་ཕྱིན་པར་མ་ཟད། སྔོན་ཆད་ས་ནག་ཁྱབ་ཆེ་སའི་གནས་དེ་དག་སྤུས་ལེགས་རྩྭ་སར་གྱུར་བ་དང་། གསར་སྐྱེས་རྩྭའི་ཐོན་ཚད་ལྡབ་འགྱུར་གྱིས་འཕར་ཞིང་། རྩྭ་ཕྱུགས་དོ་མཉམ་གྱི་སྣང་ཚུལ་སྔར་ལས་ཇེ་ལེགས་སུ་ཕྱིན་ནས། འབྲོག་པ་རྣམས་ཀྱིས་ལམ་ཐག་རིང་པོ་བརྒྱུད་དེ་གཞན་གྱི་རྩྭ་ས་གླ་མི་དགོས་པར། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དང་རྩྭ་འདེབས་པའི་ལས་སྒོར་བརྟེན་ནས་ཡོང་འབབ་འཕར་བའི་ཐབས་ལམ་རྙེད་ཕྱིར། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་གཉིས་ཀ་མཉམ་རྒྱལ་གྱི་རྣམ་པ་ལེགས་པོ་མངོན། 2021ལོར། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོབ་སླར་གསོའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་དར་ལག་རྫོང་དུ་བསྡུས་པ་དང་། ས་གནས་དེ་གར་འཚོལ་ཞིབ་བྱས་པའི་མཐོ་སྒང་གྲང་ངར་གྱི་ས་ནག་གྲམ་ཐང་སླར་གསོའི་རྣམ་པ་དེ་ཞིང་ཆེན་ཡོངས་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་མིག་ལྟོས་མ་དཔེར་གྱུར།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཟེར་བ་ནི་འབོད་སྐུལ་ཙམ་ཞིག་མ་ཡིན་པར། ང་ཚོས་ནམ་རྒྱུན་རྩྭ་ཐང་ལ་སྲུང་སྐྱོང་བྱས་ནས་མཐོང་ལམ་དུ་མངོན་པའི་འཕོ་འགྱུར་དེ་ཅི་ལ་མིན། ད་སྐབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་གལ་ཆེན་བསྟུད་མར་སྐུལ་འདེད་བཏང་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག བློ་དགེ་ཚབ་བྱེད་ཡིན་པའི་གཞི་རིམ་གྱི་ཏང་ཡོན་སྐྱེ་ཁམས་ལས་སྒྲུབ་པ་དག་གིས་ཡུན་ཐུང་གི་ཁེ་ཕན་དང་མིག་མདུན་གྱི་ཐོབ་ཤོར་ལ་མ་དམིགས་པར། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དེ་ཚེ་གང་གི་ལས་དོན་དུ་བརྩིས་ནས། གནས་སྐབས་ཀྱི་སྲིད་འབྲས་དང་ཕྱི་ཚུལ་གྱི་ཕན་འབྲས་ཙམ་ལ་མ་བལྟས་པར། གཞི་རིམ་དུ་རྐང་བཙུགས་ཏེ་ཡུན་རིང་བྱས་རྗེས་འཇོག་གིན་གདའ།
ཏང་ཡོན་ཞིག་ནི་དར་ཆ་ཞིག་ཡིན་ཏེ། དར་ལག་རྫོང་ཁོངས་ཀྱི་ཡངས་པའི་རྩྭ་ཐང་གིས་ཁོའི་ཁག་ཁུར་མངོན་པར་བྱས་ཡོད།
བློ་དགེ་ཡིས་ལོ་ངོ་བཞི་བཅུ་ལྷག་ལ་མཐོ་སྒང་དུ་རྐང་བཙུགས་ནས་རྩྭ་ས་སླར་གསོའི་ལས་ལ་འབད་པ་དང་། ཁོའི་འབད་འཐབ་ཀྱི་གཏམ་རྒྱུད་ནི་མཚོ་སྔོན་གཞི་རིམ་གྱི་ལས་ཡུལ་དང་པོར་རྐང་བཙུགས་ཡོད་པའི་གུང་ཁྲན་ཏང་ཡོན་ཁྲི་ཕྲག་མང་པོའི་བསྡུས་གཟུགས་ཡིན་ཏེ། ཁོ་ཚོས་ཆེས་སྤྱིར་བཏང་གི་ལས་གནས་སུ་དམངས་ཀྱི་ཆེད་དུ་སྐྱེ་ཁམས་སྲུང་བའི་ཐོག་མའི་སེམས་འདུན་བརྟན་པོར་བསྲུངས་ཡོད་དོ།།
ལྷ་མོ་འཚོས་བསྒྱུར།