འབྲོག་ལྷས་ཆུང་ཆུང་དེ་ཐོན་ལས་ཆེན་པོ་རུ་བསྒྱུར།

ཁུངས། ཀློག་གྲངས།

ལྷ་འཛིན་དཔལ་མོས་ཕྱུགས་ལས་གཉེར་བཞིན་པ། 

ཞོགས་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་གོ་བོ་རྫོང་གི་རྩྭ་ཐང་དུ་རྩྭ་དང་རྩི་ཏོག་ལྗང་ལྡེམ་མེར་འཁྱིལ་ཞིང་ཁྲ་ཆིལ་གྱི་མེ་ཏོག་སྣ་བརྒྱས་མཛེས་པར་བརྒྱན་འདུག་ལ།  གྲུབ་ཆེན་ནོར་འཛོམས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་སྤེལ་བཞིན་པའི་སྒང་རེད།

རྩྭ་ཐང་གི་དགྱེས་འཛོམས་འདི་རྩ་འཛུགས་བྱེད་མཁན་ནི་ལོ་ངོ་ང་གསུམ་ལ་བུད་པའི་ལྷ་འཛིན་དཔལ་མོ་རེད། ལོ་ངོ་བཅུ་དྲུག་ལྷག་ལ་མཐོ་སྒང་གི་རྩྭ་ཐང་དུ་རྐང་བཙུགས་པའི་ཁོ་མོས་དང་ཐོག་ནོར་གནག་དྲུག་ཅུ་ལྷག་ཡོད་པའི་ཕྱུགས་ལྷས་ཆུང་ཆུང་དེ་ཕྱིར་འཚོང་མང་ལ་གཉེར་སྐྱོང་ཚད་ལྡན་ཡིན་པའི་ཆེད་ལས་ཀྱི་མཉམ་ལས་ཁང་དུ་བསྒྱུར་བ་དང་། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུགས་ལས་ལ་བརྟེན་ནས་ཡོང་འབབ་བརྟན་པོར་འཕར་བ་དང་ཚོགས་པ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།

2010ལོར། ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་འགོ་བརྩམས་པས། དམངས་ལ་ཕན་པའི་སྲིད་ཇུས་མང་པོ་མཐོ་སྒང་གི་ཡུལ་གྲུ་འདི་རུ་དོན་འཁྱོལ་བྱས། སྐབས་དེར། ལྷ་འཛིན་དཔལ་མོ་མི་ཚེའི་གདམ་ག་གལ་ཆེན་ཞིག་ལ་འཕྲད་པ་སྟེ། ཁྱིམ་དུ་ནོར་གནག་དྲུག་ཅུ་གསོ་སྐྱོང་བྱེད་བཞིན་ཡོད་ལ། ནོར་གནག་རྣམས་བཙོང་ཚེ་རྫོང་མཁར་ནས་ཁང་པ་ཞིག་ཉོས་ཏེ་བློ་བདེ་བག་ཕེབས་ཀྱི་འཚོ་བ་རོལ་ཐུབ་མོད། འོན་ཀྱང་ཁོ་མོས་བག་ཕེབས་ཀྱི་འཚོ་བ་རིངས་དུ་དོར་ཞིང་། རང་གི་གསོག་ནོར་ཡོད་ཚད་ནོར་གནག་གསོ་སྤེལ་ཐོན་ལས་ཀྱི་ཕྱོགས་སུ་བཏང་བ་དང་། མཐོ་སྒང་དུ་རྐང་བཙུགས་ནས་དངོས་སྒྲུབ་ལས་གཏོད་བྱ་རྒྱུའི་ཆོད་སེམས་དམ་པོ་བཅངས། ཁྱིམ་མིས་ནུས་ཤུགས་ཡོད་རྒུས་ཁོ་མོར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པར་བརྟེན། ཁོ་མོའི་དངོས་གཉེར་ལས་གཏོད་ཀྱི་སེམས་ཤུགས་སྔར་ལས་ཇེ་ཆེར་གྱུར།

ལས་གཏོད་འགོ་རྩོམ་དུས་ཀྱི་ལོ་དེ་དག་ནི་ཆེས་དཀའ་ཁག་ཆེ་བའི་འགག་སྒྲོལ་གྱི་དུས་རིམ་ཡིན་ཏེ། མཐོ་སྒང་གི་གནམ་གཤིས་གྲང་ངར་ཆེ་བས་གཟན་རྩྭ་མི་འདང་བ་ནི་ནོར་ལུག་གིས་དགུན་སྐྱེལ་བའི་དཀའ་ངལ་ཆེ་ཤོས་སུ་གྱུར། ལྷ་འཛིན་དཔལ་མོར་མ་དངུལ་འདང་ངེས་མེད་པར་གཟན་རྩྭ་མང་པོ་ཉོ་མི་ཐུབ་པའི་རྐྱེན་གྱིས་ཕྱོགས་ཡར་མར་ལ་སོང་ནས་མཐུན་སྦྱོར་བྱས་ཏེ་བེད་མེད་དུ་བསྐྱུར་བའི་ས་ཞིང་གི་འདེབས་འཛུགས་དབང་ཆ་བརྩོན་ལེན་བྱས་པ་དང་། དུས་ཚིགས་ལྟར་རྩྭ་སྔོན་སོགས་འདེབས་འཛུགས་བྱས། ཉིན་རེ་ནས་ཉིན་རེ་དང་། ཟླ་རེ་དང་ཟླ་རེར། ཁོ་མོ་ཞོགས་པ་སྔ་མོར་ལངས་ནས་རྩྭ་ར་དང་ཞིང་སའི་བར་ནས་ལས་ལ་བྲེལ་ཞིང་། ས་རུབ་རྗེས་ད་གཟོད་ཕྱིར་ཁྱིམ་ལ་ལོག་གིན་ཡོད། ཕྱུགས་འཚོ་བ་དང་རྩྭ་འདེབས་པ། ཞིང་ཁ་ནས་ཡུར་ལས་བྱེད་པ། ཁྱིམ་མིར་བདག་སྐྱོང་བྱེད་པ་བཅས་ཀྱིས་དཀའ་ལས་མང་པོ་གཏད་ཀྱང་། ཁོ་མོས་དེ་དག་ལ་ཁག་མི་དཀྲི་བར་སྔར་བཞིན་མགོ་སྒུར་ནས་རང་འཁྲིའི་ལས་ལ་འབད་བཞིན་མཆིས། མཐོ་སྒང་གི་བུ་བུ་མོའི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀས་ཁོ་མོས་ཐོག་མའི་སེམས་འདུན་སྲུང་བ་དང། ཕ་ས་དྲོན་མོའི་ཕང་བ་རུ་རེ་བའི་ས་བོན་འདེབས་པར་སྔར་མེད་ཀྱི་སྒུལ་ཤུགས་བསྩལ།

མཐོ་སྒང་གི་ཕྱུགས་རིགས་གསོ་སྤེལ་ལམ་བུ་ནི་ཀྱག་ཀྱོག་ཞིག་ཡིན་ཏེ། དུས་ཚིགས་བཞི་པོར་དཀའ་ཚེགས་མང་པོ་མྱངས་ཤིང་། དབྱར་ཀྱི་ཚ་བ་དང་དགུན་གྱི་ལྷགས་རླུང་ལ་མ་འཛེམ་པར་ཕྱི་ཕྱོགས་ནས་ལས་ཀ་མང་པོ་ལས་སྟབས། ལྷ་འཛིན་དཔལ་མོའི་ལག་པ་གཉིས་ཀར་སེར་ག་གས་ནས་སོས་དཀའ་བའི་གནས་སུ་གྱར། ཡིན་ཡང་ཁོ་མོས་སྔར་ལས་ཞིབ་ཚགས་སྤྱོད་མཁས་དང་གྲོན་ཆུང་བསྲི་ཚགས་བྱས་ནས། གསོག་དངུལ་ཚང་མ་ཐོན་ལས་རིམ་སྤོར་དང་ཕྱུགས་ལྷས་བསྐྲུན་པའི་ཕྱོགས་སུ་བེད་སྤྱོད་བཏང་། 2016ལོར། ཁོ་མོ་ཚང་གི་ནོར་གནག་ཕྱིར་འཚོང་ཚད་ཉིས་བརྒྱ་ལས་བརྒལ་བ་དང་། གཟབ་བརླིང་ཏན་ཏིག་གི་སྙིང་སྟོབས་ལ་བརྟེན་ནས་རྫོང་རིམ་པའི་གསོ་སྤེལ་ཁྱིམ་ཆེན་ཞེས་པའི་མཚན་སྙན་ཐོབ་ཅིང་། ཁོ་མོའི་ཁྱིམ་ཚང་གི་འཚོ་བ་དེའང་འབྱོར་འབྲིང་གི་གྲས་སུ་སླེབས།

འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར་རྗེས། ལྷ་འཛིན་དཔལ་མོས་རང་ཉིད་གཅིག་པུར་འདང་མ་བརྒྱབ་པར་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་འཕེལ་རྒྱས་གོ་སྐབས་ལ་བརྟེན་ནས། འབྲོག་ཆེན་ནོར་རྫོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཤིང་། ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་དེ་ཁྱིམ་མཚེས་ཀྱི་ཞང་དང་གྲོང་རྡལ་རྣམས་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་ཁྲིད་བྱེད་པར་བསྒྱུར། མཉམ་ལས་ཁང་གིས་སྐྱེ་ཁམས་གསོ་སྤེལ་གྱི་འདུ་ཤེས་སྲུང་འཛིན་བྱས་ཏེ། ནོར་གནག་སྟོང་ལྷག་སྐོར་ཁག་བཞི་རུ་བགོས་པ་དང་། དུས་ཚིགས་བཞིར་རེས་སྐོར་གྱིས་འཚོ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། རྩྭ་སའི་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ་བྱས་ཤིང་། ཕྱུགས་ལས་ཐོན་ལས་ཀྱི་ལྗང་མདོག་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་བྱས། ཁོ་མོས་བལྟས་ན། སྤུས་ལེགས་ཀྱི་རྩྭ་སའི་ཐོན་ཁུངས་ནི་ཕྱུགས་ལས་ཐོན་ལས་ཀྱི་རྨང་གཞི་ཡིན་ལ། རྩྭ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱས་ཚེ་ནོར་ལུག་གསོ་སྤེལ་གང་ལེགས་བྱེད་ཐུབ་པར་མ་ཟད་ཐོན་ལས་བརྟན་སྲུང་བྱེད་ཐུབ་པར་འདོད། 

ད་ལྟའི་ཆར། མཉམ་ལས་ཁང་གི་ཐོན་ལས་ཀྱི་གཞི་ཁྱོན་བརྟན་བརླིང་ངང་ཆེ་རུ་འགྲོ་བཞིན་ཡོད། ལོ་རེར་སྡེ་མི་ཉི་ཤུ་ལྷག་ལ་ཡུན་རིང་ལས་བཟོ་བའི་ལས་གནས་འདོན་སྤྲོད་བྱེད་བཞིན་ཡོད་ལ། ཚོང་ཧ་ཅང་བྲིན་པའི་སྐབས་སུ། མི160ལྷག་ལ་གནས་སྐབས་ལས་བཟོ་བའི་ལས་གནས་འདོན་སྤྲོད་བྱེད་ཐུབ་པ་དང་། ལོ་རེའི་ཡོང་འབབ་སྒོར་ས་ཡ་གཅིག་བརྒལ་ཡོད། སྡེ་མི་རྣམས་ཀྱིས་ཕྱི་རོལ་དུ་གོམ་གང་ཡང་འགྲོ་མི་དགོས་པར་བརྟན་བརླིང་གི་ཡོང་འབབ་འཚོལ་ཐུབ་ལ། སྡེ་བའི་ནང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་ཟམ་མི་ཆད་པའི་རོགས་སྐྱོར་ཐོབ་ཐུབ་པ་དང་། ཁྱིམ་འཚེས་མཛའ་མཐུན་ངང་མཉམ་ལས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་ནི་གོ་བོ་སྡེ་བའི་རྣམ་པ་གསར་བ་ཞིག་ཏུ་གྱུར་ཡོད།

ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། མཉམ་ལས་ཁང་ཡང་ཚོང་ལམ་དཀོན་པ་དང་མ་དངུལ་འཁོར་རྒྱུག་བྱེད་དཀའ་བའི་དཀའ་ངལ་དང་འཕྲད་མྱོང་། རང་ངོས་ནས་མ་དངུལ་འཁོར་རྒྱུག་དཀའ་བའི་གནོན་ཤུགས་དང་འཕྲད་ནའང་། ལྷ་འཛིན་དཔལ་མོ་ཡིས་ཐོག་མཐའ་བར་གསུམ་དུ་ཚད་མཐའ་བརྟན་སྲུང་བྱས་ཏེ། སྡེ་མི་ལས་བཟོ་བ་རྣམས་ལ་དུས་ལྟར་གླ་ཕོགས་བྱིན་ནས་དལ་འགོར་གཏན་ནས་བྱས་མ་མྱོང་།  ཁྱིམ་ཚང་ནང་དུ། མོས་ཧུར་ཐག་གིས་བུ་ཕྲུག་སྐྱེད་སྲིང་དང་གྲོན་ཆུང་ཁྱིམ་སྐྱོང་བྱས་ཏེ། བུ་ཕྲུག་གསུམ་པོ་འཚར་ལོངས་ལེགས་པོ་བྱུང་ཡོད། མོས་རང་འགན་ཕྲག་ཏུ་བླངས་ཏེ་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བྱེད་དང་བྱེད་བཞིན་ཡོད།

ཉིན་འགའི་སྔོན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོའི་ཡུལ་དངོས་སུ། སྡེ་བའི་ཕྱི་ནང་ཡོངས་བྲེལ་ཟིང་གི་རྣམ་པས་ཁེངས་འདུག་ལ།  བུད་མེད་རྣམས་ཀྱིས་རང་འགུལ་ངང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་བྱ་བ་དང་དུ་ལེན་བཞིན་ཡོད་པ་དང་། ན་གཞོན་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་འགུལ་གྱི་གུར་ཕུབ་བཞིན་འདུག  སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་ཡོངས་ཀྱང་ཡུལ་དངོས་སུ་འོང་ནས་རམ་འདེགས་བྱེད་བཞིན་འདུག ལོ་བཅུ་དྲུག་གི་རིང་ཐོག་མའི་ཕུགས་འདུག་ཡིད་ལ་དམ་པོར་བཅངས་ནས། ཕྱོགས་རྐྱང་རྣམ་པའི་ཁྱིམ་ཚང་གསོ་སྤེལ་ཐོན་ལས་དེ་སྡེ་བ་ཡོངས་ལ་མཉམ་སྤྱོད་བྱེད་པའི་དམངས་ཕྱུག་ཐོན་ལས་སུ་འཕེལ་རྒྱས་བྱུང་ཡོད་ལ། མི་སྒེར་གྱི་དཀའ་སྤྱད་འབབ་བརྩོན་དེ་ཉེ་འབྲེལ་ཡོངས་ཀྱི་བདེ་སྐྱིད་དུ་བསྒྱུར་ཡོད་ལ། ཡུལ་དངོས་ཀྱི་མི་རྣམས་ལ་ཡིད་འགུལ་ཐེབས་སུ་བཅུག “ཆེས་དཀའ་ཁག་ཆེ་བའི་འཚོ་བ་ཕར་སྐྱེལ་ཟིན་པ་རེད། རྗེས་ཕྱོགས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་ཡིན་ངེས།”ལྷ་འཛིན་དཔལ་མོས་ཧ་ཅང་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད། 

ལོ་ངོ་མང་པོའི་རིང་ལ། ལྷ་འཛིན་དཔལ་མོས་ཐོག་མཐའ་བར་གསུམ་དུ་དུས་རབས་དང་སྲིད་ཇུས་ཀྱི་རོགས་སྐྱོར་དྲིན་དུ་བསམ་བཞིན་ཡོད་ལ། གནོད་ཤུལ་བསྐྱར་སྐྲུན་དང་གནད་འཁེལ་དབུལ་སྐྱོར། གྲོང་གསེབ་དར་སྤེལ་སོགས་དམངས་ཕན་སྲིད་ཇུས་མང་པོས་མཐོ་སྒང་འབྲོག་ཁུལ་གྱི་ལས་གཏོད་འཕེལ་རྒྱས་ལ་སྟེགས་བུ་ཆེན་པོ་བསྐྲུན་ནས། ཁོ་མོའི་ལས་གཏོད་ལམ་ཁར་འདེགས་སྐྱོར་དང་མདུན་སྐྱོད་ལམ་བུར་ཁ་ཕྱོགས་ཡོད་པར་བྱས། མིག་སྔའི་བར། ཁོ་མོས་ཐོ་རེངས་ཆུ་ཚོད་བཞིའི་སྟེང་མལ་ལས་ལངས་པའི་གོམས་སྲོལ་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཁང་གི་ལས་མི་ཚོ་དང་མཉམ་དུ་མཉམ་ཟ་མཉམ་འདུག་དང་མཉམ་འགྲོགས་མཉམ་ལས་བྱེད་བཞིན་མཆིས།

ལྷ་འཛིན་དཔལ་མོས་བཤད་རྒྱུར། ཐོན་ལས་སྔར་ལས་རྒྱ་ཆེ་རུ་བཏང་རུང་འཕེལ་རྒྱས་ཀྱི་རྩ་བ་འབོར་མི་ཉན། ཡངས་པའི་རྩྭ་ཐང་འདི་དང་ནོར་གནག་གི་ཁྱུ་ཚོགས་འདི་ནི་ང་རང་འཚར་ལོངས་འབྱུང་སའི་རྩ་བ་ཡིན་པར་མ་ཟད་སྡེ་མི་ཡོངས་ཀྱི་རེ་བའང་ཡིན་ཟེར།  ལྷ་འཛིན་དཔལ་མོས་ལོ་ངོ་བཅུ་དྲུག་ལྷག་ལ་མཐོ་སྒང་དུ་གཞི་ཚུགས་ཏེ་ཕྱུགས་ལས་གཉེར་ཞིང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་སེམས་འདུན་བརྟན་སྲུང་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲངས་བ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་གྱི་རྒྱུགས་ལན་གསར་བ་འབྲི་ངེས་ཡིན།

ལྷ་མོ་འཚོ་དང་ཁོན་ཐར་དབང་རྒྱལ་གཉིས་ཀྱིས་བསྒྱུར། 

​