​ཁེར་འདུག་རྒན་རྒོན་ཚོའི་སེམས་ཀྱི་སྙིང་ཉེ་བའི་བུ་མོ།

ཁུངས། ཀློག་གྲངས།

 བདེ་ཆེན་ཆོས་སྒྲོན་གྱིས་རྒན་རྒོན་ཚོ་དང་ཁ་བརྡ་བྱེད་བཞིན་པའི་རྣམ་པ། 

ཟླ8པའི་ཚེས14ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཞོགས་པའི་ཉི་གཞོན་དལ་གྱིས་འཕྲོས་ཤིང་། ཆར་རྗེས་ཀྱི་མཐོ་སྒང་གི་སྲང་ལམ་དུ་དག་གཙང་ལྷིང་འཇགས་ཀྱི་རྣམ་པས་ཁེངས་ལ། ཞོགས་པའི་བསིལ་རླུང་འཇམ་པོ་ཞིག་གིས་གངས་ལྗོངས་མཐོ་སྒང་གི་ཐུན་མིན་གྱི་དྭངས་གཙང་དྲི་བསུང་བསྣམས་ནས་བོད་ལུགས་མཁར་གྱང་རེ་རེར་བྱིལ་བྱིལ་ཐེངས་ཤིག་བྱས།

ཁོར་སྲུང་མི་སྣ་བདེ་ཆེན་ཆོས་སྒྲོན་གྱིས་ཕྱགས་མ་ལག་ཏུ་བཟུང་ནས་ཉིན་གཅིག་གི་བྱ་བའི་འགོ་བརྩམས་པ་དང་། ཁོ་མོའི་མཛུབ་མགོའི་སེར་ག་རེ་རེ་ནི་ལོ་ཟླའི་བཞུད་ལམ་རིང་མོའི་ཁྲོད་ཀྱི་ངལ་རྩོལ་དན་རྟགས་སུ་མངོན། རང་གིས་འགན་འཁུར་དགོས་པའི་ལམ་དུམ་གྱི་གཙང་སྦྲའི་ལས་ཀ་ཚར་རྗེས། ཁོ་མོས་ལུས་ཀྱི་ས་རྡུལ་སྤྲུགས་པ་དང་། ཐད་ཀར་ཡུལ་ལ་མ་ལོག་པར་བཀྲ་ཤིས་སྲང་ཆེན་གྱི་རྒན་གསོའི་ཁང་གི་སྲང་ལམ་ཕྱོགས་སུ་འཁོར་ནས། རྒན་གསོ་ཁང་གི་རྒན་རྒོན་རྣམས་ལ་ལྟ་རུ་ཆས། ཁོ་མོས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལས་ཚོགས་གྲོལ་རྗེས་དྲོད་ཁོལ་སྐྱེལ་བའི་བྱ་བ་འདི་རྒྱུན་འཁྱོངས་བྱས་པས། ཆེས་སྤྱིར་བཏང་གི་ཁོ་མོར་ས་གནས་དེ་གའི་ཁེར་འདུག་རྒན་རྒོན་ཚོས་སྙིང་ཉེ་བའི་བུ་མོ་ཟེར་གྱིན་ཡོད།

བདེ་ཆེན་ཆོས་སྒྲོན་གྱིས་རྒན་གསོ་ཁང་གི་སྒོ་ཆེན་ཕྱེས་ནས། ཞོགས་པར་ཉོས་པའི་སྔོ་ཚོད་གསར་པ་དང་ཆམ་པའི་སྨན་སོགས་ཐབ་འགྲམ་དུ་བཞག་རྗེས། སྒེའུ་ཁུང་འགྲམ་གྱི་མལ་ཁྲིའི་ཕྱོགས་སུ་འགྲོ་ཞོར། ཨ་ཁུ། དེ་རིང་ཉི་མ་དྲོ་བས། ཅུང་ཙམ་འགོར་རྗེས་ངས་ཁྱོད་སྐྱོར་ནས་ཉི་མར་ལྡེ་རུ་འགྲོ་ཞེས་བཤད་པ་ན། ལོ་ན་དོན་དགུར་བུད་པའི་རྒན་པོ་སྐལ་བཟང་དེ་མ་ཐག་ཡར་ལངས་རྩིས་བྱེད་སྐབས། བདེ་ཆེན་ཆོས་སྒྲོན་གྱིས་མྱུར་མོར་ཁོའི་རྒྱབ་ནས་སྐྱོར་ཞོར་སྔས་མགོ་མཐོན་པོ་ཞིག་བཞག

རྒན་པོས་ཁོ་མོའི་ལག་པ་དམ་པོར་འཇུས་ནས། མར་བཙོག་ནས་ངལ་ཞིག་གསོས་དང་ཟེར། ཁོའི་རྒས་གཉེར་གྱི་གདོང་ལ་ཡིད་འགུལ་ཐེབས་པའི་ཉམས་ཀྱིས་ཁེངས་ནས་དལ་མོར་བཤད་རྒྱུར། ལོ་འདི་འདྲའི་མང་པོའི་རིང་། ཁྱོད་ཀྱིས་ང་ཚོའི་བུ་མོ་ནང་བཞིན་བདག་སྐྱོང་བྱས་པས་ངོ་མ་བཀའ་དྲིན་ཆེ་ཟེར་བ་དང་། ཆེས་བབ་ཆགས་པའི་སྐད་ཆ་ཚིག་གཅིག་གིས་བསྐལ་བའི་ལོ་ཟླ་བརྒལ་ཞིང་། ཤ་ཁྲག་རུས་ལས་ལྷག་པའི་བརྩེ་འདང་ཟབ་མོ་བརྗོད་སོང་།

2000ལོར་ཆེས་དྲོད་ཁོལ་དང་ལྡན་པའི་ལས་དབང་གི་དབུ་ཁྱུད་བྲིས་ཤིང་། སྐབས་དེར། ལོ24ལ་བུད་པའི་བདེ་ཆེན་ཆོས་སྒྲོན་ནང་ཆེན་རྫོང་ནས་ཡུས་ཧྲུའུ་གྲོང་ཁྱེར་དུ་གནས་སྤར་བ་དང་། གྲོང་ཁྱེར་གྱི་འཚོ་བར་ཅུང་ཙམ་གོམས་རྗེས་ཁོ་མོས་མངའ་ཁུལ་གྱི་ཁེར་འདུག་རྒན་རྒོན་མང་པོར་དཀའ་ཁག་ཆེན་པོ་ཡོད་པ་ཤེས། རྒན་རྒོན་མང་པོ་ཞིག་ས་ཁང་རྙིང་བར་ཁེར་འདུག་བྱས་ཡོད་ལ། ལོ་མང་པོར་ཉལ་སར་ལྷུང་ནས་བདག་སྐྱོང་བྱེད་མཁན་མེད་པ་དང་། རྐང་ལག་བདེ་པོ་མེད་པས་རྩམ་པ་ཉོ་བ་དང་འཚོ་བའི་མཁོ་ཆས་གྲ་སྒྲིག་བྱེད་པ་སོགས་ལ་ཧ་ཅང་དཀའ་ལས་ཆེ། བདེ་ཆེན་ཆོས་སྒྲོན་གྱིས་ཆེས་ཐོག་མར་རང་ལ་སེམས་འགུལ་ཐེབས་སུ་བཅུག་པའི་སྣང་བརྙན་སྐོར་གླེང་བ་སྟེ། ཐོག་དང་པོར་ཨ་ནེ་ཞིག་གི་ཁྱིམ་ལ་སོང་བ་ན། སླ་ངའི་ནང་གི་འོ་ཇ་འཁྱགས་པར་གྱུར་ཡོད་ལ། ཁང་བའི་ནང་ས་རྡུལ་གྱིས་ཁེངས་ཤིང་། ཨ་ནེ་རྒན་མོ་ཉལ་ནས་ལུ་རྒྱ་བྱེད་བཞིན་པའི་སྣང་ཚུལ་མཐོང་བ་ན། ངའི་སེམས་ནས་ངོ་མ་བཟོད་ཐབས་མེད་པ་ཞིག་རེད་ཟེར།

དུས་དེ་ནས་བཟུང་། ཁོར་སྲུང་ལས་གནས་ཀྱི་བྱ་བ་ལས་གཞན། བདེ་ཆེན་ཆོས་སྒྲོན་གྱིས་རང་ཉིད་ལ་དབང་བའི་ལས་གནས་གཉིས་པའི་བྱ་བ་སྒྲུབ་འགོ་བརྩམས་པ་སྟེ། ཁོམ་གསེང་གི་དུས་ཚོད་སྤྱད་ནས་རྒན་བཀུར་རྒན་སྐྱོང་གི་བྱ་གཞག་ཁྲོད་ཞུགས། ལོ་ཟླའི་འཁོར་འགྲོས་ཁྲོད། ཁོ་མོས་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་ཚང་མ་གཙང་ཕྱགས་བྱས་ཚར་རྗེས། ཚ་དེམ་དང་འཚོ་བའི་མཁོ་ཆས་དག་ཁྱེར་ནས་ཁེར་འདུག་རྒན་རྒོན་ཚོའི་འདུག་གནས་སུ་སོང་ནས། ལྭ་བ་བཀྲུ་བ་དང་མལ་ཐུལ་ལྟེབས་པ། ཁང་པ་གཙང་སྦྲ་བྱེད་པ། ཐིགས་ཆུ་འཛག་པའི་ཁང་ཀླད་འགེབས་པ། ཁོ་ཚོའི་ཚབ་ཏུ་བྱ་བ་ཆེ་ཆུང་མང་པོ་སྒྲུབ་པ་བཅས་བྱས་ཏེ། རྒན་རྒོན་གྱི་འཚོ་བའི་ཁྲོད་ཀྱི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དོན་དག་རེ་རེ་བཞིན་སེམས་ནས་མ་བོར་བར་ནན་གྱིས་བསྒྲུབས་པ་རེད།

སྔོན་ཆད་རྒན་རྒོན་རྣམས་ཀྱི་འདུག་གནས་ཁ་ཐོར་དུ་ཡོད་པས། ཁོ་མོས་ནམ་རྒྱུན་ཁྱིམ་ཚང་རེ་རེར་སྒོ་གཏུག་བྱས་ནས་བྲེལ་ཟིང་གི་བྱ་བ་བསྒྲུབས་ན་ཉིན་གཅིག་གི་དུས་ཚོད་མིག་རྡེབ་དབང་ཙམ་གྱིས་བུད་འགྲོ བདེ་ཆེན་ཆོས་སྒྲོན་གྱིས་བཤད་རྒྱུར། སྤྱིར་ལས་ཀ་དེ་ནི་དཀའ་ལས་ཆེ་བ་ཞིག་ཡིན་མོད། ནམ་རྒྱུན་རྒན་རྒོན་རྣམས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོའི་གདོང་གི་ཆེས་ལྷད་མེད་ཀྱི་འཛུམ་མདངས་མཐོང་ཐེངས་རེར། ལུས་ཀྱི་ངལ་དུབ་ཡོད་ཚད་རང་བཞིན་གྱིས་སངས་འགྲོ་ཟེར་ཞིང་། ལོ་ངོ་སུམ་ཅུའི་བརྟན་སྲུང་གི་ལོ་ཟླར་ཕྱིར་མིག་བལྟས་ཚེ། ཁོ་མོས་དཀའ་ཁག་ལ་མགོ་མ་སྒུར་བར་བརྩེ་བའི་དྲོད་ཁོལ་སེམས་ཀྱིས་སྒོམ་ནས་ཡོད།

ལོ་ངོ་སུམ་ཅུའི་རིང་ལ། བདེ་ཆེན་ཆོས་སྒྲོན་གྱིས་ཐོག་མའི་སེམས་འདུན་མ་བརྗེད་པར་བརྩེ་བ་ཆེན་པོས་ཁེར་འདུག་རྒན་རྒོན་བཅུ་ཕྲག་ལ་བདག་སྐྱོང་བྱས་ཏེ། ཁོ་ཚོས་ཚེ་མཇུག་སྐྱིད་པོ་རོལ་བར་རོགས་རམ་བྱས།   དེ་ལས་གཞན། ཁོ་མོས་ཉིན་མཚན་དབྱེར་མེད་དུ་ཉལ་སར་ལྷུང་བའི་རྒན་རྒོན་རྣམས་ལ་འདུག་གྲོགས་བྱས་ནས། ངང་རྒྱུད་རིང་པོས་ཁོ་ཚོར་སེམས་གསོ་བྱས་པར་མ་ཟད་སེམས་ཞིབ་མོས་འགྲོ་འདུག་ཉལ་འཆག་ལ་བདག་སྐྱོང་བྱས་ལ། ཁོ་ཚོའི་བུ་མོ་ནང་བཞིན་རྒན་རྒོན་ཚོའི་ལྭ་བ་བཀྲུས་ཤིང་། འདས་མཆོད་ཀྱི་ཆོ་ག་ལེགས་པོར་སྒྲུབ་སྟེ། ཁེན་ས་རྟེན་ས་མེད་པའི་རྒན་རྒོན་ཚོས་ཚེ་མཇུག་སྐྱིད་པོ་རོལ་ནས་འགྱོད་སེམས་མེད་པར་གཏོང་ཅི་ཐུབ་བྱས།

ལོ་ངོ་མང་པོར་རྒྱུན་འཁྱོངས་བྱས་པའི་བྱ་བའི་སྐོར་གླེང་སྐབས། བདེ་ཆེན་ཆོས་སྒྲོན་གྱིས་ངག་འཇམ་པོས་ཁོ་ཚོར་ཚེ་གང་བོར་བུ་དང་བུ་མོ་མེད་པར་མི་རྐྱང་ཁེར་འདུག་བྱས་ཡོད་སྟབས། ཚེ་མཇུག་ལ་ཁོ་ཚོར་བདག་སྐྱོང་བྱེད་མཁན་ཞིག་མེད་མི་རུང་། ཁོ་ཚོས་ཚེ་མཇུག་སྐྱིད་པོར་སྐྱེལ་བ་ནི་ངའི་སེམས་ཀྱི་དྲན་ཚུལ་དང་བློ་བརྟན་འགྱུར་མེད་ཀྱི་གདམ་ག་ཡིན་ཞེས་བཤད། ཆེས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྤྱོད་ཚུལ་འདི་ནི་ཉིན་ཐོག་ཉིན་བརྩེགས་ཀྱི་བརྟན་སྲུང་ཡིན་ལ། དེས་ཁེར་འདུག་རྒན་རྒོན་རྣམས་ཀྱི་ཚེ་མཇུག་གི་འཚོ་བར་སྤྲོ་སྣང་དང་བདེ་སྐྱིད་བསྐྲུན་ཡོད།

སྐར་ཚོགས་ཁྲི་འབུམ་གྱིས་མཚན་ལྗོངས་མཛེས་པར་བརྒྱན།

བྱམས་བརྩེའི་དྲོད་ཁོལ་གྱིས་མི་སེམས་སྐྱིད་ལ་བསྐུར།

བདེ་ཆེན་ཆོས་སྒྲོན་གྱི་སྣེ་ཁྲིད་འོག་ཏུ   མངའ་ཁུལ་གྱི་སྡོད་དམངས་དང་ན་གཞོན་དང་བླངས་པ་སྔར་ལས་མང་པོ་རང་འགུལ་ངང་རྒན་བཀུར་རྒན་སྐྱོང་གི་དང་བླངས་རུ་ཁག་ཁྲོད་ཞུགས་ནས། ལ་ལས་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱས་པ་དང་། ལ་ལས་དུས་བཅད་ལྟར་ཁང་ཁྱིམ་གཙང་སྦྲ་བྱས་ལ། འགའ་རེས་རྒན་རྒོན་དང་མཉམ་དུ་ཁ་བརྡ་བྱས་སྟབས། རྒན་བཀུར་རྒན་གཅེས་ཀྱི་བརྩེ་བའི་སྤྱོད་ཚུལ་གྱིས་གངས་ལྗོངས་མཐོ་སྒང་གི་སྲང་ལམ་ཆེ་ཆུང་ཀུན་ཏུ་སྐྱིད་ཀྱི་དགོད་སྒྲས་ཁེངས་པར་བྱས།

ས་རུབ་ཁར། ཡུས་ཧྲུའུ་སྲང་ལམ་གྱི་ལམ་སྒྲོན་རེ་རེ་བཞིན་བཀར་ནས་མཐོ་སྒང་གི་གྲོང་ཁྱེར་འདིའི་རྣམ་པ་ཡོངས་སུ་མངོན་པར་བྱས་ཤིང་། གྲོང་ཁྱེར་དེའི་གྲུ་ཟུར་ཆུང་ཆུང་ཞིག་ཏུ། བདེ་ཆེན་ཆོས་སྒྲོན་གྱིས་སེམས་ཞིབ་མོས་རྒན་རྒོན་ཞིག་གི་ཉལ་ཐུལ་འགེབས་ཡག་བྱས་ཏེ། ཁ་རོག་གེར་སྒོ་གཏན་པ་ན། ད་གཟོད་ཁོ་མོའི་ཉིན་གཅིག་གི་བྲེལ་འཚུབ་ཀྱི་བྱ་བ་ཡོངས་སུ་མཇུག་རྫོགས་སོང་།

ལོ་ངོ་སུམ་ཅུའི་རིང་ལ། ཁོ་མོས་ལག་ཏུ་ཕྱགས་མ་བཟུང་ནས་གྲོང་ཁྱེར་སྲང་ལམ་གྱི་ས་རྡུལ་གཙང་སྦྲ་བྱས་ཏེ་དག་གཙང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་ལ། ལྷག་བསམ་རྣམ་དག་གིས་རྒན་བཀུར་རྒན་སྐྱོང་གི་ལས་ལ་འབད་ནས་རྒན་རྒོན་བཅུ་ཕྲག་གི་ཚེ་མཇུག་ལ་དྲོད་ཁོལ་སྦྱིན། གངས་ལྗོངས་མཐོ་སྒང་གི་ཡུལ་གྲུ་འདིར། འདི་འདྲའི་སྤྱིར་བཏང་གི་ཁོར་སྲུང་མི་སྣ་ཞིག་གིས་ཕལ་བའི་མི་ཚེར་རང་ག་བ་མ་ཡིན་པའི་བརྩེ་བའི་སྤྱོད་ཚུལ་བསྐྱངས་ཏེ། དགུན་ཁའི་ཉི་འོད་བཞིན་མི་ཡུལ་ལ་བྱམས་བརྩེ་དང་དྲོད་ཁོལ་གྱི་སྟོབས་ཤུགས་སྩོལ་དང་སྩོལ་མུས་སུ་ཡོད།

ལྷ་མོ་འཚོས་བསྒྱུར།