སྨན་པ་བཟང་པོ་ང་ཚོའི་རྒྱབ་རྟེན་ཡིན།

ཁུངས། ཀློག་གྲངས།

དབྱར་གཞུང་གི་མཐོ་སྒང་དུ། ཉི་འོད་ཀྱི་ཟེར་མ་རྦབ་ཆུའི་རྒྱུན་དང་འདྲ་བར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ་འཕྲོས་ཡོད།

རྒྱུ་སྨད་གྲོང་རྡལ་དུ། ཐོག་ཁང་གསར་པ་ཞིག་ཀྲོང་ངེར་འགྱིངས་ཡོད། དེ་ནི2026ལོའི་ཟླ3པ་ནས་སྤྱོད་མགོ་ཚུགས་པའི་དར་ལག་རྫོང་མི་དམངས་སྨན་ཁང་གི་ཞག་སྡོད་ཕྱོགས་བསྡུས་ཐོག་ཁང་རེད།

ཟླ7པའི་ཟླ་སྨད་ཀྱི་ཉིན་ཞིག་ལ། གསར་འགོད་པ་ཐོག་ཁང་དེའི་ནང་འགྲོ་དུས། ཡོན་ཀྲང་གཞོན་པ་འཕྲིན་ལས་བཟང་པོ་གཅིག་ཐོག་གི་ཚོམས་ཆེན་དུ་ལས་ལ་བྲེལ་བཞིན་པ་མཐོང་།

“སླ་མོ་མ་རེད། བསྡོམས་པས་མ་དངུལ་སྒོར་ཁྲི7000བཏང་བ་དང་། བསྡོམས་པས་སྤྱི་ལེ་གྲུ་བཞི་མ8000ཡོད། མགོ་ལོག་ཁུལ་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་ཞག་སྡོད་ཕྱོགས་བསྡུས་ཐོག་ཁང་ད་ལྟ་ང་ཚོའི་དར་ལག་ན་ཡོད།”ཞེས་འཕྲིན་ལས་བཟང་པོས་དེ་ལྟར་བཤད།

གསར་འགོད་པ་འཕྲིན་ལས་བཟང་པོ་དང་འགྲོགས་ཏེ་དེང་རབས་ཅན་གྱི་ཐོག་ཁང་ཆེན་མོ་དེར་སོང་།

“སྔོན་ཆད་ཆ་རྐྱེན་མི་ལེགས་པར་ནད་ཁང་ཉུང་བ་དང་སྒྲིག་ཆས་ཀྱིས་མི་འདང་བ་སོགས་ཀྱི་དབང་གིས་བརྟག་དཔྱད་མང་པོ་ཞིག་བྱེད་ཐབས་བྲལ།ད་ལྟ་སྔོན་ཆད་དང་མི་འདྲ་བར། མལ་ཁྲི་ཇེ་མང་དུ་སོང་ཡོད་པ་དང་། བྱེད་ནུས་ཚན་ཁག་ཆ་ཇེ་ཚང་དུ་སོང་བས། སྒོ་བསྟེན་གྱི་ཚད་ཇེ་མཐོར་སོང་བར་མ་ཟད། ཞག་སྡོད་ཀྱི་ཚད་ཀྱང་ཇེ་མང་དུ་སོང་ཡོད། མང་ཚོགས་ཀྱིས་རང་གི་སྒོ་ཁ་ནས་སྨན་པར་བསྟེན་ཐུབ་ཀྱི་ཡོད་ལ་ནད་དྲག་སྐྱེད་འབྱུང་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད།”

ཁ་བརྡ་བྱེད་ཞོར་དུ། འཕྲིན་ལས་བཟང་པོས་གསར་འགོད་པ་ཁྲིད་དེ་བཞི་ཐོག་ཏུ་སོང་། བར་ཁྱམས་སུ། “ཉེན་ཁ་ཆེ་བའི་སྦྲུམ་མ་མྱུར་སྐྱོབ་ལྟེ་གནས”ཞེས་པའི་བྱང་བུ་ཞིག་གློག་འོད་ཅིག་གི་འོག་ན་གསལ་ལྷང་ངེར་འདུག

སྒོ་ཕར་ཕྱེ་བ་ན། མི་གསུམ་གྱིས་མཉམ་པོར་ནད་ཐོ་ཞིག་གི་ངོས་ལ་ལྟ་ཞོར་སྐད་དམའ་མོས་ཅི་ཞིག་བགྲོ་གླེང་བྱེད་བཞིན་འདུག

དཀྱིལ་དུ་མིག་ཤེལ་གྱོན་ཞིང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་འདུག་པ་དེ་ནི། ཚོགས་སྒྲིལ་རྣམ་པའི་རོགས་སྐྱོར་ཆེད་མཁས་ཚོགས་པའི་སྨན་པ་མ་ཀོང་དབྱི་རེད། ཁོའི་འགྲམ་གཉིས་སུ་ཡོད་པ་ནི། དར་ལག་རྫོང་མི་དམངས་སྨན་ཁང་གི་སྨན་པ་ལིའུ་ཧའེ་ཕིང་དང་ལི་ཀྲུང་གཉིས་རེད།

མ་ཀོང་དབྱི་འདིར་ཡོང་ནས་ད་ནི་ལོ་ཕྱེད་ལྷག་འགོར་ཡོད།

“ལོ་ཕྱེད་ཅིག་ནི་རིང་ཟེར་ན་རིང་རྒྱུ་མེད་ལ་ཐུང་ཟེར་ན་ཐུང་རྒྱུ་ཡང་མེད།”མ་ཀོང་དབྱི་ཡིས་ནད་ཐོའི་ཟིན་བྲིས་ཀྱི་ཁ་ཟུམ་རྗེས། མགོ་ཡར་བཀྱགས་པ་ན་གདོང་ནི་མཐོ་སྒང་གི་མི་ཞིག་དང་འདྲ་བར་དམར་མདངས་ཆགས་འདུག

ན་ནིང་གི་ཟླ7པའི་ཚེས20ཉིན་ཏེ། ཏག་ཏག་དུས་ཚིགས་འདི་འདྲ་ཞིག་ལ་ཁེལ་འདུག

ཉིན་དེར། གསིང་རུ་མ་ཞང་གི་སྦྲུམ་མ་ཞིག་བྲེལ་མྱུར་ངང་དར་ལག་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ནས་ཐོན། བུ་སྣོད་རྨ་ཁ་ཅན་དང་ཕྲུ་གུར་དབྱང་དབུགས་ཀྱིས་མ་འདང་བའི་ཐོག་མའི་ཞིབ་བཤེར་གྱི་མཇུག་འབྲས་ཀྱིས་ཚང་མ་སེམས་ཁུར་ལ་གཏད་སོང་།

བུ་སྣོད་རྨ་ཁ་ཅན་ཞེས་པ་ནི་བུ་སྣོད་ཀྱི་སྟེང་དུ་རྨ་ཁ་རྙིང་པ་ཡོད་པས་དུས་ངེས་མེད་དུ་འགད་ཉེན་ཆེ། ཕྲུ་གུར་དབྱང་དབུགས་ཀྱིས་མ་འདང་བ་ཞེས་པ་ནི་ཕྲུ་གུར་ཁོག་ཏུ་དབྱང་དབུགས་ཀྱིས་འདང་གིན་མེད་པས། ཉེན་ཁ་ཤིན་ཏུ་ཆེ།

“མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་སོང་ན། ལམ་བར་ནས་ཀྱང་ཆུ་ཚོད་གཉིས་ལྷག་དགོས།”མ་ཀོང་དབྱི་ཡིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

མ་ཀོང་དབྱི་ཡིས་ཐེ་ཚོམ་མེད་པར་མྱུར་དུ་གཤགས་བཅོས་བྱེད་པར་ཐག་བཅད།

གཤགས་བཅོས་ཁང་གི་གྲིབ་མེད་གློག་སྒྲོན་བཀར་བྱུང་།

གྲི། ཁབ། སྐུད་པ།

དུས་ཚོད་སྐར་མ་རེ་རེ་བཞིན་མདུན་ནས་མདུན་དུ་རྒྱུག

ངུ་སྐད་ཅིག་གིས་གཤགས་བཅོས་ཁང་གི་ལྷིང་འཇགས་གཞི་ནས་དཀྲོགས་བྱུང་།

མ་བུ་བདེ་ཐང་རེད།

སྐད་ཆ་དེ་ཐོས་མ་ཐག སྦྲུམ་མའི་ཁྱིམ་བདག་གིས“སྨན་པ་བཟང་པོ། སྨན་པ་བཟང་པོ”ཞེས་དགའ་འབོད་བྱས།

འདི་ནི་སྨན་བཅོས་རོགས་སྐྱོར་གྱི་དོན་སྙིང་ཅི་ལ་མིན།

མ་ཀོང་དབྱི་ཐོག་དང་པོར་སླེབས་དུས། ས་གནས་ཀྱི་སྨན་པས་གཤགས་བཅོས་གང་མང་ཞིག་བྱེད་ཤེས་ཀྱིན་མེད་ལ། བྱེད་རྒྱུའི་གདེང་ཚོད་ཀྱང་མེད་པར་ལུས་ཡོད། རྗེས་སུ། ཁོས་གཤགས་བཅོས་བྱེད་ཞོར་ལ་ས་གནས་ཀྱི་སྨན་པར་ལག་རྩལ་ཁྲིད་པ་དང་། ས་གནས་སྨན་པས་གཤགས་བཅོས་བྱེད་ཞོར་ལག་རྩལ་སྦྱངས།

མ་ཀོང་དབྱི་གཤགས་བཅོས་བྱེད་མཁན་ནས་ལག་རོགས་པར་གྱུར་པ་དང་། ས་གནས་སྨན་པས་ལག་རྩལ་སློབ་པ་ནས་རང་ཚུགས་ཀྱིས་གཤགས་བཅོས་བྱེད་ཤེས་པར་གྱུར།

“ད་ལྟ། གཤགས་བཅོས་གང་མང་ཞིག་ཁོ་ཚོ་རང་གིས་ཀྱང་བྱེད་ཐུབ་པར་གྱུར་ཡོད།”མ་ཀོང་དབྱི་ཡི་མིག་མདངས་ལ་གཟི་བརྗིད་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

བུ་བཙའ་ཚན་ཁག་ནས་ཕར་སོང་བ་ན། གསར་འགོད་པས་གཞུང་ལས་ཁང་གཞན་ཞིག་ཏུ་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩ་ཚན་ཁག་སྨན་ཁང་མྱུར་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཁྲེན་ཏིང་ཡོན་མཐོང་བྱུང་།

“དར་ལག་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ཐོག་མའི་ཀུན་སློང་ནི་འབྲོག་ཁུལ་གྱི་ཉེན་ཁ་ཆེ་བའི་སྐྱོབ་བཅོས་ཐད་ཀྱི་མི་འདང་ས་སྐོང་བ་དང་། མཐོ་སྒང་གི་མང་ཚོགས་རྣམས་ཀྱིས་རང་གི་སྒོ་ཁ་ནས་དུས་ལྟར་སྐྱོབ་བཅོས་བྱེད་ཐུབ་ཏུ་འཇུག་རྒྱུ་དེ་ཡིན།”ཞེས་ཁྲེན་ཏིང་ཡོན་གྱིས་དེ་ལྟར་བཤད།

མཐོ་སྒང་དུ། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་ལམ་ཐག་ཤིན་ཏུ་རིང་། མྱུར་གཤིས་རང་བཞིན་གྱི་སྙིང་ཁེགས་ནས་ཤི་བའི་རིགས་ལ་མཚོན་ན། དུས་ཚོད་ནི་གསེར་ཡིན་ལ། དུས་ཚོད་ནི་སྲོག་ཡིན།

དེའི་རྐྱེན་གྱིས། ཁྲེན་ཏིང་ཡོན་དུས་རྒྱུན་དུ་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་རྒྱུག་ནས་གཞི་རིམ་གྱི་སྨན་པ་རྣམས་གསོ་སྐྱོང་བྱས་པ་དང་། ཁོ་ཚོར་སྙིང་ལ་བརྟག་དཔྱད་བྱེད་སྟངས་དང་མྱུར་སྐྱོབ་སྨན་རྫས་བཀོལ་སྟངས། བརྒྱུད་རིམ་ཚད་ལྡན་དུ་གཏོང་སྲོལ་སོགས་རེ་རེ་བཞིན་ཁྲིད།

འབྲོག་ཁུལ་གྱི་ལམ་དེ་འདྲའི་བདེ་མོ་མིན། མཚམས་ལན་རེར་ཆར་བ་འབབ་ཐེངས་གཅིག་དང་ཁ་བ་འབབ་ཐེངས་གཅིག་གིས་ལམ་ནང་འདམ་རྫབ་ཀྱིས་ཁེངས་འགྲོ། ཡིན་ནའང་། ཁྲེན་ཏིང་ཡོན་གྱི་ལས་སྒྲུབ་ཀྱི་གོམ་མཚམས་བཞག་མ་མྱོང་།

བཅར་འདྲི་མཇུག་རྫོགས་པ་དང་ཕྱིར་སྡོད་གནས་སུ་ཐོན་ཏེ། གསར་འགྱུར་འབྲི་བར་རྩོམ་སྐབས། ཁ་པར་དུ་བརྡ་འཕྲིན་ཞིག་འབྱོར་བྱུང་། དེ་ནི་ཁྲེན་ཏིང་ཡོན་གྱིས་བསྐུར་ཡོང་བའི་བརྡ་འཕྲིན་ཞིག་རེད།

“དེ་རིང་ཁྱེད་ཀྱིས་ང་ལ་གནས་འདི་ནས་ཅི་ཞིག་བསླབས་སོང་ཞེས་པའི་དྲི་བ་ཞིག་དྲིས་ཤིང་། ངས་ཀྱང་དེ་ལ་ནན་ཏན་གྱིས་བསམ་བློ་བཏང་བ་ཡིན། ངས་བསམས་ན་ང་རང་འབྲོག་ཁུལ་དུ་སྨན་བཅོས་རོགས་སྐྱོར་བྱེད་དུ་ཡོང་བའི་ཐོབ་བྱ་ནི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལས་གཞན་ད་དུང་བརྟན་སྲུང་ཞེས་པར་གོ་བ་ཟབ་མོ་ཞིག་ལོན་པ་དང་་། སྨན་པ་ཞིག་གི་ཐོག་མའི་བསམ་འདུན་སྲུང་སྟངས་རྟོགས་སོང་བ་དེ་རེད།”

ཡར་ལངས་ནས་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་པ་ན། གསར་དུ་བཀོལ་སྤྱོད་བྱས་པའི་ཞག་སྡོད་ཕྱོགས་བསྡུས་ཐོག་ཁང་ནི་མཚན་མོའི་སྨག་རུམ་ཁྲོད་དུའང་འོད་གསལ་ལེར་ཡོད། དེའི་ནང་དུ། མཚན་མོའི་ལས་རེས་འཁོར་བཞིན་པའི་ས་གནས་ཀྱི་སྨན་པ་ཡོད་ལ། ནད་ཐོར་ཞིབ་འཇུག་བྱེད་ཀྱིན་པའི་སྨན་བཅོས་རོགས་སྐྱོར་གྱི་ཆེད་མཁས་པའང་ཡོད།

ཁོ་ཚོ་རྒྱང་རིང་ནས་ཡོང་སྟེ་གནས་དེར་གཞི་ཚུགས་ཡོད།

ཁོ་ཚོས་ལག་རྩལ་དང་ཚད་གཞི། རེ་བ་སོགས་ཁྱེར་ནས་སླེབས་ཡོད།

ཞིང་ཆེན་གྱི་སྨན་པ་མཚོ་སྔོན་ལྷོ་ཕྱོགས་སུ་ཐོན་པས། གངས་ལྗོངས་ཀྱི་མང་ཚོགས་ལ་སྨན་བཅོས་རྒྱབ་རྟེན་ཡོད་པར་གྱུར།

སྨན་བཅོས་རྒྱབ་རྟེན་འདིའི་རྒྱབ་ལོགས་ནི་ས་གནས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་དཔའ་གདེང་རེད།

ཉེ་ཆར་མཇུག་བསྒྲིལ་མ་ཐག་པའི་དར་ལག་རྫོང་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྟེང་དུ། རྫོང་ཨུའི་ཧྲུའུ་ཅི་ཝང་ཀྲི་ཅང་གིས་སྙན་ཞུའི་ཁྲོད་གསལ་པོར་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ནས། ལོ་རེར80%ཡན་གྱི་རྒྱུ་ཤུགས་དམངས་འཚོའི་ཁྱབ་ཁོངས་སུ་བཀོལ་ཏེ། འཕེལ་རྒྱས་མཇུག་འབྲས་དེ་རྫོང་ཡོངས་ཀྱི་མི་དམངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱིས་ཕན་པ་ཐོབ་པར་བྱ་དགོས།

སྨན་བཅོས་དེའི་རྒྱབ་ལོགས་སུ་ཞིང་ཆེན་རིམ་པའི་གྲོས་ཆོད་ཅིག་གི་བརྩེ་བ་ཟབ་མོས་སྐྱོར་ཡོད་པ་གཞི་ནས་ཤེས་ཐུབ།

ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་འཕྲོ་རིམ་འཕྲོར་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྨན་བཅོས་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། སྤུས་ཚད་ཆེས་ལེགས་པའི་སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དུ་བསྲིངས་ཡོད། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་བཏང་བ་དང་། འཇོན་མི་དག་ཚོགས་སྒྲིག་རྣམ་པས་གཞི་རིམ་དུ་བསྐྱོད་ཅིང་། རྒྱང་བསྟེན་བརྟག་བཅོས་མ་ལག་དེ་རི་ལུང་མཐོན་པོ་བརྒལ་ནས། ཆེད་མཁས་པ་རྣམས་འབྲོག་པ་མང་ཚོགས་ཀྱི་མདུན་དུ་ལྷགས་སོང་།

ད་ལྟ། མཚོ་འཕགས་སྨི4000ཡན་གྱི་གནས་སུ། སྟོབས་ཤུགས་ཤིག་ངང་གིས་རྒྱས་བཞིན་ཡོད།

དེ་ནི་ཚེ་སྲོག་དང་འབྲེལ་ཞིང་བརྟན་སྲུང་དང་འབྲེལ་ཡོད་ལ། དེ་བས་ཀྱང་དཔའ་གདེང་མཐོ་བའི་དམངས་ཡོངས་བདེ་ཐང་མངོན་དུ་འགྱུར་བར་བྱས་ནས། མི་གཅིག་ཀྱང་ལུས་སུ་མི་འཇུག་ཅེས་པའི་དམ་བཅའ་ཞིག་དང་འབྲེལ་ཡོད།

ཐོག་ཁང་གསར་པ་ཡོད་པ་དང་གནས་གཞན་ལ་འགྲོ་མི་འདོད་པའི་སྨན་བཅོས་རུ་ཁག་ཅིག་ཡོད་ལ། འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་པའི་སྨན་པ་སྐོར་ཞིག་ཡོད་པ་འདི་ནི། “མེས་རྒྱལ་བཟང་ཚུལ”གྱི་རྣམ་པ་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ངང་ཚུལ་ཡིན་ལ། “ཕ་ཡུལ་སྐྱིད་ཚུལ”གྱི་ཆེས་མི་སེམས་འགུལ་བའི་བྱ་བ་དངོས་མ་སྟེ། —ནད་བཅའ་བར་ལྷ་རྗེ་གམ་ན་ཡོད་པས་སེམས་པ་བདེ་ལ་འབབ་ཐུབ།