
—མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན། ཧི་ནན་རྫོང་སོག་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་བཀྲ་ཤིས་ཚེ་དཔལ་གྱི་གནས་ཚུལ་བཀོད་པ། 
བཀྲ་ཤིས་ཚེ་དཔལ་གྱིས་ནད་པའི་སྐེ་ཚིགས་ཀྱི་ནད་གསོ་བཅོས་བྱེད་བཞིན་པ།
ཕྱི་དྲོ་ཞིག་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་བོད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་བརྟག་བཅོས་ཁང་དུ་བཀྲ་ཤིས་ཚེ་དཔལ་གྱིས་ལུས་པོ་སྒུར་སྒུར་བྱས་ཏེ་ཕྱོགས་གཅིག་ནས་ནད་པའི་གནས་ཚུལ་འདྲི་བཞིན་ཡོད་པ་དང་ཕྱོགས་གཅིག་ནས་བུ་མོ་ཆུང་ཆུང་ཞིག་གི་རྩར་བརྟག་བཞིན་ཡོད། བརྟག་བཅོས་ཁང་དུ་དེ་ལྟར་ལས་གནས་བརྟན་སྲུང་བྱེད་པ་ནི་ཁོས་སྨན་བཅོས་ཀྱི་བྱ་བ་གཉེར་ནས་བགྲང་བྱ་སུམ་ཅུ་ཙམ་འགོར་བའི་རིང་གི་རྒྱུན་ལྡན་གྱི་ལས་ཀ་ཡིན་ལ། མཐོ་སྒང་གི་སྨན་པ་ཞིག་གིས་གཞི་རིམ་དུ་ནད་བརྟག་སྨན་བཅོས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་བཞིན་པའི་བསྡུས་གཟུགས་ཤིག་ཀྱང་ཡིན།
ད་ལོ་ལོ་ང་གཉིས་ལ་བུད་པའི་བཀྲ་ཤིས་ཚེ་དཔལ་གྱིས་སྐལ་བཟང་དང་འཇིགས་མེད་རྡོ་རྗེ་སོགས་མིང་དུ་གྲགས་པའི་གསོ་རིག་མཁས་ཅན་མང་པོ་དགེ་རྒན་དུ་བསྟེན་མྱོང་། ཁོས་བོད་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་གྱི་བརྟག་བཅོས་ཐབས་ལམ་འཚོལ་ཞིབ་གང་ལེགས་བྱས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས《གསོ་རིག་རྒྱུད་བཞི》དང《སྨན་དཔྱད་ཟླ་བའི་རྒྱལ་བོ》སོགས་བོད་ལུགས་གསོ་རིག་གི་གནའ་བོའི་གསུང་རབ་གྲགས་ཅན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རྒན་པའི་ནད་དང་རྙིད་འཁུམ་རང་བཞིན་གྱི་ཕོ་བའི་གཉན་ཚད། འཇུ་བྱེད་རང་བཞིན་གྱི་སྨུག་རུལ་སོགས་འབྲོག་ཁུལ་དུ་འབྱུང་ཐེངས་མང་ཞིང་རྙོག་འཛིང་ཆེ་བའི་ནད་གཞིར་ཆེད་དུ་བརྟག་བཅོས་བྱས་ཤིང་། བོད་སྨན་ལ་བརྟེན་ནས་བརྒྱངས་རྒྱག་པ་དང་མེ་བཙའ་སོགས་སྲོལ་རྒྱུན་གྱི་ཁྱད་ལྡན་སྨན་བཅོས་བྱེད་ཐབས་དང་དེང་རབས་གསོ་རིག་ཟུང་འབྲེལ་གྱིས་ནད་བསྟུན་སྨན་བཅོས་བྱས་པས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། སྨན་བཅོས་ཀྱི་ཞོར་དུ་ཁོས་བརྩོན་པའི་རྒྱུན་མ་བཏང་བར་རིག་གཞུང་དཔྱད་རྩོམ་མང་པོ་བྲིས་ཡོད་པར་མ་ཟད། 《འཇིགས་མེད་རྡོ་རྗེའི་གསོ་རིག་བརྩམས་ཆོས་ཕྱོགས་བསྒྲིགས》སོགས་ཆེད་ལས་བརྩམས་ཆོས་མང་པོའི་རྩོམ་སྒྲིག་གི་ལས་ཀའི་ནང་ཞུགས་ཏེ་སྨན་བཅོས་ལག་རྩལ་རྒྱུན་འཛིན་བྱས་ནས་བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་ཐད་རྩ་ཆེ་བའི་རིག་གཞུང་གི་བྱས་རྗེས་བཞག་ཡོད།
ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་ལོ་བཅུ་ལ་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་བྱས་པས། བཀྲ་ཤིས་ཚེ་དཔལ་ལ2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ། ཡིན་ཡང་། ཁོས་བྱ་དགའ་དེ་ནི་ཁོ་གཅིག་པུར་དབང་བ་མ་ཡིན་པར། དེ་ནི་རྩ་འཛུགས་ཀྱི་གསོ་སྐྱོང་དང་ལས་གྲོགས་ཚོས་དཔུང་བ་མཉམ་གཤིབ་ཀྱིས་ལས་གནས་བརྟན་སྲུང་བྱས་པ་ལས་བྱུང་བ་ཡིན་ལ། དེ་ལས་ཀྱང་འབྲོག་པ་མང་ཚོགས་ཁྲི་སྟོང་མང་པོའི་ཡིད་ཆེས་ཐེག་ཡོད་ཅེས་ཁེངས་སྐྱུང་ངང་དེ་ལྟར་བཤད་བྱུང་།
སྨན་པས་ཉིན་མཚན་དབྱེར་མེད་དུ་ལས་གནས་བརྟན་སྲུང་བྱས་ན། མང་ཚོགས་ཀྱི་བདེ་ཐང་ལ་སྔར་ལས་འགན་སྲུང་བྱེད་ཐུབ་ཅེས་པ་ནི་བཀྲ་ཤིས་ཚེ་དཔལ་གྱིས་རྒྱུན་དུ་བཤད་པའི་སྐད་ཆ་རེད།
མཐོ་སྒང་འབྲོག་ཁུལ་དུ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། ནད་བརྟག་སྨན་བཅོས་བྱེད་པར་སྟབས་མི་བདེ་ལ། དགོང་མོར་གློ་བུར་དུ་ནད་བྱུང་ཚེ་ཉེན་ཁ་ཧ་ཅང་ཆེ། 2025ལོའི་དགོང་མོ་ཞིག་ལ། འབྲོག་པ་བདེ་ཆེ་གེ་མོའི་ལོ་དགུ་ལ་སོན་པའི་བུ་མོ་བསོད་ནམས་སྒྲོལ་མར་གློ་བུར་དུ་ཚ་རྒྱས་ཏེ་མཚམས་མི་ཆད་པར་གློ་ལུ་བརྒྱབ་པས། བདེ་ཆེ་གེ་མོ་དངངས་སྐྲག་སྐྱེས་ཏེ་བཀྲ་ཤིས་ཚེ་དཔལ་ལ་ཁ་པར་བཏང་། སྐྲག་མི་དགོས། མགྱོགས་མོར་བྱིས་པ་ཁྲིད་ཤོག ངས་སྨན་ཁང་དུ་སྒུག་ངེས་ཞེས་པའི་བཀྲ་ཤིས་ཚེ་དཔལ་གྱི་བརྟན་བརླིང་གི་སྐད་གདངས་དེས་ཁོ་མོའི་དངངས་སྐྲག་སྐད་ཅིག་ཉིད་དུ་སེལ་སོང་། ཕྱི་ཉིན་ཞོགས་པར། མ་བུ་གཉིས་བྲེལ་འཚུབ་ངང་སྨན་ཁང་དུ་འབྱོར་དུས། བཀྲ་ཤིས་ཚེ་དཔལ་གྱིས་སྔ་མོ་ནས་སྨན་ཁང་གི་སྒོ་ཁར་སྒུག་ནས་འདུག བརྟག་དཔྱད་བྱས་པ་བརྒྱུད། བྱིས་པ་དེའི་ནད་གཞི་ཧ་ཅང་ཚབས་ཆེན་རེད།
བཀྲ་ཤིས་ཚེ་དཔལ་གྱིས་ཆུ་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་བོད་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་གྱིས་བརྟག་བཅོས་བྱེད་ཐབས་གཏན་འཁེལ་བྱས་ཤིང་། ཉིན་རེར་ཐེངས་མང་པོར་ནད་ཁང་དུ་སོང་ནས་གནས་ཚུལ་ཞིབ་འདྲི་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྟ་སྐྱོང་གང་ལེགས་བྱས། དེ་ལྟར་བཀྲ་ཤིས་ཚེ་དཔལ་གྱི་བྱང་ཚད་མཐོ་བའི་སྨན་བཅོས་ལག་རྩལ་དང་སེམས་ཞིབ་མོས་ལྟ་སྐྱོང་དབང་གིས་བསོད་ནམས་སྒྲོལ་མའི་ནད་ཀྱི་གནས་ཚུལ་ཉིན་རེར་ཇེ་བཟང་དུ་སོང་མོད། འོན་ཀྱང་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་གྱིས་བདེ་ཆེ་གེ་མོ་དཀའ་ཁག་གི་གནས་སུ་གྱར། བཀྲ་ཤིས་ཚེ་དཔལ་གྱིས་གནས་ཚུལ་དེ་ཤེས་རྗེས། འགྲོ་གྲོན་ཡོད་ཚད་རང་གིས་ཕུད་ནས་དཀའ་ཁག་ཡོད་པའི་ཁྱིམ་ཚང་དེའི་ཁུར་བོ་ཇེ་ཡང་དུ་བཏང་།
བཀྲ་ཤིས་ཚེ་དཔལ་སྨན་བཅོས་ཀྱི་ལས་ཀར་ཞུགས་ནས་བགྲང་བྱ་སུམ་ཅུ་ཙམ་འགོར་བའི་རིང་ལ། དེ་ལྟ་བུའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བྱུང་མྱོང་ཡོད་དེ། ཐེངས་ཤིག་སྨན་ལུམས་ཚན་ཁག་གི་དཀའ་ཁག་ཡོད་པའི་ནད་པ་ཞིག་གིས་སྒོར་བཞི་སྟོང་དྲུག་བརྒྱ་ལྷག་གི་སྨན་རིན་སྤྲོད་ཐུབ་ཀྱིན་མེད་པས། ཁོས་འཁང་ར་ཅི་ཡང་མེད་པར་ནད་པ་དེའི་སྨན་རིན་ཚང་མ་རྩིས་བརྒྱབ་པ་རེད། དེ་མིན་ད་རུང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ་ཧོང་ཡུང་ཧྥུའུ་ལ་སྐྲན་ནད་ཕོག་ཡོད་པ་ཤེས་རྗེས། ཁོས་དེ་མ་ཐག་སྒོར་བརྒྱད་སྟོང་གིས་རོགས་སྐྱོར་བྱས་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་རྗེས་མཐུད་ཀྱི་ནད་བརྟག་སྨན་བཅོས་ཐད་རོགས་སྐྱོར་གང་ལེགས་བྱས།
ལོ་ནས་ལོ་བརྩེགས་ཏེ་ཉིན་མཚན་ལ་དབྱེ་བ་མེད་པར་ཁོའི་རང་གི་ལག་ཁྱེར་ཁ་པར་གྱི་སྒོ་བརྒྱབ་མ་མྱོང་བར། དུས་དང་རྣམ་པ་ཀུན་ཏུ་ནད་པ་ཚོར་ཞབས་འདེགས་ཞུ་རྒྱུར་བསྒུག་ཡོད། ནད་པའི་ཁྱིམ་མི་ལྷ་མོ་འཚོ་ཡིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། 2025ལོའི་ཉིན་ཞིག་གི་དགོང་མོའི་ཆུ་ཚད་བཅུ་གཅིག་ཡས་མས་སུ། ངའི་ཨ་མར་གློ་བུར་དུ་ལུས་ཕུང་མི་བདེ་བའི་གནས་ཚུལ་བྱུང་ནས་སྨན་པ་བཀྲ་ཤིས་ཚེ་དཔལ་ལ་འབྲེལ་བ་བྱས་པ་ཡིན། ཁོས་སྐར་ཆ་གཅིག་ཀྱང་འགོར་འགྱངས་མ་བྱས་པར་མཚན་བརྒྱབ་ནས་ངེད་ཚང་ལ་ཡོང་སྟེ་ནམ་གུང་གི་ཆུ་ཚོད་གཅིག་བར་དུ་ནད་བརྟག་སྨན་བཅོས་བྱས་པ་རེད། འདི་ལྟ་བུའི་སྨན་པ་བྱམས་སེམས་ཅན་ཞིག་དང་འཕྲད་པ་ནི་ངེད་བཟའ་མི་ཡོངས་ཀྱི་བསོད་ནམས་རེད་ཟེར།
ཁོའི་སྨན་བཅོས་ཀྱི་ནུས་པ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དེ་སྔ་མོ་ནས་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ནས་རིགས་སོ་སོའི་ནད་པ་རྣམས་ལ་ཕན་ཐོགས་བཞིན་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱི་འབྲོག་པ་པའོ་ཡུང་ལེང་ལ་རྒྱུ་མའི་སྐྲན་ནད་བྱུང་ནས་ལོ་མང་པོ་འགོར་ཡོད་པ་དང་ག་ས་གང་དུ་སྨན་བཅོས་བྱས་ཀྱང་ཕན་འབྲས་ལེགས་པོ་ཞིག་མ་ཐོན། ཡིན་ཡང་བཀྲ་ཤིས་ཚེ་དཔལ་གྱིས་ཁོ་ལ་དུས་ཡུན་རིང་བོའི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་བཏོན་ཏེ། ལོ་བཅུའི་རིང་ལ་རྒྱུན་ཆད་མེད་པར་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་སྨན་ཐོ་འགུལ་རྣམ་ལེགས་སྒྲིག་བྱས་ནས་ནད་པའི་ནད་ཀྱི་གནས་ཚུལ་དུས་ཡུན་རིང་བོར་གཏན་འཇགས་བྱུང་བ་དང་འཚོ་བའི་སྤུས་ཚད་ཀྱང་ཇེ་ལེགས་སུ་བཏང་བས། 2019ལོར། པའོ་ཡུང་ལེང་གིས་ལམ་ཐག་རིང་བོ་བརྒྱུད་དེ་ཁོ་ལ་བཀའ་དྲིན་ཞུ་བའི་གོས་དར་བསྐྱལ་ཡོང་བ་རེད། ཀན་སུའུ་ཞིང་ཆེན་གྱི་བུ་མོ་ཞིག་ལ་ཆུང་དུས་ནས་གློ་ནད་ཚབས་ཆེན་ཕོག་སྟེ་ལན་ཀྲོའུ་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་ཁག་ཏུ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་བྱུང་མ་ཐུབ། ཡིན་ཡང་། བཀྲ་ཤིས་ཚེ་དཔལ་གྱིས་ཐུན་མོང་མ་ཡིན་པའི་བོད་ལུགས་གསོ་རིག་གི་བརྟག་བཅོས་ལག་རྩལ་ལ་བརྟེན་ནས་རིམ་གྱིས་སྙོམ་སྒྲིག་བྱས་པ་བརྒྱུད། ད་ལོའི་ཟླ4པར་བསྐྱར་བརྟག་བྱེད་དུས་ཁོ་མོའི་ནད་གཞི་གཞི་རྩའི་ཆ་ནས་དྲག་སྐྱེད་བྱུང་ཡོད། མོའི་ཕ་མ་གཉིས་བཀྲ་ཤིས་ཚེ་དཔལ་གྱི་ལག་པར་འཇུས་ཏེ་མིག་མཐར་མཆི་མ་འཁོར་བཞིན་ཁྱེད་ཀྱིས་ངའི་བྱིས་པར་བདེ་ཐང་དང་ངེད་ཚང་གི་བཟའ་མི་ཡོངས་ལ་རེ་བ་སྦྱིན་སོང་ཟེར།
བྱང་ཆུབ་སེམས་མཆོག་ལྡན་པ་སྨན་པ་ཡིན།། ལག་ལེན་གནད་དུ་དྲིལ་ན་སྨན་པ་ཡིན།། ཞེས་པའི་གནའ་བོའི་གསོ་རིག་ལེགས་བཤད་འདི་ཁོ་བོའི་སྨན་བཅོས་ཀྱི་བགྲོད་ལམ་སྟེང་གི་འགྱུར་བ་མེད་པའི་དམ་བཅའ་ཡིན། བགྲང་བྱ་སུམ་ཅུ་ཙམ་གྱི་རིང་ལ། བཀྲ་ཤིས་ཚེ་དཔལ་ཧི་ནན་རྩྭ་ཐང་གི་ཁྱིམ་ཚང་རེ་རེར་བསྐྱོད་དེ། རང་རྟོགས་སྒོས་ནད་རྟགས་སྨན་བཅོས་དང་སྨན་རྫས་སྐྱེལ་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་བཅས་བྱས་ཏེ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འབྲོག་པ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཞིང་། བདེ་ཐང་རོགས་སྐྱོར་དང་སྤྱི་ཕན་ལས་དོན་ཁྲོད་འབད་པས་ཞུགས་ནས་དཀའ་ཁག་ཡོད་པའི་མང་ཚོགས་ལ་རིན་མེད་ངང་བོད་སྨན་བྱིན་པ་དང་། འབྲོག་ཁུལ་གྱི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་འདེགས་བྱས་པར་མ་ཟད། དུས་ཆེན་དང་གུང་གསེང་གི་སྐབས་སུ། ཁོས་རང་འགུལ་ངང་ལས་གནས་བརྟན་སྲུང་བྱས་ཏེ་སྨན་ཁང་རང་ཁྱིམ་དུ་བྱས་ནས་ཁུ་སིམ་མེར་བྱས་རྗེས་བཞག་པས། ས་གནས་འབྲོག་པ་མང་ཚོགས་ཀྱི་སེམས་སུ་བཀྲ་ཤིས་ཚེ་དཔལ་ནི་མིང་དོན་མཚུངས་པའི་རྩྭ་ཐང་གི་ལྷ་རྗེ་ཞིག་ཡིན།
བོད་སྨན་ཁང་གི་གློ་སྙིང་ཚན་ཁག་གི་ཀྲུའུ་རེན་དཀར་མོས་ཉིན་མཚན་གང་ཡིན་རུང་འགོ་གཙོ་བཀྲ་ཤིས་ཚེ་དཔལ་ལ་ཁ་པར་བཏང་ནས་བློ་འདྲི་བྱས་ཚེ། ཁོས་སུན་སྣང་མེད་པར་འགྲེལ་བཤད་ཞིབ་མོ་བྱེད་པར་མ་ཟད། རང་གི་སྨན་བཅོས་ཀྱི་ཉམས་མྱོང་ཡོད་ཚད་སྦ་གསང་མེད་པའི་སྒོ་ནས་མཉམ་སྤྱོད་བྱེད་པ་ཡིན་ཞེས་མྱོང་ཚོར་ཆེན་པོ་ལྡན་པའི་སྒོ་ནས་བཤད་བྱུང་། སྨན་ཁང་གི་དོ་དམ་རིམ་པ་དང་ཉམས་མྱོང་ཟབ་མོ་ཡོད་པའི་སྨན་པ་ཞིག་ཡིན་པའི་ཆ་ནས། བཀྲ་ཤིས་ཚེ་དཔལ་གྱིས་ནམ་ཡིན་ཡང་རང་དཔེ་གཞན་སྟོན་དང་རང་རྒྱུད་ཀྱི་ཤེས་བྱ་ཡོད་ཚད་བརྒྱུད་སྤྲོད་བྱས་ནས་སུན་སྣང་མེད་པར་ལས་གྲོགས་ཚོའི་དོགས་གཞི་ཡོད་ཚད་སེལ་ཐབས་བྱེད་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐབས་སུ་ཡང་། བཀྲ་ཤིས་ཚེ་དཔལ་གྱིས་ང་རྒྱལ་ཅི་ཡང་མེད་པའི་སྒོ་ནས་གཟི་བརྗིད་མཚན་སྙན་ནི་ལོ་རྒྱུས་ཡིན་ལ། འབད་འཐབ་ཀྱི་གོམ་ཁ་ནམ་ཡང་ལྷོད་མི་རུང་། གངས་ལྗོངས་མཐོ་སྒང་དུ་རྐང་བཙུགས་ཏེ་ངའི་ལས་འགན་ནི་ལས་ཡུལ་དང་པོ་བརྟན་སྲུང་དང་སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱས་ནས སྲོལ་རྒྱུན་བོད་ལུགས་གསོ་རིག་ལ་སྐྱེ་སྟོབས་གསར་པ་ལྡན་པར་བྱས་ཏེ་འབྲོག་ཁུལ་གྱི་མང་ཚོགས་རྣམས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུ་དེ་ཡིན་ཟེར།
སྨན་བཅོས་ལས་ཀ་གཉེར་ནས་བགྲང་བྱ་སུམ་ཅུ་ཙམ་འགོར་བའི་རིང་ལ། བཀྲ་ཤིས་ཚེ་དཔལ་གྱིས་ཁོའི་ཆེས་མཛེས་པའི་ལང་ཚོ་མཐོ་སྒང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་ཕུལ་ཡོད། མི་ལོ་སུམ་ཅུ་ཙམ་གྱི་རིང་། ཁོས་གནམ་ས་གཡོ་འདྲའི་མཛད་རྗེས་བཞག་མ་མྱོང་ཡང་། ཉིན་ཐོག་ཉིན་བརྩེགས་ཀྱིས་རང་གི་ལས་གནས་བརྟན་སྲུང་བྱས་པ་ཡིན་ལ། བརྗིད་ཉམས་ལྡན་པའི་དམ་བཅའ་མེད་ཀྱང་། གྲགས་མེད་འགུལ་མེད་ངང་མཐོ་སྒང་གི་བོད་ལུགས་གསོ་རིག་ལས་དོན་ཐད་བྱས་རྗེས་བཞག་མྱོང་། བཀྲ་ཤིས་ཚེ་དཔལ་གྱིས་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་བྱས་ཤིང་། སྨན་པའི་བྱམས་སེམས་ལ་བརྟེན་ནས་རྩྭ་ཐང་གི་བདེ་ཐང་སྲུང་སྐྱོབ་བྱས་ལ། སྤྱིར་བཏང་གི་ལས་གནས་སྟེང་གི་བརྟན་སྲུང་དང་འབད་འཐབ་ལ་བརྟེན་ནས“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ”ཞེས་པའི་ཆེས་བབ་ཆགས་ཤིང་མི་སེམས་འགུལ་བའི་མཐོ་སྒང་གི་ལེའུ་འབྲི་བཞིན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།