
གསེར་མདོག་གི་སྟོན་ཟླ་དགུ་པར། མེ་ཏོག་གི་དྲི་ཞིམ་གང་སར་ཁྱབ་པའི་དུས་འདིར། ཐུན་རིན་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་དགེ་རྒན་ལིའུ་ཡན་ལི་ཡིས་ལོ་ངོ་ཉེར་ལྔའི་རིང་གཞི་རིམ་གྱི་རྨང་གཞིའི་སློབ་གསོའི་ཡུལ་དངོས་དང་པོར་རྐང་ཚུགས་ཤིང་། སློབ་གསོའི་ལས་སྒྲུབ་བརྟན་སྲུང་བྱས་ནས་རྣམ་དག་སེམས་ཀྱིས་སློབ་བུ་བསྐྱངས།
ཏང་ཡོན་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོ་མོས་ཀུན་སྤྱོད་བཟང་པོས་རང་ཚུགས་ཐུབ་པ་དང་བརྩེ་སེམས་ཟབ་མོས་སློབ་བུ་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། སྤྱིར་བཏང་གི་སློབ་གསོའི་ལས་གནས་སྟེང་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་ཅིང་། འགན་འཁྲི་དང་དགའ་ཞེན་གྱིས་བྱིས་པ་རྣམས་ཀྱི་འཚར་ལོངས་ལ་སྲུང་སྐྱོབ་བྱས།
མི་ལོ་ཉེར་ལྔར་ཐོག་མའི་བསམ་འདུན་མི་བརྗེད་པར་རྣམ་དག་སེམས་ཀྱིས་སློབ་གསོའི་ལས་ལ་འབད། སློབ་གསོའི་ལས་ཀར་ཞུགས་པ་ནས་བཟུང་། ལིའུ་ཡན་ལི་ཡིས་རྒྱ་ཡིག་སློབ་ཁྲིད་དང་སློབ་སྟོན་སློབ་གཙོ་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་ཏེ། ཕྱོགས་གཅིག་ནས་ཡུལ་དངོས་དང་པོའི་སློབ་ཁྲིད་ཟབ་སྤེལ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭའི་སློབ་ཁྲིད་དོ་དམ་གྱི་འགན་འཁུར་གྱིན་ཐོག་མཐའ་བར་གསུམ་དུ་ནན་ཏན་དངོས་སྒྲུབ་ཀྱིས་ལས་དོན་སྒྲུབ་བཞིན་ཡོད།
སློབ་ཁྲིད་ཁྲོད། ཁོ་མོས་སློབ་ཆུང་གི་རྒྱ་ཡིག་སློབ་ཁྲིད་ཐད་སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་སློབ་ཁྲིད་ཀྱི་ཞིབ་ཕྲ་ལེགས་བཅོས་བྱས་ཏེ། དུངས་སེམས་ལྡན་པའི་ངང་ནས་སློབ་ཁྲིད་ཡག་པོ་བྱེད་བཞིན་ཡོད། མི་སྣ་གསོ་སྐྱོང་གི་ལམ་ཁར་ཁོ་མོས་ངང་རྒྱུད་རིང་པོས་སློབ་མ་རེ་རེའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱེད་པ་དང་། ལྷག་བསམ་ཟོལ་མེད་དང་བརྩེ་སེམས་ཟབ་མོས་བྱིས་པའི་ཕྱོགས་ཡོངས་ཡར་རྒྱས་ལ་རམ་འདེགས་བྱེད་ཀྱིན་ཡོད། སློབ་ཁྲིད་ཚོགས་པའི་འཛུགས་སྐྲུན་ཁྲོད། ཁོ་མོས་མིག་དཔེ་སྣེ་ཁྲིད་དང་དཔེ་མཁྱུད་མེད་པར་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། སློབ་གྲྭའི་དགེ་རྒན་དཔུང་ཁག་གི་སྤྱིའི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱས།
མི་ལོ་ཉེར་ལྔར་རྣམ་དག་སེམས་ཀྱིས་སློབ་བུ་བསྐྱངས་ཏེ་གཡུར་ཟའི་འབྲས་བཟང་སྨིན། ལོ་ངོ་མང་པོའི་རིང་ལ། ལིའུ་ཡན་ལི་ཡིས་སློབ་དཔྱོད་དང་སློབ་ཁྲིད་ཞིབ་འཇུག་ཟབ་སྤེལ་གྱིས་རིམ་པ་སོ་སོའི་བྱ་དགའ་ཉི་ཤུ་ལྷག་ཐོབ་པ་དང་། སློབ་དཔྱོད་དཔྱད་རྩོམ་གང་མང་དང་ཞིང་ཆེན་རིམ་པའི་དཔྱད་གཞིར་གྲུབ་འབྲས་ཐོན་པར་མ་ཟད། སྔ་རྗེས་སུ་གྲོང་ཁྱེར་དང་ཁུལ་རིམ་པའི་གཟེངས་བསྟོད་གང་མང་ཐོབ་སྟེ། བརྟན་སྲུང་དང་དངོས་སྒྲུབ་ལ་བརྟེན་ནས་གཞི་རིམ་དགེ་རྒན་གྱི་འགན་འཁྲི་དང་ཁག་ཁུར་མངོན་ཡོད།
ཐུན་རིན་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་རྒྱ་ཡིག་དགེ་རྒན། སློབ་སྟོན་སློབ་གཙོ་གཞོན་པ་ལིའུ་ཡན་ལི་ཡིས་བཤད་རྒྱུར། སློབ་གསོ་ནི་དགའ་ཞེན་དང་བརྟན་སྲུང་གི་བྱ་གཞག་ཅིག་ཡིན། སློབ་ཆུང་སློབ་མ་རྣམས་བྱིས་པ་ཆུང་ཆུང་ཡིན་པས། ངང་རྒྱུད་རིང་པོས་སྣེ་ཁྲིད་དང་སེམས་ཀྱིས་གཉོར་སྐྱོང་བྱེད་དགོས། ལོ་ངོ་ཉེར་ལྔའི་སློབ་ཁྲིད་བརྒྱུད་རིམ་ཁྲོད། ངས་སློབ་མ་རེ་རེ་རང་གི་བུ་ཕྲུག་ཏུ་བརྩིས་ཏེ། ལྷག་བསམ་རྣམ་དག་གིས་སློབ་ཁྲིད་དང་གསོ་སྐྱོང་བྱས་པ་ཡིན། བྱིས་པ་ཚོ་འཚར་ལོངས་འབྱུང་ཐེངས་རེ་དང་ཡར་རྒྱས་ཡོང་ཐེངས་རེ་མཐོང་དུས། དཀའ་ལས་ཐམས་ཅད་ལ་རིན་ཐང་ཡོད་པར་སྙམ། ལྷག་བསམ་རྣམ་དག་གིས་སློབ་མ་ཚོར་འགྲོགས་ཤིང་འབྲས་བཟང་སྨིན་པར་བསྒུག་པ་ནི་ངའི་མི་ཚེའི་ལམ་བུ་འདིའི་འཐོབ་བྱ་ཆེ་ཤོས་དེ་ཡིན། ངས་མུ་མཐུད་དུ་སློབ་གསོའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། སློབ་ཁྲིད་ཟབ་སྤེལ་དང་རྣམ་དག་སེམས་ཀྱིས་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན་ཟེར།
མི་ལོ་ཉེར་ལྔའི་རིང་། གཞི་རིམ་སློབ་གསོར་རྩ་བ་ཚུགས། ལིའུ་ཡན་ལི་ཡིས་ལག་ལེན་དངོས་ཀྱི་ཐོག་ནས་མི་དམངས་དགེ་རྒན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བཤད་བྱས། ཁོ་མོ་ལྟ་བུའི་ཡུལ་དངོས་དང་པོ་རུ་རྩ་བ་ཚུགས་ཤིང་སྒེར་སེམས་མེད་པར་བྱས་རྗེས་འཇོག་མཁན་གྱི་གཞི་རིམ་དགེ་རྒན་བགྲང་ལས་འདས་པ་ཡིས་མཐོ་སྒང་གི་སློབ་ཕྲུག་ཚོའི་འབྱུང་འགྱུར་ལ་འདེགས་སྐྱོར་བྱེད་ཀྱིན་ཡོད།