
ཟླ9པའི་ཚེས14ཉིན་གྱི་ས་སྲོད་དུ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ལྷ་ཁང་ནང་གྲོང་རྡལ་ཞའེ་ཧྲང་སྡེ་བའི་ཐང་ཆེན་ཆུང་ངུའི་སྟེང་། ཧོང་ཏི་མེ་ཡིས་སྐེད་པ་མར་སྒུར་ནས་གློག་བརྙན་སྟོན་པའི་སྒྲིག་ཆས་སྙོམ་སྒྲིག་བྱེད་ཀྱིན་མཆིས། སྟོན་བསྡུ་རིམ་བཞིན་མཇུག་སྒྲིལ་ལ་ཡོད་པ་དང་། ས་སྲོད་ཀྱི་མཚན་སྨག་གིས་ཉིན་གྱི་དཀར་ཆ་རིམ་གྱིས་བསྒྲིབས་པ་ན། སྡེ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཐང་ཆེན་དུ་འཛོམས་བྱུང་།
“ཨ་ནེ། དེ་རིང་གློག་བརྙན་ཅི་ཞིག་སྟོན་རྩིས་ཡོད། ང་ཚོས་སྔ་མོ་ནས་སྒུག་ཡོད།” སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་པའོ་ཚའེ་ཁྱིམ་མི་གང་བོ་བརྙལ་ཡོལ་གྱི་མདུན་གྲལ་དུ་བསྡད་འདུག “ཨ་ནེ”ཞེས་པ་ནི་བོད་སྐད་ཡིན་པ་དང་། དེའི་དོན་ནི་ཨ་ནེ་ཡི་དོན་ཡིན་ལ། དེ་ནི་བོད་རིགས་མང་ཚོགས་ཀྱིས་ལོ་ན་ཆེ་བའི་བུད་མེད་ལ་བྱམས་བརྩེའི་ངང་གུས་བཀུར་མཚོན་བྱེད་ཀྱི་མིང་ཡིན།
ཧོང་ཏི་མེ་ཡིས་གདོང་ལ་འཛུམ་ཕྱུང་ནས་བཤད་རྒྱུར། “སྔོན་ལ་ཆུ་ལོག་སྔོན་འགོག་དང་ཉེན་གཡོལ་གྱི་སློབ་གསོའི་གློག་བརྙན་སྟོན་རྒྱུ་ཡིན་ཞིང་། དེའི་རྗེས་གློག་བརྙན《འཕྲོག་བཅོམ་ཆེན་པོ》ཞེས་པ་སྟོན་རྩིས་ཡོད་པས། རྒན་གཞོན་ཚང་མ་ལྟ་རྒྱུར་དགའ་ནོ་ཁོ་ཐག་ཡིན”ཟེར།
ཧོང་ཏི་མེ་ནི་བོད་རིགས་ཀྱི་བུད་མེད་གློག་བརྙན་སྟོན་མཁན་ཞིག་ཡིན་ལ། མཚོ་སྔོན་དམངས་ཕན་རོང་འབྲོག་ཁུལ་གྲངས་འཛིན་གློག་བརྙན་ཁང་ཚད་ཡོད་ཀུང་སིའི་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་གྲོང་གསེབ་སྤྱི་ཕན་གློག་བརྙན་སྟོན་སའི་རུ་ཁག་གི་རུ་དཔོན་ཞིག་ཀྱང་ཡིན། ད་ལོ་ནི་ཁོ་མོ་གྲོང་གསེབ་ཏུ་གློག་བརྙན་སྟོན་དུ་སོང་ནས་མི་ལོ་བཅོ་བརྒྱད་འཁོར་བའི་ལོ་ཡིན།
2008ལོར། ལོ43ལ་བུད་པའི་ཁོ་མོ་ལི་ཏུའུ་ཆུས་ཀྱི་གཞི་རིམ་གློག་བརྙན་སྟོན་མཁན་ཞིག་ཏུ་གྱུར། ལོ་དེ་ནི་གྲོང་གསེབ་ཀྱི་གློག་བརྙན་སྟོན་པའི་བཟོ་སྐྲུན “2131”དངོས་སུ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་ལི་ཏུའུ་ཆུས་ནས་དངོས་སུ་ལག་བསྟར་བྱས་པའི་ལོ་དང་པོའང་ཡིན།
1998ལོར། རྒྱལ་ཁབ་ཀྱིས“དུས་རབས21པའི་དུས་འགོར་སྡེ་བ་རེར་ཟླ་གཅིག་ལ་གློག་བརྙན་ཐེངས་གཅིག་ཕལ་ཆེར་བལྟ་རྒྱུ་ཡོད་པ་མངོན་འགྱུར་བྱེད་པའི”དམིགས་འབེན་དངོས་སུ་བཏོན་པ་དང་། གྲོང་གསེབ་ཏུ་གློག་བརྙན་སྟོན་རྒྱུའི་ལས་ཀ་དེ་དུས་དེ་ནས་བཟུང་སྤྱི་ཕན་གྱི་རྒྱལ་ཁབ་རིག་གནས་བཟོ་སྐྲུན་ཞིག་ཏུ་གྱུར། བྱེད་ཐབས་དེས་སྤྱི་པའི་རིག་གནས་ཞབས་ཞུ་འདྲ་མཉམ་ཅན་གྱི་དཔྱིད་རླུང་དྲོན་མོ་མཐོ་སྒང་གི་འཛིན་མའི་ཁྱོན་ཀུན་ལ་བར་མེད་དུ་ལྡང་བར་བརྟེན། རི་ཀྱོག་ལུང་གཟར་དུ་ཡོད་པའི་ལོ་ལོན་དང་བྱིས་པ་ཚོས་ཀྱང་རང་ཁྱིམ་གྱི་སྒོ་ཁ་ནས་སྤུས་ལེགས་རིག་གནས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པར་གྱུར།
ལི་ཏུའུ་ཆུས་ནི་མཚོ་སྔོན་གྱི་ཤར་རྒྱུད་དུ་གནས་པ་དང་། གནས་དེ་གར་རྒྱ་རིགས་དང་བོད་རིགས། ཧོས་རིགས། ཧོར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། སྲིད་འཛིན་སྡེ་བ354རི་སྒང་དང་རི་ཁུག ཆུ་ཀླུང་གི་འབབ་རྒྱུད་བཅས་གང་སར་ཁ་ཐོར་དུ་གནས་ཡོད་ཅིང་། ཐག་ཆེས་རིང་ཤོས་ཀྱི་སྡེ་བ་རྫོང་མཁར་དང་བར་ཐག་སྤྱི་ལེ་དྲུག་ཅུ་ལྷག་ཡོད་པ་དང་། ས་ཁོངས་ཁ་ཐོར་དུ་གནས་པའི་དབང་གིས་ཞབས་ཞུའི་ཁེབས་ཚད་ཆུང་ལ། གཞི་རིམ་གྱི་རིག་གནས་ཞབས་ཞུའི་ཐད་ནས་བཤད་ན་དཀའ་ཁག་ཆེན་པོ་ཡོད།
མི་གཅིག་ནས་རིམ་པར་དཔུང་སྡེ་ཞིག་གྲུབ་པ།
མི་ལོ་བཅོ་བརྒྱད་ཀྱི་སྔོན་ལ། ཧོང་ཏི་མེ་ཡི“སྐོར་སྐྱོད་གློག་བརྙན་སྟོན་ཁང་”དེ་འཁུར་ན་ལྕི་བའི“ཧའེ་ཝུའེ”གློག་བརྙན་སྟོན་ཆས་ཤིག་དང་འཁོར་ལོ་གཉིས་ཅན་གྱི་འཕྲུལ་རྟ་ཞིག་ནས་འགོ་བརྩམས། ནའོ་ཧྲན་སྡེ་བར་འཐེན་པའི་རི་ལམ་ཀྱག་ཀྱོག་ཡིན་ཞིང་བགྲོད་དཀའ་བར་བརྟེན། ཐེངས་གཅིག་ལ་དུས་ཚོད་གཉིས་གསུམ་ཙམ་འགོར་འགྲོ གནམ་ངོ་དྭངས་པའི་སྐབས་སུ་ལམ་ངོས་གང་སར་ས་རྡུལ་ལང་ལོང་འཕྱུར་བ་དང་། ཆར་པ་འབབ་པའི་དུས་སུ་ལམ་ངོས་འདམ་གྱིས་བརྫིས་ཏེ་རླངས་འཁོར་འདམ་ནང་དུ་ལྷུང་ཉེན་ཆེ། གྲང་ངར་ཆེ་བའི་དགུན་ཁར་ལག་པ་གཉིས་འཁྱགས་ལ་འབྱར་ནས་རྐྱོང་སྐུམ་བྱེད་དཀའ་ཞིང་། དབྱར་དུས་ཆར་པ་འབབ་རྒྱུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།
ཐོག་མའི་ལོ་འགའི་ནང་དུ། གློག་བརྙན་སྟོན་མཁན་གྱིས་ཁག་བགོས་ནས་གློག་བརྙན་ཁེར་སྟོན་བྱེད་དགོས་པས། ལས་ཆོད་ཆུང་བ་དང་ནམ་གུང་ཕྱིར་ཁེར་རྐྱང་དུ་ཕྱིར་ལོག་པར་འགལ་རྐྱེན་ཅི་རིགས་ཡོད་པ་ནི་གདོན་མི་ཟ། གློག་བརྙན་སྟོན་མཁན་རྒན་པ་ལིས་ཡུང་ཞང་གིས་བཤད་རྒྱུར། “གཞོན་དུས་གློག་བརྙན་སྟོན་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་རེད། ལམ་བགྲོད་དཀའ་ཞིང་སྒྲིག་ཆས་ཧ་ཅང་ལྕི། ཆེས་སྐྲག་ས་ནི་ཆར་ཆེན་གློ་བུར་དུ་འབབ་རྒྱུ་དེ་ཡིན། མི་ཆར་གྱིས་བརླན་ན་སྐྱོན་མེད་རུང་གློག་བརྙན་སྟོན་ཆས་ཆར་གྱིས་བརླན་ན་གློག་བརྙན་སྟོན་ཐབས་བྲལ་ཡོད། གློག་བརྙན་བསྟན་ཚར་རྗེས་རྟག་ཏུ་ནམ་གུང་ཡིན་ལ། དེ་དུས་ཕྱིར་ལོག་རྒྱུ་ནི་ཉེན་ཁ་ཅན་ཞིག་ཡིན”ཟེར།
མིག་སྔའི་དཀའ་ཁག་དེ་སེལ་ཆེད། ཧོང་ཏི་མེ་ཡིས་ཀུན་གྱི་སྣེ་ཁྲིད་དེ། ལི་ཏུའུ་ཆུས་ཀྱི་སྤྱི་ཕན་གློག་བརྙན་སྟོན་མཁན་རུ་ཁག་བཙུགས་ནས། ཁ་ཐོར་དུ་གནས་པའི་གློག་བརྙན་སྟོན་མཁན་བསྡུ་རུབ་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་དང་ཁག་བགོས་ནས་གློག་བརྙན་སྟོན་གནས་སུ་སྡོད་པ། གློག་བརྙན་བསྟན་ཚར་རྗེས་ཕྱིར་ཡོང་རོགས་ཡོད་པ་བཅས་ཀྱི་ཚད་ལྡན་ཅན་གྱི་ལམ་སྲོལ་ལག་བསྟར་བྱས། དཔུང་སྡེ་དེ་ཐོག་མའི་མི་ཁ་ཤས་ནས་རུ་མི16བར་ཆེ་རུ་ཕྱིན་ཡོད་པ་དང་། ལོ་རེར་སྡེ་བ་རེར་སྤྱི་ཕན་གློག་བརྙན་ཐེངས12སྟོན་ཐུབ་པར་འགན་ལེན་བྱས་ཏེ། སྲིད་འཛིན་སྡེ་བ354ལ་ཡོངས་སུ་སྟོན་ཐུབ་པར་བྱས་ནས། ཁ་ཐོར་དང་ཁེར་འགྲོ་ཁེར་སྒྲུབ་ཀྱི་ལས་སྒྲུབ་རྣམ་པར་བདེ་མོ་བཞག་སྟེ། གྲོང་གསེབ་ཀྱི་རིག་གནས་ཞབས་ཞུ“སྡེ་བར་སྐྱེལ་བ”ནས་རྒྱུན་རྣམ་དང་ཡུན་ཕན་ཅན་གྱི་དམངས་ཕན་ཞབས་ཞུར་བསྒྱུར་ཐུབ་ཡོད།
ཟླ9པའི་ཚེས14ཉིན། གློག་བརྙན་སྟོན་མཁན་རུ་ཁག་གི་ཁོངས་མི་ཡོངས་མཉམ་འགུལ་གྱིས་ལྷ་ཁང་ནང་གྲོང་རྡལ་དུ་གཅིག་སྡུད་སྒོས་གློག་བརྙན་སྟོན་པར་སོང་བ་དང་། ཧོང་ཏི་མེ་ཡིས་ཞའེ་ཧྲང་སྡེ་བ་རུ་བཅའ་སྡོད་བྱས་ནས། རུ་མི་གཞན་དག་ཁག་བགོས་ནས་སྡེ་བ་གཞན་པར་གློག་བརྙན་སྟོན་དུ་ཆས། ས་སྲོད་ཀྱི་སྐབས་སུ། ལྷ་ཁང་ནང་གྲོང་རྡལ་གྱི་སྡེ་བ་སོ་སོར་བརྙན་ཡོལ་དུས་མཉམ་གཅིག་ཏུ་བཀར་ཡོད།
ཚོགས་པའི་ལས་དོན་གྱིས་ཁེར་འགྲོ་ཁེར་སྒྲུབ་ཀྱི་ཉེན་ཁ་གཞི་རྩའི་ཆ་ནས་སེལ་ཡོད་ནའང་། གློག་བརྙན་སྟོན་པའི་ལམ་བར་གྱི་དཀའ་ཚེགས་ད་དུང་ཇེ་ཆུང་དུ་སོང་མེད། ཧོང་ཏི་མའེ་ཡི་ཕྱིར་དྲན་ཁྲོད། དགོང་མོ་ཞིག་ལ་མ་ཁྲང་ཞང་དུ་གློག་བརྙན་བསྟན་པ་དེ་ནི་ཆེས་ཉེན་ཁ་ཆེ་དུས་ཤིག་རེད། གློག་བརྙན་བསྟན་ཚར་ནས་ནམ་གུང་ལ་ཕྱིར་ལོག་པའི་ལམ་བར་དུ། གློ་བུར་དུ་ཆར་ཆེན་བབས་པ་དང་རི་ལམ་འདམ་ཆར་གྱི་བཞུར་ལམ་དུ་གྱུར་ཏེ། མདུན་ཕྱོགས་ཀྱི་ལམ་ངོས་གཞི་ཁྱོན་ཆེན་པོས་བརྡིབས་པ་དང་། ས་སེར་དང་རྡོ་ཟེགས། གད་སྙིགས་བཅས་མིའི་ཕྱེད་ཀའི་རིང་ཚད་ཙམ་རིམ་པར་སྤུངས་ཡོད། ཁོ་མོ་དང་རུ་མི་འཕྲལ་མར་རླངས་འཁོར་ནང་འཛུལ་ནས་ཉེན་གཡོལ་བྱས་ཏེ། རླངས་འཁོར་ནང་གྱོན་གོས་གྱིས་ལུས་པོ་བཏུམས་ནས་སྒུག་ནས་བསྡད་པ་དང་། ལམ་ངོས་ཞིག་གསོ་མི་སྣ་འབྱོར་རྗེས། མཉམ་དུ་རི་ཉིལ་བ་གཙང་སེལ་དང་བགྲོད་ལམ་ཡངས་པོར་ཕྱེས་ཏེ། མཚན་གང་བོར་དུས་ཚོད་བཞི་ལྷག་གི་རིང་ལ་འབད་འཐབ་བྱས་པ་བརྒྱུད་གཞི་ནས་ཐར་ཐུབ་པ་བྱུང་། ནམ་གུང་ལ་ལམ་ནོར་ཉེན་ཆེ་བ་དང་གྲང་ངར་ཆེ་བའི་དགུན་ཁར་རི་ཁུག་ནས་ཐར་དཀའ་བ། དྲག་ཆར་གྱིས་འགོག་ཉེན་ཆེ་བ། གྲོ་ཁ་ཡིས་མི་འདང་བ་སོགས་ནི་གློག་བརྙན་སྟོན་མཁན་ཞིག་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།
གློག་བརྙན་དང་འབྲེལ་བའི་སྐོར་གླེང་སྐབས། ཧོང་ཏི་མེ་ཡིས་ཁོ་རང་ལོ་བཅུ་ལ་སོན་པའི་ལོ་དེའི་དོན་ཞིག་བཤད་བྱུང་སྟེ། ལོ་དེར་མི་ཚོགས་དང་མཉམ་དུ་ཕྱི་རོལ་དུ་གློག་བརྙན་ལ་ལྟ་རུ་འགྲོ་སྐབས། སེམས་ཆུང་མ་བྱས་པར་ཟབ་ཚད་ལ་སྨི་གཉིས་ཡོད་པའི་གྲོག་ཤུར་དུ་ལྷུང་བ་དང་། ཚ་ཐབ་སྟེང་དྲན་པ་ཤོར་ནས་ཞག་གཅིག་འགོར་རྗེས་ད་གཟོད་གཞི་ནས་སད་བྱུང་ལ། ཅིག་ཅིག་མིན་ན་གློག་བརྙན་གྱི་ཆེད་དུ་རང་སྲོག་ཤོར་སོང་། ཁོ་མོ་དགོད་ཞོར་དུ་ད་རུང་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། ད་ལྟ་ཡུལ་མི་རྣམས་ཀྱིས་རང་ཁྱིམ་དུ་རིན་མེད་ངང་གློག་བརྙན་ལ་ལྟ་ཐུབ་ཅིང་། དམངས་ཕན་ཞེས་པའི་འགན་འཁྲི་ལྕི་མོ་ཞིག་ཕྲག་ཏུ་ཁུར་ཡོད་པས། ངས་ནམ་ཡང་ལྷོད་གཡེང་བྱེད་མི་ཕོད་ཟེར།
གློག་བརྙན་སྟོན་པའི་ལམ་བར་དུ་མཐོ་སྒང་གྲོང་གསེབ་ཀྱི་འཕོ་འགྱུར་མཐོང་ཐུབ།
ལོ་མང་པོའི་རིང་། ཧོང་ཏི་མེ་ཡི་རླངས་འཁོར་སོང་མྱོང་བའི་ལམ་ནི་མཚོ་སྔོན་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་ཡང་རེད། “ སྔོན་ཆད་ལི་ཏུའུ་ཡི་སྡེ་བའི་ལམ་མང་ཆེ་བ་ས་ལམ་ཡིན་ཞིང་། ཉེན་ཁ་ཆེ་བའི་གཟར་ངོས་མང་པོ་ཡོད་པས། གཞི་རིམ་དུ་སོང་སྟེ་གློག་བརྙན་སྟོན་པར་དཀའ་ངལ་ཆེན་པོ་ཡོད”ཅེས་ཧོང་ཏི་མེ་ཡིས་མྱོང་ཚོར་ཟབ་པའི་སྒོ་ནས་དེ་ལྟར་བཤད། ད་ལྟ། ལི་ཏུའུ་ཡི་གྲོང་གསེབ་ཀྱི་ས་ལམ་ཚང་མ་ཨར་འདམ་གྱི་ལམ་དུ་རིམ་སྤོར་བྱས་ཡོད་ལ། ཁྱིམ་ཚང་རེ་རེར་ཤར་གཏོང་ཐུབ་པར་བྱས་ཡོད། སྔོན་ཆད་ཀྱི་ས་གྱང་དམའ་མོ་དང་སྒོ་ར་རྙིང་བ། འདམ་རྫབ་ཀྱིས་ཁེངས་པའི་སྡེ་བ་དེ་དག་ད་ལྟ་སྡོད་ཁང་གཙང་མ་དང་གཞུང་ལམ་ཚད་ལྡན་གྱི་མཛེས་པའི་གྲོང་གསེབ་ཏུ་འཕོ་འགྱུར་བྱུང་ཡོད། དབུར་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་སྲིད་ཇུས་ལེགས་པོར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་མཐོ་སྒང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཧོང་ཏི་མེ་ཡི་གློག་བརྙན་སྟོན་བྱེད་ཀྱི་རླངས་འཁོར་དེ་ཡང་འདམ་རྫབ་ཀྱིས་ཁེངས་པའི་ས་ལམ་ནས་གྲོང་གསེབ་ཀྱི་ཁོད་ཡངས་པའི་ཨར་འདམ་གྱི་ལམ་གསར་པའི་སྟེང་བསྐྱོད་བཞིན་ཡོད།
ཧོང་ཏི་མེ་ཡིས“ལམ་ཇེ་བཟང་དུ་སོང་བ་དང་སྒྲིག་ཆས་ཀྱང་ཆ་ཚང་དུ་གྱུར་བས། སྡེ་མི་རྣམས་ཀྱི་རེ་བའང་དེ་བསྟུན་ནས་ཇེ་མཐོར་སོང་ཡོད”ཟེར། 2015ལོར། མོ་དང་མོའི་རུ་ཁག་གིས་གློག་བརྙན་སྟོན་པའི་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་ཆེན་ཡོངས་སུ་ཐུན་མོང་མ་ཡིན་པའི“གློག་བརྙན་ཚོང་ཁང་ཆེན་མོ”ཞིག་བསྐྲུན་ནས་ལོ་རེར་དུས་བཅད་ལྟར་ལི་ཏུའུ་ཆུས་ཀྱི་དཀྱིལ་སྙིང་ཐང་ཆེན་དུ་འཆར་ངོས་བཅུ་དྲུག་བཀོད་སྒྲིག་བྱས་ཏེ་དུས་མཉམ་དུ་བརྗོད་བྱ་མི་འདྲ་བའི་གློག་བརྙན་བཅུ་དྲུག་བསྟན་ནས་ལྟད་མོ་བའི་དགོས་མཁོ་སྐོང་དཀའ་བའི་གནད་དོན་ཐག་བཅད་པ་དང་། མང་ཚོགས་ཀྱིས་རང་མོས་ལྟར་གློག་བརྙན་འདེམས་པ་དང་དགོས་མཁོ་ལྟར་ལྟ་ཐུབ་པར་བྱས་ནས་ལོ་ཏུའུ་ཆུས་དང་དེ་བཞིན་དེའི་མཐའ་འཁོར་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
ད་ལོར། མཚོ་སྔོན་གྱི་དམངས་ཕན་རོང་འབྲོག་ས་ཁུལ་གྲངས་འཛིན་གློག་བརྙན་ཁང་ཚད་ཡོད་ཀུང་ཟིས་ཧོང་ཏི་མེ་ཡི་རུ་ཁག་ལ་ཡང་བསྐྱར་ཆེད་ལས་ཀྱི་གློག་བརྙན་སྟོན་བྱེད་ཀྱི་རླངས་འཁོར་གསར་པ་ཞིག་བྱིན་ལ། སྒྲིག་ཆས་ཆ་ཚང་ཞིང་བཀོལ་སྟངས་ཀྱང་སྟབས་བདེ་ཡིན། གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་ཆས་རྙིང་བ་ནས་གློག་བརྙན་སྟོན་བྱེད་ཀྱི་གྲངས་འཛིན་རླངས་འཁོར་བར་དང་། འདམ་རྫས་ཀྱིས་ཁེངས་པའི་ས་ལམ་ནས་ཨར་འདམ་གྱི་ལམ་བར་དུ། ཧོང་ཏེ་མེ་ཡིས་བརྒྱུད་པའི་བགྲང་བྱ་བཅོ་བརྒྱད་ནི་མཐོ་སྒང་གྲོང་གསེབ་ལ་འགྱུར་ལྡོག་བྱུང་བའི་བགྲང་བྱ་བཅོ་བརྒྱད་ཀྱང་རེད།
གློག་བརྙན་འཆར་ངོས་གཅིག་གིས་གྲོང་གསེབ་ཕན་ཚུན་བར་འགྲོ་འོང་བྱེད་པའི་འབྲེལ་ཟམ་བཙུགས།
གློག་བརྙན་སྟོན་པར་སྒུག་པའི་བར་གསེང་དུ་ཞའེ་ཧྲང་སྡེ་བའི་སྡེ་མི་ཀྲའོ་དབྱིན་ལན་ཧོང་ཏི་མེ་ཡི་གམ་དུ་ཡོང་ནས། ལག་བཟོས་ཞིབ་ཚགས་ཀྱི་ལྷམ་གདན་མཐུག་པོ་ཞིག་བྱིན་ཏེ། རྒྱུན་པར་སྡེ་བ་མང་པོར་འགྲོ་དགོས་པས། ལྷམ་གདན་འདི་བཏིང་ན་རྐང་བ་བདེ་ངེས་ཞེས་པའི་བབ་ཆགས་པའི་སྐད་ཆ་དེའི་ནང་སྡེ་མི་རྣམས་ཀྱི་ལྷད་མ་འདྲེས་པའི་བརྩེ་སེམས་དྲོན་མོ་སྦས་ཡོད།
གློག་བརྙན་དང་གཟུགས་དང་གྲིབ་མ་ལྟར་འགྲོགས་པའི་བགྲང་བྱ་བཅོ་བརྒྱད་རིང་། འདི་ལྟ་བུའི་མི་སེམས་འགུལ་བའི་དོན་དག་གི་རྒྱུན་ཆད་མ་མྱོང་། རྟ་ར་ཧོར་རིགས་ཞང་པེ་ཚོ་ཐེ་སྡེ་བར་ཁེར་རྐྱང་དུ་སྡོད་པའི་རྒན་པོ་ཞིག་ཡོད་དེ། ཁོའི་བཟའ་ཟླ་སྔ་མོ་ནས་ཚེ་ལས་འདས་པ་དང་། བུ་ཕྲུག་ཚོས་ཀྱང་ཕྱི་རུ་བྱ་བ་སྒྲུབ་བཞིན་ཡོད། ཧོང་ཏི་མེ་སྡེ་བའི་ནང་སོང་ནས་གློག་བརྙན་སྟོན་ཐེངས་རེར་རྒྱུན་པར་རྒན་པོ་དེར་འཚམས་འདྲི་བྱེད་དུ་སོང་ནས་སྒོ་ར་གཙང་སྦྲ་དང་ལྭ་བ་བཀྲུ་བ། ཟ་མ་ལས་པ་སོགས་ཀྱི་ལས་ཀ་སྒྲུབ་རོགས་བྱེད་པར་མ་ཟད། ད་རུང་ཤ་སོགས་ཀྱི་ལེགས་སྐྱེས་མང་པོ་ཡང་སྟེར་བ་རེད། ཁོ་ཚང་དང་ཁ་འབྲལ་སྐབས། རྒན་པོ་དེས་རྒྱུན་པར་ཧོང་ཏི་མེ་ལ་རང་གིས་དངོས་སུ་བཟོས་པའི་ལྷམ་གདན་མཐུག་པོ་ཞིག་སྟེར་བ་རེད།
ཐེངས་ཤིག་ལ་གྲང་ངར་ཆེ་བའི་སྐབས་སུ་གློག་བརྙན་སྟོན་དུས། དྲོད་ཚད་རིམ་གྱིས་ཇེ་འཁྱག་ཏུ་ཕྱིན་པས། སྡེ་མི་རྣམས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་འཛོམས་ནས་གློག་བརྙན་ལ་བལྟས། ཨ་ནེ་ཞིག་གིས་ལག་རས་ཤིག་ཕྱིར་བླངས་ནས། རིམ་པ་བཞིན་དུ་ཁ་ཕྱེ་དུས། ནང་དུ་རྡོ་ཀ་ར་རྡོག་ཆུང་འགའ་འདུག ། དེ་ནི་རྒན་པ་དེར་ཡོད་པའི་ཞོར་ཟས་གཅིག་པུ་རེད། བུ་མོ། ཀ་ར་ཞིག་ཟོས་ནས་མིད་པ་ཞིག་རློན་བཏང་། ཞེས་ཟེར་བར་ཧོང་ཏི་མེ་ཡིས་ཡང་དང་བསྐྱར་དུ་ལན་སློག་ནས་མ་བླངས་མོད། ཨ་ནེ་དེས་སྔར་བཞིན་རྡོ་ཀ་ར་ཚང་མ་མོའི་ཁུག་མ་རུ་བཅུག་སོང་། མོ་རང་ཕྱིར་ཁྱིམ་དུ་ལོག་རྗེས། ཨ་ནེས་བྱིན་པའི་ཀ་ར་ཆུ་ཁོལ་དུ་སྦངས་དུས། ཞིམ་མངར་དེ་ཡུན་རིང་པོ་ཞིག་ལ་མོའི་སེམས་སུ་ཞགས་སོང་། དེ་ནས་བཟུང་། གཞི་རིམ་དུ་གློག་བརྙན་སྟོན་དུ་འགྲོ་ཐེངས་རེར། མོས་ནམ་ཡང་ལུས་སུ་ཀ་ར་དང་། བཏུང་ཆུ་གྲ་སྒྲིག་བྱས་ཏེ། མོ་ལ་སེམས་ཁུར་བྱེད་པའི་སྡེ་མི་རྣམས་ལ་དྲིན་ལན་དུ་བྱིན།
སྡེ་མི་རྣམས་ཀྱིས་གློག་བརྙན་སྟོན་མཁན་པ་སེམས་སུ་བཟུང་ཡོད་ལ། གློག་བརྙན་སྟོན་མཁན་པས་ཀྱང་རི་ནང་གི་ལྟད་མོ་བ་རྣམས་སེམས་སུ་ཉར་ཡོད། སྔོན་ཆད་རི་ལམ་བསྐྱོད་དཀའ་བས། རུ་མ་རྣམས་རྒྱུན་དུ་སྡེ་བའི་ནང་དུ་གནས་ཚང་གཡར་ནས་བསྡད་པ་ཡིན་ལ། སྡེ་མི་རྣམས་ཀྱིས་ཟས་ཆུ་ཁོལ་མ་གནང་བར་བྱེད་པ་དང་། རུ་མི་རྣམས་ཀྱིས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་ཁྱིམ་ལས་ལས་རོགས་བྱས་ཤིང་། རྒན་པར་ལྟ་རྟོག་བྱས། ཁེབས་མེད་གློག་བརྙན་སྟོན་ཐེངས་རེ་རེ་ནི། སྔར་ཞིག་ནས་རོལ་རྩེད་རང་ཉིད་ལས་བརྒལ་ཏེ། ཁྱིམ་མཚེས་འགྲིག་མཐུན་དང་། ཡུལ་སྲོལ་བྱིན་རླབས། དམངས་སེམས་གཅིག་འདུས་ཀྱི་དྲོད་ཁོལ་གྱི་སྦྲེལ་ཐག་ཏུ་གྱུར་ཡོད།
ད་ལྟ། གློག་བརྙན་དངོས་མ་བསྟན་གོང་། བརྙན་ཡོལ་ངོས་སུ་ནམ་ཡང་ཞོད་འགོག་གནོད་སྐྱོབ་དང་། བསླུ་འགོག་དུག་འགོག་སོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་བརྙན་གཏོང་བཞིན་ཡོད་ལ། སྲིད་ཇུས་དང་བདེ་འཇགས་ཤེས་བྱ་མང་ཚོགས་ཀྱི་སྒོ་མདུན་དུ་སྐྱེལ་ཡོད།
སྡེ་བའི་ནང་དུ་རྒན་པ་དང་བྱིས་པ་མང་བས། སྲིད་ཇུས་དང་། བདེ་འཇགས་ཤེས་བྱ་མང་པོ་ཞིག་ངག་ཐོག་ཁོ་ན་ལས་ཁྱབ་སྒྲོག་བྱས་ན་གོ་དཀའ་བ་ཞིག་རེད་ཅེས་པའོ་ཚེ་རྒྱལ་གྱིས་སེམས་ཚོར་ཟབ་མོའི་ངང་། གློག་བརྙན་སྟོན་མཁན་གྱིས་ཁྱེར་ཡོང་བ་ནི་གློག་བརྙན་ཁོ་ན་ཙམ་མིན་པར། ལྷག་ཏུ་ཤེས་བྱ་དང་སྲིད་ཇུས་ཡོད་པས། ཚང་མས་གོ་སླ་ལ། སྦྱངས་ཀྱང་ཐུབ་པ་ཞིག་རེད་ཟེར།
སྡེ་བའི་གནས་ཚུལ་དང་མཐུན་ཞིང་། གནད་ཁེལ་ཞབས་ཞུ་བྱེད་པ་ནི། ལི་ཏུའུ་གློག་བརྙན་སྟོན་མཁན་རུ་ཁག་གི་ལོ་ངོ་མང་པོའི་རིང་འགྱུར་དུ་མེད་པའི་རྩ་དོན་ཡིན། སྡེ་སྲུང་རྒན་པ་མང་བའི་སྡེ་བ་ལ། གསར་བརྗེའི་ཚབ་མཚོན་དང་ཕྱིར་དྲན་བརྙན་རྙིང་སྔོན་དུ་བཀོད་སྒྲིག་བྱས་པ་ཡིན་ལ། སློབ་གྲྭ་རུ་འཇོན་བསྟུན་སློབ་ཁྲིད་ཀྱི་གློག་བརྙན་བསྟན་ཏེ། ལོ་རིམ་དམའ་བའི་སློབ་མ་ལ་སྤྲོ་སྣང་ལྡན་པའི་འགུལ་རིས་བསྟན་ཞིང་། ལོ་རིམ་མཐོ་བའི་སློབ་མ་ལ་སྐུལ་སློང་གི་གཏམ་རྒྱུད་དང་། ཚན་རིག་ཁྱབ་གདལ་གྱི་བརྙན་བསྟན་ནས། ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་གནད་ལ་ཁེལ་བར་བྱས་ཡོད།
ཕུའུ་ཐེ་ཞང་ཧྲན་ཐའོ་དཀྱིལ་སྙིང་སློབ་གྲྭའི་སློབ་མ་ཆོས་སྒྲོན་སྒྲོལ་མ་ཡིས་གློག་བརྙན་ལ་བལྟས་རྗེས་བཤད་རྒྱུར། ཨ་ནེ་ལགས། ང་ཚོ་གྲོང་ཁྱེར་དུ་ཕྱིན་ནས་གློག་བརྙན་ཁང་ནང་གི་གློག་བརྙན་ལ་ལྟ་བའི་གོ་སྐབས་ཧ་ཅང་ཉུང་། ཁྱེད་ཀྱིས་གློག་བརྙན་ང་ཚོའི་གམ་དུ་བསྐྱལ་ཡོང་བས། ང་ཚོར་ཕྱི་རོལ་གྱི་འཇིག་རྟེན་གསར་བ་མཐོང་དུ་བཅུག་སོང་ཞེས་བྱིས་པ་ཡིས་བབ་ཆགས་པའི་སྐད་ཆ་ལས། ཞིང་སྡེའི་སྤྱི་ཕན་གློག་བརྙན་བསྟན་པའི་ཆེས་དོན་ལྡན་གྱི་རིན་ཐང་གླེང་བྱུང་ལ། རི་ནང་གི་རྒན་པ་དང་བྱིས་པ་དག་ལ། སྒོ་མདུན་དུ་འདྲ་མཉམ་ངང་སྤྱི་བའི་རིག་གནས་ཞབས་ཞུ་མཉམ་དུ་ལོངས་སྤྱོད་བྱེད་དུ་བཅུག །
སྐར་འོད་ལམ་ལམ་གྱིས། རིག་གནས་དམངས་ཕན་གྱི་ལམ་བུ་རིང་མོ་ཞིག་གདན་དུ་བཏིང་།
དོན་དངོས་སུ། མཚོ་སྔོན་གྱི་རྒྱ་ཆེ་བའི་ས་ཆེན་སྟེང་། ད་དུང་ཧོང་ཏི་མེ་ལྟ་བུའི་གཞི་རིམ་གྱི་གློག་བརྙན་སྟོན་མཁན་མང་པོ་ཞིག་གིས། གློག་བརྙན་སྟོན་པའི་ལམ་དུ་བརྟན་སྲུང་བྱས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དོན་སྡེབ་ཀྱིས་ལོ་མང་པོའི་རིང་ཐང་རྒོད་འབྲོག་ཐང་དུ་རྐང་ཚུགས་ནས། བྱེ་རླུང་གྲང་ངར་ལ་འཛེམ་པ་མེད་པར། གློག་བརྙན་བསྟན་ཏེ་མང་ཚོགས་ལ་དྲོད་ཁོལ་སྦྱིན་བཞིན་ཡོད། མཚོ་ཤར་གྲོང་ཁྱེར་གྱི་ཡེ་ཧྲིན་ཁྲོན་གྱིས་ལོ་ངོ་བཅུའི་རིང་ལས་གནས་དང་པོ་རུ་རྐང་བཙུགས་ཏེ། བློ་སེམས་རྩེ་གཅིག་གིས་ཞིང་སྡེའི་རིག་གནས་ཞབས་ཞུ་ལེགས་པོར་སྒྲུབ་བཞིན་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་ལྷ་ཚེ་རིང་གིས་ནོར་གནག་ལ་གློག་བརྙན་སྟོན་བྱེད་བཀལ་ནས། མི་རིགས་སྐད་ཀྱི་གློག་བརྙན་སྟོན་བཞིན་ཡོད་པ་དང་། གཙོ་རྒྱུག་རིག་གནས་མཐོ་སྒང་གི་ཁྱིམ་ཚང་ཁྲི་མ་འབུམ་དུ་སིམ་དུ་འཇུག་བཞིན་ཡོད། མི་རབས་རེ་རེའི་གཞི་རིམ་གློག་བརྙན་སྟོན་མཁན་པ་ཡིས་བརྙན་ཡོལ་གྲོགས་སུ་བསྟེན་ཞིང་། བརྟན་སྲུང་འགན་འཁྲི་རུ་བརྩིས་ཏེ། མཚོ་སྔོན་གྱི་སྲིད་འཛིན་སྡེ་བ་སྟོང་བཞི་ལྷག་ཏུ་ཕྱིན་ནས། རིག་གནས་ཀྱི་མེ་འོད་སྦར་ཞིང་། ཉིན་ནས་ཉིན་དུ་གློག་བརྙན་གྱི་འོད་སྣང་ཆུང་ངུ་ཡིས། ཞིང་སྡེའི་བསམ་པའི་དཔལ་ཡོན་གྱི་ཞན་ཆ་གསབ་སྟེ། གྲོང་ཁྱེར་དང་ཞིང་སྡེའི་སྤྱི་བའི་རིག་གནས་ཀྱི་ཞབས་ཞུ་ཆ་སྙོམས་ཅན་དུ་སྐུལ་འདེད་གཏོང་བཞིན་ཡོད།
མཚན་སྨག་རིམ་བཞིན་བཅིལ་དུས། གློག་བརྙན་བསྟན་ཚར་སོང་། སྡེ་མི་དག་གིས་སེམས་ཀྱི་འགུ་ད་རུང་བཀང་མེད་ཞོར། གོ་རིམ་ལྡན་པའི་ངང་ཐང་ཆེན་ནས་གྲོལ། ཧོང་ཏི་མེ་ཡིས་སྟོན་བྱེད་རྣམས་བསྡུ་གསོག་བརྒྱབ་ཅིང་། ཐང་ཆེན་ལ་གཙང་སྦྲ་བྱས་ཏེ། ཡོ་བྱད་རྣམས་རིམ་པ་བཞིན་དུ་རླངས་འཁོར་དུ་བཅུག་རྗེས། རླངས་འཁོར་བསྐོར་ནས་ཆུས་ཐན་གྲོང་རྡལ་གྱི་འདུ་གནས་སུ་ཕྱིན། ཆུ་ཚོད23ཀྱི་སྐབས་སུ། གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོར་ཕྱིན་པའི་རུ་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་འཛོམས་བྱུང་།
དེ་རིང་སྡེ་བ་སོ་སོའི་གློག་བརྙན་ལ་ལྟ་སྐབས་ཀྱི་སྒྲིག་ལམ་ཇི་འདྲ་རེད།
ཡོ་བྱད་དག་ལ་སྐྱོན་མ་བྱུང་ངམ།
སྡེ་མི་རྣམས་ཀྱིས་ལྟ་འདོད་པའི་གློག་བརྙན་གསར་བ་ཨེ་ཡོད།
ཧོང་ཏི་མེ་ཡིས་རིམ་པ་བཞིན་དུ་འདྲི་རྩད་བྱས་རྗེས། ནན་ཏན་གྱི་ཟིན་ཐོ་བྲིས། ཉིན་དེའི་བདམས་གཏོང་གི་གློག་བརྙན་སྟོན་པའི་འགན་ཁུར་ཡོངས་སུ་ལེགས་འགྲུབ་བྱས་པར། ནོར་འཁྲུལ་ཅི་ཡང་མ་བྱུང་ལ། ཆག་སྐྱོན་མ་བྱུང་ལ། ལམ་ལྷོང་དུ་བྱུང་བའང་གཅིག་ཀྱང་མི་འདུག ། རུ་མི་དག་ཡོངས་སུ་བདེ་འཇགས་ངང་ཕྱིར་ལོག་པ་གཏན་ཁེལ་བྱས་རྗེས། ཚང་མས་རང་རང་གི་རླངས་འཁོར་བསྐོར་ཏེ་ཕྱིར་ལོག་པ་རེད། ཉིན་གཅིག་གི་འགྲུལ་བཞུད་དེ། སྨག་རུམ་སྟུག་པོའི་ཁྲོད་ཡལ་སོང་།
ལོ་ངོ་བཅོ་བརྒྱད་ཀྱི་ལོ་ཟླའི་འཁོར་སྐྱོད་ཁྲོད། ཧོང་ཏི་མེ་དང་རུ་མི་རྣམས་ཀྱི་རྐང་རྗེས་དེ། ལུའོ་ཏུའུ་ཡི་སྲིད་འཛིན་སྡེ་བ354ཁྱབ་པར་བྱས་ཤིང་། ལོ་རེའི་བསྡོམས་རྩིས་བྱས་ཏེ་སྤྱི་ཕན་གྱི་གློག་བརྙན་སྟོན་ཐེངས4300ལས་བརྒལ་ཡོད། མི་གཅིག་གི་ཁེར་བགྲོད་ལས་རུ་ཁག་གི་སྟོབས་ཤུགས་གཅིག་འདུས་སུ་གྱུར་བ་དང་། དཀའ་བ་ཁྱད་དུ་བསད་དེ་གནས་སུ་རྐང་ཚུགས་པའི་བར་དུ། བརྙན་ཡོལ་གཅིག་དང་། རླངས་འཁོར་གཅིག་གི་འོད་སྣང་ལས། མཐོ་སྒང་ཞིང་སྡེའི་རིག་གནས་དམངས་ཕན་གྱི་ཆེས་མཇུག་མཐའི་སྤྱི་ལེ་གཅིག་སྦྲེལ་ཐུབ་པ་བྱུང་བར་མ་ཟད། མཚོ་སྔོན་ཞིང་སྡེའི་ལོ་ངོ་བཅོ་བརྒྱད་ཀྱི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བདེན་དཔང་བྱས་ཡོད་པས། སྔོན་ཆད་དཀའ་སྡུག་གི་གཞི་རིམ་གྱི་གློག་བརྙན་སྟོན་པ་དེ། ཁྱིམ་ཚང་ཁྲི་མ་འབུམ་ལ་དྲོད་ཁོལ་སྦྱིན་པའི་བརྩེ་སེམས་ཀྱི་དམངས་ཕན་ལས་གཞི་ཞིག་ཏུ་གྱུར་བ་རེད།
ལྟ་མཁན་ཡོད་ཚེ། གློག་བརྙན་ནམ་ཡང་སྟོན་རྒྱུ་ཡིན། འདི་ནི་ལི་ཏུའུ་ཆུས་ཀྱི་གློག་བརྙན་སྟོན་མཁན་གྱི་འབོད་ཚིག་ཡིན་ཞིང་། ཧོང་ཏི་མེ་དང་རུ་མི་རྣམས་ཀྱི་འགྱུར་བ་མེད་པའི་བརྟན་སྲུང་ཡང་ཡིན།
མཐོ་སྒང་གི་མཚན་ལམ་དུ། འོད་སྣང་ཆེམ་ཆེམ་འཕྲོ་བཞིན་ཡོད། རླངས་འཁོར་གྱི་གློག་འོད་མཚན་ཀློང་ནས་ཡལ་མོད། བརྙན་ཡོལ་སྟེང་གི་འོད་སྣང་དེ་སྡེ་མི་རྣམས་ཀྱི་སེམས་སུ་འཁྱིལ་ཡོད།