བདེ་མོ་ལག་གིས་བདེ་སྐྱིད་འཚོ་བ་བསྐྲུན།

ཁུངས། ཀློག་གྲངས།

དབྱར་ཟླ་དྲུག་པའི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་བྲག་ཁུང་ལུང་གྲོང་རྡལ་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡུལ་སྐོར་བའི་འགྲོ་འོང་ཟམ་མི་ཆད།    གྲོང་རྡལ་འདི་ནས་རླངས་འཁོར་ལ་བསྡད་དེ་ནུབ་ཏུ་སྤྱི་ལེ་བཅུ་གསུམ་ཙམ་བསྐྱོད་ན་ལམ་རྒྱུད་དུ༼སྲུང་འཐག་ཚང༽ཞེས་པའི་ཁང་མིག་བཞི་ལས་གྲུབ་པའི་འཐག་ལས་བཟོ་གྲྭ་ཆུང་ཆུང་ཞིག་མིག་མདུན་དུ་མངོན་འོང་།   བཟོ་གྲྭ་འདིའི་ནང་དུ་སོང་བ་ན་བོད་ལྭ་གྱོན་པའི་བོད་རིགས་སྐྱེས་མ་བཅུ་ལྷག་དང་སྐྱེས་པ་ཁ་ཤས་ཀྱིས་ལ་ལས་འཕང་འཁེལ་བ་དང་ལ་ལས་ཐགས་འཐག་པ། ལ་ལས་བཟོ་འཁོར་སྐོར་བ་སོགས་རང་རང་གི་ས་ན་འཚུབ་འཚུབ་ལོང་ལོང་ངང་ལས་ལ་བྲེལ་བཞིན་པའི་རྣམ་པ་མཐོང་ཐུབ། བཟོ་གྲྭ་འདིའི་སྦྱིན་བདག་གི་མིང་ལ་རྣམ་རྒྱལ་སྒྲོལ་མ་ཟེར་ཞིང་། 2021ལོར་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་ལོག་ནས་ལས་བཏོད་ཀྱི་ལམ་དུ་ཞུགས་པའི་གཞོན་ནུ་མ་ཞིག་རེད། 

རྣམ་རྒྱལ་སྒྲོལ་མ་ནི་ཅོ་ནེ་རྗོང་མདོ་ཁོག་ཞང་མདོ་ཁོག་སྡེ་བའི་མི་ཡིན་ལ། ཁོ་མོ་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་ཞིང་།   ཨ་མ་གཙོ་བྱས་པའི་རྒན་རབས་དག་གི་སོར་བཅུའི་རྩལ་དུ་བཏོན་པའི་འཕང་འཁེལ་ཐགས་འཐག་གི་ལས་འདིར་འབྲོག་གི་སྦྲ་ནང་དང་། རོང་གི་ཞིང་མཐའ་ནས་མིག་གིས་འཚོས་ཤིང་སེམས་ཀྱིས་མྱོང་བཞིན་གཉོམ་ལག་རྒྱས་པས་ཁོ་མོ་ཡང་ཐུན་མིན་གྱི་སྲོལ་རྒྱུན་བཟོ་རྩལ་འདི་ལ་དུང་བ་བླ་ལྷག་ཅིག་རུས་ལ་ཟུག་ཤིང་རྐང་ལ་འཐིམས་ཡོད།   ཁོ་མོ་རང་ལོ་བཅུ་གཅིག་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྒོ་ཐེམ་འགྲིམ་འགོ་བརྩམས་པ་དང་།   སློབ་ཆེན་མཐར་ཕྱིན་རྗེས་རྒྱལ་ནང་གི་སུའུ་ཀྲུའུ་གྲོང་ཁྱེར་ནས་བྱ་བའི་གོ་སྐབས་རྙེད་དེ་གནས་དེ་རུ་ལོ་བཞི་ལ་ལས་ཀར་ཞུགས། ཡིན་ནའང་ཆུང་ནས་གོམས་པའི་བག་ཆགས་ཞིག་དང་ཡིད་ལ་ཉར་བའི་ཕུགས་བསམ་དྲོན་མོ་ཞིག་གིས་ཁོ་མོ་ཕྱིར་རང་ཡུལ་དུ་ལོག་པའི་འདུན་མ་ཡོངས་སུ་དྲངས་པས2025ལོར་ཕྱིར་ཕ་ཡུལ་མདོ་ཁོག་རུ་གོམ་ཁ་བསྒྱུར། 

ལས་བཏོད་ཀྱི་ཐོག་མའི་དུས་སྐབས་སུ། ཁོ་མོར་གཅིག་ནས་ལག་རྩལ་གྱི་རྒྱབ་རྟེན་མེད་ལ་གཉིས་ནས་ཚོང་ལས་ཀྱི་ཉམས་མྱོང་དབེན་པས་རེ་ཞིག་འུ་ཐུག་ཐབས་ཟད་དུ་གྱུར། ཐེངས་ཤིག་གྲོགས་པོ་ཞིག་དང་ཁ་བརྡའི་བརྒྱུད་རིམ་ཁྲོད་ནས་སི་ཁྲོན་སྡེ་དགེ་ཡུལ་དུ་ལག་ཤེས་བཟོ་ལས་དར་ཞིང་རྒྱས་ལ་སྣ་ཕུན་སུམ་ཚོགས་པ་ཤེས་རྗེས།  ཁོ་མོས་རི་ཆུ་སྟོང་ཕྲག་འཕྲེད་ཀྱིས་བཅད་དེ་བོད་ཀྱི་ལག་ཤེས་བཟོ་ལས་ཀྱི་ཕ་ས་སྟེ་སྡེ་དགེ་སྨན་ཤོད་ཡུལ་དུ་ཆས། ཁོ་མོས་གནས་དེ་རུ་ཕ་ཡུལ་གྱི་སྲོལ་རྒྱུན་འཐག་ལས་དང་འཚམ་ལ་དེང་རབས་མཛེས་དཔྱོད་དང་མཐུན་པའི་བོད་ལུགས་རི་མོའི་འཐག་བཟོའི་ལག་རྩལ་སྐོར་ལ་སྦྱོང་བ་མི་དམན་པ་བྱས་མཐར་ཕྱིར་རང་ཡུལ་དུ་ལོག་ནས༼ཀན་ལྷོ་སྲུང་འཐག་ཚང་ཞིང་འབྲོག་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང ༽ དངོས་སུ་བཙུགས།

ཀུང་སི་བཙུགས་རྗེས། ཁོ་མོས་རང་ཉིད་ཀྱི་ཐོག་མའི་ཕུགས་འདུན་དང་དམ་བཅའ་ཡིད་ལ་བརྟན་པོར་བཅངས་ཏེ།  སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དར་སྤེལ་དང་ཕ་ཡུལ་གྱི་བུད་མེད་ཚོའི་དཀའ་སྡུག་གི་ཁུར་བོ་ཇེ་ཡངས་དང་ལས་ཞུགས་ཀྱི་ལམ་ཁ་ཇེ་ཆེ། ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཇེ་མང་བཅས་ལ་གཞི་བཅོལ་ཏེ་སྲོལ་རྒྱུན་འཐག་ལས་ཀྱི་ལག་རྩལ་གཙོ་བོ་སོར་འཇོག་གྱི་རྣམ་པས་དེང་རབས་ཀྱི་མཛེས་དཔྱོད་དང་བསྟུན་ཤིང་། རིག་གནས་ཡུལ་སྐོར་གྱི་དགོས་མཁོ་དང་ཁྲོམ་རའི་འཕེལ་ཕྱོགས་བཅས་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་འཐག་ལས་ཐོན་རྫས་ཀྱི་རྣམ་པ་གསར་བཏོད་དང་རིགས་ཕུན་ཚོགས་སུ་བཏང་ནས་བལ་གྱི་ལག་བཟོས་ཁུག་མ་དང་། རྩིད་པའི་སྦྲ་ནག། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་སྲོལ་རྒྱུན་གྱི་སྒང་བསླེས་དང་མདུད་པ་ནས་འབྲུ་མ་སོགས་ཀྱི་ལམ་ནས་རིག་གནས་ཐོན་རྫས་གང་མང་ཞིག་གསར་སྐྲུན་བྱས་ཡོད་པ་མ་ཟད། རང་བྱུང་རྩི་ཤིང་གི་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་ཚོས་བསྒྱུར་གྱི་ལས་ཀའི་རིགས་ཀྱང་ཁ་སྣོན་བྱས་ཡོད་པས་ཐོན་རྫས་ཀྱི་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་ཡོད་ལ། གནའ་བོའི་བཟོ་རྩལ་འདི་དེང་གི་འཛད་སྤྱོད་པའི་དགོས་མཁོ་དང་ཡང་མཐུན་པར་བྱས་ཏེ་དྲ་རྒྱའི་ཚོང་ལམ་དང༼གངས་རྒྱུད་འཆར་གཞིའི༽རམ་འདེགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཡུལ་གྲུ་སོ་སོར་ཕྱིར་འཚོང་བྱེད་ཀྱིན་འདུག

ཁོ་མོའི༼སྲུང་འཐག་ཚང༽ བཟོ་གྲྭས་ཞིང་སྡེའི་བུད་མེད་ཚོའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཉེ་འཁོར་སྡེ་བའི་བུད་མེད་དཀའ་ཁག་ཅན་དང་ཕྱི་རུ་ལས་ཀར་འགྲོ་མི་ཐུབ་པའི་ལས་བཟོ་བ་བཅུ་ལྷག་བསྡུས་ཡོད་ལ། ལས་ཞུགས་ཀྱི་ཆ་རྐྱེན་དམའ་ལ་ལས་ཀའི་དུས་ཚོད་ལ་ཡང་ཚད་བཀག་མེད་པས། བུད་མེད་རྣམས་ཀྱིས་བཟོ་གྲྭས་ལས་ཀ་རང་ཁྱིམ་དུ་ཁྱེར་ནས་ལས་ཆོག་ལ་ཞོར་དུ་ཁྱིམ་ཚང་བདག་སྐྱོང་གི་ལས་ཡང་འགྲུབ་ཐུབ་པ་མ་ཟད། འོས་འཚམ་གྱི་དཔལ་འབྱོར་ཡོང་སྒོ་ཡང་བཙལ་ཐུབ་པས་སྲོལ་རྒྱུན་ལག་བཟོའི་བཟོ་རྩལ་འདི་ལ་བརྟེན་ནས་ཕྱུག་སྒྱུར་གྱི་ལམ་བུར་སྙེག་པའི་ལམ་བུ་གསར་བ་ཞིག་ཡངས་པར་བསྐྲུན་ཡོད།

   རྣམ་རྒྱལ་སྒྲོལ་མའི་ཕ་ཡུལ་ཀན་ལྷོའི་ཆེས་མཛེས་པའི་སྤྱི་ལེ་བརྒྱ་ཡི་ཡུལ་སྐོར་ལམ་ཐིག་སྟེ་ཅོ་ནེ་ནས་ཐེ་བོའི་བྲག་སྒམ་ནང་བར་གྱི་ལམ་རྒྱུད་དུ་ཆགས་ཡོད་ལ། ད་ལྟ་ཁོ་དང་ན་ཚོད་མཉམ་པའི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་གཉིས་ཀྱང་ཁོ་མོའི་ལས་བཏོད་ཀྱི་ལས་འདིར་འཐམ་ཡོད་ལ། ས་བབ་ཀྱི་དགེ་མཚན་བཟང་པོ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པོས་ས་གནས་ཀྱི་ལས་ཞུགས་དང་ཡོང་འབབ། རིག་གནས་རྒྱུན་འཛིན་གྱི་ཐད་ལ་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་གར་སྟེགས་ཞིག་ལེགས་པར་བསྐྲུན་ཡོད།