

ཡུལ་སྐོར་བར་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ།
ཟླ9པའི་ཚེས8ཉིན། ཉིན་གང་བོར་ཆར་བ་ཟིམ་ཟིམ་ཞིག་འབབ་ཀྱིན་འདུག ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་བདེ་ཅུས་ཀྱི་བསོད་ནམས་དར་རྒྱས་སྐྱེ་ཁམས་ཉེན་རྟོག་ཁང་དུ། འགོ་གཙོ་རྟ་མགྲིན་ཚེ་བརྟན་བྲེལ་བ་ལངས་བཞིན་མཚམས་རེར་རྒྱལ་ལམ109འགྲམ་རྒྱུད་དུ་སོང་ནས་ཡར་ལྟ་མར་ལྟ་བྱེད་ཀྱིན་མཆིས།
ཅང་མ་འགོར་བར། པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་འགའ་ཡིས་རོགས་བྱེད་དགོས་པའི་རེ་འདུན་བཏོན་པ་སྟེ། ཁོ་ཚོ་ལྷ་ས་ནས་ཕྱིར་ན་གོར་མོར་ལོག་པའི་ལམ་བར་དུ་དབྱང་རླུང་སྣོད་བཀོལ་ཚར་སོང་ལ། གནས་འདིར་ཉོ་རྒྱུའང་མེད་པས། ཐད་ཀར་ཉེན་རྟོག་ཁང་དུ་ཡོང་བ་རེད།
རྟ་མགྲིན་ཚེ་བརྟན་གྱིས་ཅང་མ་དྲིས་པར་ཉེན་རྟོག་ཁང་དུ་སོང་ནས་དབྱང་རླུང་སྣོད་འགའ་ཡུལ་སྐོར་བའི་ལག་ཏུ་འཇོག་ཞོར། དབྱང་རླུང་སྣོད་དེ་ཡུན་རིང་བོར་རྔུབ་ཚེ་ས་མཐོའི་སྣང་ཚུལ་ཚབས་ཆེན་དུ་འགྱུར་སྲིད་པས། ཁམ་གང་རྔུབ་ནས་ཅུང་འགོར་རྗེས་ཁམ་གང་རྔུབ་ཆོག་ཅེས་བཀོལ་སྤྱོད་བྱེད་ཐབས་སྐོར་བཤད། ཡུལ་སྐོར་བ་ཚོས་ཁོ་ལ་བཀའ་དྲིན་ཆེ་ཞུས་པ་དང་། འགྲོ་ཁར་ཨ་ཆེན་གངས་རྒྱབ་ཀྱི་དྲིལ་སྒྲོག་ལག་དེབ་འགའ་ཁྱེར་ནས་ཕྱིན་སོང་།
ཡུལ་སྐོར་བ་ཚོ་སྐྱེལ་མ་བྱས་རྗེས། རྟ་མགྲིན་ཚེ་བརྟན་གྱིས་སྐྱེ་ཁམས་ཉེན་རྟོག་ཁང་གི་ལས་འགན་ངོ་སྤྲོད་བྱས་དོན། ང་ཚོའི་ལས་འགན་གཙོ་ཆེ་ཤོས་ནི་རྒྱལ་ལམ109ཡི་འགྲམ་རྒྱུད་དུ་སྐོར་སྲུང་བྱ་རྒྱུ་དང་། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དེ་ཡིན་ལ། དམངས་བདེ་ཞབས་ཞུ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཕྱིར། ཡུལ་སྐོར་བ་ཚོར་ཅི་ནུས་ཀྱིས་རོགས་བྱ་དགོས་ཞེས་ཟེར།
བསོད་ནམས་དར་རྒྱས་སྐྱེ་ཁམས་ཉེན་རྟོག་ཁང་ནི་རྒྱལ་ལམ109ཡི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་སྒོ་རའི་ནང་དུ་ཡོད་ལ། འདི་ནི་ཡུལ་སྐོར་བ་ཚོར་ཨ་ཆེན་གངས་རྒྱབ་ཀྱི་སྣང་བརྙན་མངོན་པའི་སྒེའུ་ཁུང་ལྟ་བུ་ཡིན་པས། ཡུལ་སྐོར་བ་འགྲོ་འོང་བྱེད་སྐབས། ནམ་རྒྱུན་འདི་ནས་འགྲོ་མཚམས་བཞག་སྟེ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཚེ་སྲོག་བློས་བཏང་བའི་གཏམ་རྒྱུད་ལ་ཉན་བཞིན་ཡོད།
2025ལོའི་ཟླ4པར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་བདེ་ཅུས་སུ་བསོད་ནམས་དར་རྒྱས་སྐྱེ་ཁམས་ཉེན་རྟོག་ཁང་གི་སྒོ་བྱང་བཀལ་བ་དང་། རྒྱུན་སྡོད་ཉེན་རྟོག་ཁང་ཡིན་པས་མི་དམངས་ཉེན་རྟོག་པ་བཞི་བཀོད་སྒྲིག་བྱས་ཡོད་ལ། ལས་གནས་སུ་ཉུང་མཐར་ཡང་ཉེན་རྟོག་པ་གཉིས་འདུག་དགོས། ཉེན་རྟོག་ཁང་གིས་གཙོ་བོ་རྒྱལ་ལམ109འགྲམ་རྒྱུད་ཀྱི་ཁྲིམས་འགལ་གཏོར་བརླག་དང་། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ། ཁྲིམས་འགལ་གྱིས་ཐོན་ཁུངས་སྔོག་འདོན་བཅས་ལ་སྐོར་སྲུང་གི་ལས་འགན་ཁུར་ཡོད་པར་མ་ཟད། ལམ་འགྲོ་མང་ཚོགས་དང་ཡུལ་སྐོར་བར་དམངས་བདེ་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།
ད་ལོའི་ཟླ6པའི་ཚེས26ཉིན། རྟ་མགྲིན་ཚེ་བརྟན་དང་ལས་གྲོགས་ཚོས་རྒྱུན་ལྡན་ལྟར་རྒྱལ་ལམ109འགྲམ་རྒྱུད་དུ་སྐོར་སྲུང་བྱེད་བཞིན་པའི་སྐབས། ལམ་ཞིག་གསོ་མཁན་གྱིས་ལམ་འགྲམ་དུ་བྱེའུ་ཞིག་འཕུར་ཐུབ་ཀྱིན་མེད་པའི་གནས་ཚུལ་ཁོ་ཚོར་བཤད། རྟ་མགྲིན་ཚེ་བརྟན་དང་ལས་གྲོགས་ཚོས་རྒྱལ་ལམ་འགྲམ་རྒྱུད་དུ་ཕལ་ཆེར་ཆུ་ཚོད་གཅིག་གི་རིང་ལ་བཙལ་རྗེས། K2961ལམ་དུམ་དུ་བྱེའུ་ཕྲུག་ཅིག་མཐོང་ནས་བསྐྱབས་པ་ན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རྔོན་ཁྲ་ཡིན་པ་གསལ་བོར་ཤེས།
རྟ་མགྲིན་ཚེ་བརྟན་གྱིས་ཞིབ་མོར་བལྟས་པ་ན། རྨ་ཁ་ཅི་ཡང་མཐོང་རྒྱུ་མེད་པས། ད་གཟོད་བྱེའུ་ཕྲུག་དེ་ཡིས་མཐོ་སྒང་གི་ཁོར་ཡུག་ལས་གཟན་འཚོལ་མ་ཐུབ་པར་ལུས་པ་རྟོགས་ཤིང་། ཁོ་ཚོས་བྱེའུ་ཕྲུག་དེ་ཉེན་རྟོག་ཁང་དུ་ཁྱེར་ནས་ཉིན་ཉི་ཤུ་ལྷག་ལ་གཟན་བྱིན་པ་དང་། ལུས་ཟུངས་སླར་གསོ་བྱུང་རྗེས་ཕྱིར་བཏང་བ་རེད།
འདི་དང་འདི་འདྲའི་དོན་དག་ལ་འཕྲད་པ་ཉུང་ཉུང་མིན་ཏེ། 2025ལོའི་ཟླ4པར་སྐྱེ་ཁམས་ཉེན་རྟོག་ཁང་བཙུགས་རྗེས། ཁོ་ཚོས་ད་རུང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་གཉིས་བསྐྱབས་མྱོང་ལ། གཅིག་ནི་ཁྲ་དང་ཅིག་ཤོས་ནི་ནེའུ་ལེ་རེད།
སྔོན་ཆད་རྟ་མགྲིན་ཚེ་བརྟན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཀྲུང་ཐའེ་དམག་ཁུལ་དང་པོའི་ཡན་ལག་སྲུང་སྐྱོབ་ཁུལ་གྱི་མངགས་གཏོང་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད། ལས་ཁུངས་སྒྱུར་བཅོས་བྱས་རྗེས། ཁོ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་བདེ་ཅུས་སུ་སྤར། སྐྱེ་ཁམས་ཉེན་རྟོག་ཁང་བཙུགས་རྗེས། ཁོས་འདི་ནས་འགོ་གཙོའི་འགན་ཁུར་བ་རེད། བརྡ་ཐོ་འབྱོར་མ་ཐག ཁོ་བྱ་བ་ཡག་པོར་བསྒྲུབ་མི་ཐུབ་པར་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། ཉེན་རྟོག་ཁང་དུ་སྤར་བ་ནས་བཟུང་། གཙོ་བོ་མི་མེད་ས་ཁུལ་གྱི་མཐོ་གྲང་གནམ་གཤིས་ལ་ཁ་གཏད་འཇལ་དགོས། རྟ་མགྲིན་ཚེ་བརྟན་གྱིས་ངའི་ཕ་ཡུལ་མཚོ་ཤར་གྲོང་ཁྱེར་དུ་ཡོད་ལ། འདི་ནས་ས་ཐག་རིང་པས། གཟའ་མཇུག་དང་དུས་ཆེན་གྱི་གུང་གསེང་ནི་ང་དང་འབྲེལ་བ་མེད་པ་ཞིག་ཏུ་སྣང་ཞེས་ཟེར།
གསར་འགོད་པས་བཅར་འདྲི་བྱེད་སྐབས། རྟ་མགྲིན་ཚེ་བརྟན་གྱིས་ཉེན་རྟོག་ཁང་དུ་ལས་རེས་ལས་སྲུང་བྱས་ནས་ཟླ་བཞི་ཕྱིན་པ་དང་། དེའི་རིང་ལ། ཁོས་ཉིན་ལྔ་ཙམ་ལ་གནང་བ་ཞུས་ནས་ཡུལ་ལ་ལོག་ཅིང་། ལམ་བར་དུ་ཉིན་གཉིས་འགོར་རྗེས། ཉིན་གསུམ་མ་གཏོགས་ཁྱིམ་མི་དང་མཉམ་དུ་འདུག་མི་ཐུབ།
མི་མེད་ས་ཁུལ་དུ་བྱ་བ་བསྒྲུབ་ན། མཐོ་གྲང་དང་ཁེར་རྐྱང་ལ་གོམས་དགོས་པར་མ་ཟད། སྐོར་སྲུང་ལམ་བར་གྱི་དཀའ་ཁག་གིས་རྟ་མགྲིན་ཚེ་བརྟན་ལ་དཀའ་ལས་མང་པོ་གཏད་མྱོང་། ན་ནིང་དགུན་གཞུང་། རྟ་མགྲིན་ཚེ་བརྟན་གཅིག་པུ་རྒྱལ་ལམ109འགྲམ་རྒྱུད་དུ་སྐོར་སྲུང་ལ་སོང་བ་དང་། ས་རུབ་མ་ཐག ཕྱིར་ལོག་པའི་ལམ་བར་གྱི་ཁུ་ནུ་རི་འདབས་སུ་ཁོའི་རླངས་འཁོར་ལ་སྐྱོན་བྱུང་ནས་བསྐོར་མ་ཐུབ་པས། ཁོ་རང་གཅིག་པུ་རླངས་འཁོར་དུ་ལུས་པ་དང་། རྗེས་སུ། ཉེ་འཁོར་གྱི་ལམ་ཞིག་གསོ་མཁན་གྱི་རོགས་རམ་བརྒྱུད། མཚན་སྨད་ཀྱི་དུས་ཚོད་གསུམ་པར་ད་གཟོད་ཕྱིར་ཉེན་རྟོག་ཁང་དུ་ལོག་ཐུབ་པ་བྱུང་ལ། སྐབས་དེར་གློག་མེད་པས། གྲང་སྟེ་གཉིད་ཡེ་ནས་མ་ཁུག
བཅར་འདྲིའི་སྔ་ཉིན། རྟ་མགྲིན་ཚེ་བརྟན་སྤྱི་ལེ་བཞི་བརྒྱའི་མཚམས་ཀྱི་དམར་ཆུའི་ཨར་ཏོ་ཀའུ་རུ་སྐོར་སྲུང་ལ་སོང་བ་དང་། ཕྱིར་ལོག་སྐབས། རླངས་འཁོར་གྱི་འོག་གཞི་ལྷུང་སོང་བས། སེམས་ཆུང་ངང་དལ་མོར་ཕྱིར་བསྐོར་ནས་ཡོང་བ་ན། ཉེན་རྟོག་ཁང་དུ་འབྱོར་དུས་དགོང་མོའི་ཆུ་ཚོད་དགུ་པར་ཐོན་འདུག
རྟ་མགྲིན་ཚེ་བརྟན་གྱིས་བཤད་རྒྱུར། ཁོ་ཚོའི་སྐོར་སྲུང་གི་ཁྱབ་ཁོངས་ནི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་དམར་ཆུའི་བར་ཡིན་པས་ལས་འགན་ཅུང་ལྗིད་མོ་རེད། རྒྱལ་ལམ109ཞིག་གསོ་བྱེད་བཞིན་ཡོད་པས། ཉིན་རྒྱུན་གྱི་སྐོར་སྲུང་ལས་གཞན། ཁོ་ཚོ་ད་རུང་དུས་བཅད་ལྟར་ལས་སྐྲུན་སྡེ་ཁག་ཏུ་སོང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་། ཐོན་སྐྱེད་རྒྱུ་ཆ་བཞག་ཡོད་པ་ཚད་ལྡན་ཡིན་མིན་དང་ཐོན་སྐྱེད་གད་སྙིགས་གང་སར་གཡུགས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་ཟེར།
ཆར་བ་ད་རུང་འབབ་མཚམས་བཞག་མེད་ལ། ཉེན་རྟོག་ཁང་གི་སྒོ་མདུན་དུ་རྒྱལ་ལམ109རྒྱང་རིང་རྒྱང་རིང་ཞིག་ཏུ་བསྲིངས་འདུག རྟ་མགྲིན་ཚེ་བརྟན་དང་ལས་གྲོགས་ཚོར་མཚོན་ནས་བཤད་ན། གནས་འདི་ནས་སྲུང་བ་ནི་ཨ་ཆེན་གངས་རྒྱབ་སྲུང་བ་དང་། དེ་མིན་ལམ་འགྲོ་བ་མང་པོ་མང་པོ་ཞིག་སྲུང་བ་ག་ལ་མིན། རྔོན་ཁྲ་བསྐྱབས་པ་ནས་ཡུལ་སྐོར་བར་དབྱང་རླུང་སྣོད་བྱིན་པ་དང་། ཁུ་ནུའི་རི་འདབས་ནས་རླངས་འཁོར་ཞིག་གསོ་བྱས་པ་ནས་དམར་ཆུའི་ཕྱོགས་སུ་སྐོར་སྲུང་དུ་སོང་བའི་འདས་དོན་རེ་རེས། ཉེན་རྟོག་ཁང་གཅིག་གི་སྐྱེ་ཁམས་སྲུང་སྐྱོབ་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་མཚོན་ཡོད་ལ། ད་ལྟའི་བར། བསོད་ནམས་དར་རྒྱས་སྐྱེ་ཁམས་ཉེན་རྟོག་ཁང་ནི་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མདུན་སྲུང་ཁང་ཡིན་པར་མ་ཟད་ལམ་འགྲོ་བ་ཚོའི་དྲོད་ཀྱི་ལོག་མལ་ལྟ་བུའོ།།
ལྷ་མོ་འཚོས་བསྒྱུར།