
ཉིན་འདིར། མདོ་ལའི་རྩྭ་ཐང་དུ་རླུང་ཆེན་གཡུག་བཞིན་ཡོད། རྒྱ་མ་བཅུ་ལྷག་ཡོད་པའི་རས་ཡོལ་དེ་ཁ་ཕྱེས་པ་ཙམ་གྱིས་རླུང་གིས་འཁུར་ལ་བྱེད། སྒྲོམ་སྐྱོར་ས་ལ་བརྟན་པོར་འཛུགས་པའི་ལས་འདི་གཅིག་པུས་ཀྱང་གློག་བརྙན་གཏོང་མཁན་ཀྲའོ་ཡོན་ཅ་ལ་དཀའ་ལས་མང་པོ་མྱངས་སུ་བཅུག ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་གསུམ་མྱུར་དུ་ཡོང་ནས་ཁོ་ལ་རོགས་རམ་བྱས།
སྐྱེས་པ་ཞིག་གིས་འཁྱེར་བདེའི་གློག་གཡིས་བཞག་ཡོད། འདི་བཟང་གི གློག་མེད་ས་ནས་ཀྱང་གློག་བརྙན་གཏོང་ཐུབ་ཞེས་བཤད།
དྲོད་ཚད་ཏུའུ7ཡིན་པ་འཆར་ཡོད་ནའང་། ལྷགས་རླུང་ཆེན་པོའི་གྲང་ངར་དེ་སྤུ་གྲིའི་སོ་དང་འདྲ་བར། གོང་བ་དང་ཕུ་ཐུང་བརྒྱུད་ནས་རུས་པའི་རྐང་དུ་ཟུག་ཅིང་། ངོ་གདོང་ཚ་བེར་བེར་བྱེད། ད་རུང་མི་གཅིག་ཀྱང་ཐོན་མེད་པའི་མཐའ་འཁོར་ལ་བལྟས་ནས། ཚང་མས་འདི་འདྲའི་གྲང་ངར་ཆེ་བའི་གནམ་གཤིས་ལ་མི་ཞིག་ཡོང་ངམ་འདོད་པའི་དོགས་པ་སྐྱེས།
སྨུག་རུམ་འཐིབས་ནས་རང་གི་མཛུབ་མོ་ལྔའང་མཐོང་དཀའ་བའི་རྩྭ་ཐང་དུ། གློག་བརྙན་སྟོན་པའི་འཕྲུལ་ཆས་ཀྱི་འོད་དེས་མཚན་མོའི་མཁའ་དབྱིངས་ཡོངས་སུ་གསལ་བར་བྱས། འོད་ཀྱི་འཕེལ་འགྲིབ་བར་ནས། འདས་པའི་ལོ་ཟླ་དེ་ཕྱིར་ཐོན་པ་དང་འདྲ།
གློག་བརྙན་གཏོང་མཁན་ཨ་ཁུ་ཀྲའོ། ཁྱོད་ཐོན་དང་ནེ།
ཀྲའོ་ཡོན་ཅ་ཡིས་འོ་ལེ། ང་ཐོན་དང་། ངས་ཁྱོད་ཚོར་གློག་བརྙན་གསར་པ་འཁྱེར་ཡོང་ཡོད།
གསར་བུ་ཞིག་གིས་བཤད་རྒྱུར། ང་ཚོས་ཁྱོད་ལ་སྒུག་ནས་བསྡད་ཡོད། ཚང་མས་ཁྱོད་ལ་རེ་སྒུག་བྱས་ཡོད།
ད་རུང་ཉིན་འགའ་སྡོད་ལ་ང་ཚོར་གློག་བརྙན་མང་པོ་སྟོན་རོགས།
ཀྲའོ་ཡོན་ཅ་ཡིས་བཤད་རྒྱུར། ཡ་ཡ། གློག་འདོན་འཕྲུལ་ཆས་ཀྱི་གློག་ཚར་སོང་ན་ང་ཕྱིར་འགྲོ
སྐྱེས་པ་ཞིག་གིས་དལ་མོ་བྱོས། ཆུ་འདི་ཅུང་གཏིང་ཀི ནོར་གྱི་ཐོག་ལ་ཞོག
ཡང་སྐྱེས་པ་ཞིག་གིས་སྐྱོན་ཡོད་དམ་ཞེས་དྲིས་པར།
ཀྲའོ་ཡོན་ཅ་ཡིས་སྐྱོན་མེད་ཀི སྤྱིན་ཤོག་ལ་སྐྱོན་མ་བྱུང་ན་ཆོག
ལོ་ངོ་བཞི་བཅུའི་སྔོན་གྱི་དར་ལུང་སྡེ་བར་མཚོན་ན། ལམ་ཐག་རིང་ཞིང་འགྲོ་དཀའ་སྟེ། སྡེ་བའི་ནང་ལ་ཐོན་དགོས་ན་ལ་ལུང་བརྒྱུད་ནས་ཆུ་ཚོད་བདུན་བརྒྱད་ཙམ་འགྲོ་དགོས། ཐེངས་དེར་སྡེ་བའི་ནང་ལ་གློག་བརྙན་སྟོན་དུ་སོང་བ་ནི་ཀྲའོ་ཡོན་ཅ་ཡིས་ཚེ་གང་བོར་བརྗེད་མི་སྲིད་པ་ཞིག་རེད། ཁོས་ནུས་ཤུགས་ཡོད་རྒུས་སྤྱིན་ཤོག་ལ་སྲུང་སྐྱོབ་བྱས་པ་དང་། རྩྭ་ཐང་གི་ཡུལ་མི་ཚོས་ཀྱང་ཉེན་ཁར་འཕྲད་པའི་སྐབས་སུ་ཁོར་སྲུང་སྐྱོབ་བྱས། ལོ་ངོ་བཞི་བཅུ་འགོར་རྗེས་ཀྱི་དེ་རིང་། ཐག་རིང་ནས་བསུ་བ་བྱེད་མཁན་མེད་ལ། ལོ་དེའི་ངོ་ཤེས་རྒན་པ་མི་ཉུང་བ་ཞིག་ཀྱང་མི་ཡུལ་ལས་འདས་ཟིན་མོད། འོན་ཀྱང་གྲང་རླུང་འུར་འུར་ལྡང་བའི་མཚན་མོ་ལ། རས་ཡོལ་དཀར་པོའི་མདུན་དུ་སྔར་བཞིན་འདྲིས་ཆེ་བའི་གློག་བརྙན་ལྟ་མཁན་འདུས་ཡོང་། མཚན་མོ་འདིར། གློག་བརྙན་ནང་གི་ཚིག་རེ་རེ་དང་རམ་འདེགས་རོལ་མོ་རྩྭ་ཐང་དུ་ཡང་ཡང་འཁོར་ཞིང་། གློག་བརྙན་ལྟ་མཁན་ཚོའི་རྣ་ལམ་དུ་བརྒྱུད་ཅིང་། རྒྱང་རིང་གི་བརྗིད་ཆགས་ཀྱི་རི་ཚོགས་ཕྱོགས་སུའང་མཆེད་ནས། ཕྱིར་དྲན་དང་འཆར་སྣང་ཡང་ཡང་བྱུང་བའི་དྲན་པ་བཞག
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཞང་དར་ལུང་སྡེ་བའི་འབྲོག་དམངས་ནམ་མཁའ་ཡིས་བཤད་རྒྱུར། དགུན་ཁ་ཞིག་ལ། ཕྱི་ནས་ནམ་ཟླ་ཧ་ཅང་འཁྱག ང་ཚོས་ཕྱི་རུ་གློག་བརྙན་སྟོན་མ་ཐུབ་པར་ལུག་རའི་ནང་བསྟན་པ་ཡིན། ཉིན་དེའི་དགོང་མོར་ང་ཚོའི་མང་ཚོགས་ཧ་ཅང་མང་། མི་སུམ་ཅུ་བཞི་བཅུ་ལྷག་ཡོད། ཚང་མས་པགས་ཚག་གྱོན་ནས་ནམ་ལངས་ཁའི་བར་དུ་གློག་བརྙན་ལ་བལྟས། གློག་བརྙན་གཉིས་བསྟན། གློག་བརྙན་ཡག་པོ་འདུག ཧ་ཅང་དགའ་ནོ་ཅན་པོ་ཡིན་པས་ནམ་ལངས་ཁའི་བར་དུ་བལྟས། གང་ལྟར་ཆུ་ཚོད་གསུམ་པ་དང་ཡང་ན་བཞི་བར་ཐོན་འདུག དེའི་ཕྱི་ཉིན། གློག་བརྙན་སྟོན་བྱད་ཀྱི་འཕྲུལ་ཆས་སྟེང་ལུག་གི་རིལ་མས་གང་ཡོད་ཀི ལུག་ཚང་མ་སྒོར་ཕུད་རྗེས་ཚང་མ་ནང་དུ་ཡོང་ནས་གློག་བརྙན་ལ་བལྟས། ཧ་ཧ་ཧ། ཚང་མ་གློག་བརྙན་ལྟ་རྒྱུར་སྤྲོ་བ་ཆེ། འདིར་ཡོང་ནས་གློག་བརྙན་བསྟན་ན་ཉིན་རྒྱུན་ལྟ་མཁན་མང་པོ་ཡོད། རྩྭ་ཐང་ཡིན་ནའང་ཆོག ས་གནས་གཞན་པ་ཡིན་ནའང་ཆོག ཚང་མ་གློག་བརྙན་ལྟ་རྒྱུར་སྤྲོ་བ་ཆེ་ལ་ཧ་ཅང་དགའ་བཞིན་འདུག
ལུག་རའི་ནང་གློག་བརྙན་བལྟས་པའི་སྐོར་གླེང་སྐབས། སྐབས་དེའི་ས་རྡུལ་དང་གང་སར་ཁྱབ་པའི་རིལ་མའི་དྲི་མ་དེ་ཚོར་ཐུབ་པ་འདྲ། སྐབས་དེ་དུས་མཐོ་སྒང་ལུང་པའི་ཕུགས་ན་གློག་མེད། དྲ་མེད། ཕྱི་རོལ་ནས་ཡོང་བའི་ཆ་འཕྲིན་ཉུང་ཉུང་རེད། གློག་བརྙན་གཏོང་མཁན་གྱིས་འཁྱེར་ཡོང་བའི་གློག་བརྙན་དེས་རྒྱང་རིང་ཞེས་པ་མཚོན་ཞིང་། འཛམ་གླིང་གཞན་ཞིག་མཚོན་གྱིན་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཞང་དར་ལུང་སྡེ་བའི་འབྲོག་དམངས་ཧྲེན་ཡན་ལུང་གིས་བཤད་རྒྱུར། ང་ཚོའི་ཕུ་བོ་ཀྲའོ་ཡིས་ལག་སྐྱོར་གློག་འདོན་འཕྲུལ་འཁོར་འཁྱེར་ནས་རྒྱུན་དུ་གློག་བརྙན་སྟོན་གི་ཡོད། སྐབས་དེར་ང་ཚོས་བལྟ་འདོད་ཆེ་བ་ནི་གློག་བརྙན་རེད། སྐབས་དེར་སྤྱིན་ཤོག་གློག་བརྙན་རེད། སྤྱིན་ཤོག་ཆད་སོང་དུས་ཁོས་འགྱིག་རས་རྙིང་བས་སྦྱར་ནས་མུ་མཐུད་དུ་གློག་བརྙན་བསྟན་པ་དང་། ཆད་རྗེས་ཡང་བསྐྱར་སྦྱར་ནས། འདི་ལྟར་བལྟས་ནས་ཚར་རག་བར་དུ་བསྟན་པ་ཡིན། སྐབས་ལ་ལར་གློག་འདོན་འཕྲུལ་འཁོར་ལ་ཆག་སྐྱོན་བྱུང་བའམ་སྣུམ་མེད་པར་གྱུར་ན། ཡང་སོལ་སྣུམ་བཙལ་ཏེ། གང་ལྟར་ཐབས་བརྒྱ་ཇུས་སྟོང་གིས་བལྟས་ཚར་དུ་བཅུག་པ་ཡིན། གྲང་ནས་རྐང་བ་རྡོག་རྫིས་གཏོང་དགོས། གང་ལྟར་གློག་བརྙན་བལྟས་ཚར་རག་བར་བསྡད་པ་ཡིན་ཟེར།
ཀྲའོ་ཡོན་ཅ་ཡིས་བཤད་རྒྱུར། སྐབས་དེར་རྡོ་དང་ས། སོ་ཕག་བཅས་ཀྱིས་རང་གི་འདུག་ས་འཛིན་དགོས། རྐུབ་སྟེགས་ཟེར་རྒྱུ་ཟིག་མེད།
ཀྲའོ་ཡོན་ཅ་ཡིས་མདོ་ལ་རྫོང་དུ་ལོ42རིང་གློག་བརྙན་བསྟན་ཞིང་། ཆེས་བྲེལ་བ་ཆེ་དུས་སུ་ཁོ་གཅིག་པུ་སྡེ་བ45ལ་རྒྱུག་དགོས། ཁོ་དང་རྩྭ་ཐང་གི་མང་ཚོགས་བར་གློག་བརྙན་ལ་བརྟེན་ནས་མི་ཚེ་ཕྱེད་ཀའི་རིང་གི་མཛའ་བརྩེ་ཟབ་མོ་ཆགས་ཡོད་པ་དང་། ཁོ་ཚོས་བྱམས་བརྩེའི་ངང་ཀྲའོ་ཡོན་ཅ་ལ“གློག་བརྙན་སྟོན་མཁན་ཨ་ཕ་ཀྲའོ”རུ་འབོད་བཞིན་ཡོད།
ཀྲའོ་ཡོན་ཅ་ཡི་བཟའ་ཟླ་ཚེ་རིང་མཚོ་ཡིས་བཤད་རྒྱུར། ཐེངས་དེར་ཁྱོད་སྒོ་ནང་དུ་འཛུལ་ཏེ་ང་མཐོང་མ་ཐག་ངུས་བྱུང་། ཁྱེད་མ་བུ་ཚོ་དང་ཐུག་མ་ཐུབ་བསམ་བྱུང་། ལྭ་བ་ཚང་མ་གཤག་འདུག་ཅིང་། ལུས་ཡོངས་སུ་རྨས་ཕོག་ཡོད་པས་མིག་གིས་ལྟ་མི་ཕོད། མང་ཚོགས་དེ་དག་གིས་ཁྱོད་ཀྱི་སྲོག་བསྐྱབས་སོང་། སྒོ་ནང་དུ་འཛུལ་མ་ཐག་ངུས་བྱུང་། ཁྱོད་ཀྱིས་རང་ཉིད་ད་ནས་ང་ཚོ་མ་བུ་ཚོ་དང་ཐུག་མི་ཐུབ་བསམ་ཡོད་ཟེར་ཞིང་། ངས་ཅི་ཞིག་བྱུང་སོང་ཞེས་དྲིས་ཚེ། ཁྱོད་ཀྱིས་རྟ་འདྲོགས་ནས་ང་དྲུད་སོང་ཟེར།
དུས་རབས་སྔོན་མའི་ལོ་རབས80པའི་སྤྱིན་ཤོག་གཅིག་རྒྱ་མ་སྟོང་ལས་ལྗིད། དངོས་ཟོག་དཀོན་པ་དང་སྐད་དང་འཕྲིན་ཡིག་མི་འབྱོར་བའི་མཚོ་སྔོན་གྱི་རི་མ་ས་ཁུལ་དུ་གློག་བརྙན་ནི་གཟུགས་བརྙན་གྱི་གཞི་རྟེན་ཙམ་མིན་པར་དེ་བས་དཀོན་པའི་ཤེས་དཔལ་གྱི་འོད་ཟེར་ཕྲ་མོ་ཞིག་ཡིན། ཁོའི་སྲོག་བསྐྱབས་པ་དེས་ཀྲའོ་ཡོན་ཅ་ཡིས་བྱ་བ་འདིའི་ལྗིད་ཚད་ཚོར་བྱུང་ལ། དེ་རྗེས་ཀྱི་ལོ40རིང་ཁོས་གློག་བརྙན་ཁྱེར་ནས་རྩྭ་ཐང་དུ་བསྐྱོད་ཅིང་། ཁོས་འབྲོག་པ་མང་ཚོགས་ཀྱིས་ཉེན་ཁའི་དུས་སུ་ཕན་ཚུན་ལ་སྲུང་སྐྱོབ་བྱེད་པ་ནི་གྲང་འཁྱགས་ཀྱི་འཕྲུལ་འཁོར་ཞིག་གཏན་ནས་མིན་པར། མཐོ་སྒང་གི་མི་རྣམས་ཀྱིས་ལོ་མང་པོར་རྒྱུན་ཆད་མེད་པར་སེམས་ཀྱི་གཏིང་ལ་འཇགས་པའི་རེ་འདོད་དེ། ཤེས་རིག་གི་རེ་འདོད་དང་བདེ་སྐྱིད་ཀྱི་རེ་སྨོན། དེ་མིན་ཕྱི་རོལ་གྱི་འཇིག་རྟེན་ལ་རེ་བ་བྱེད་པ་དེ་ཡིན་པ་ཤེས། ཕན་ཚུན་གྱི་སྲུང་སྐྱོབ་འདིས་མཐོ་སྒང་གི་ཁེར་རྐྱང་གི་ལོ་ཟླ་དེར་འོད་སྣང་བསྩལ།
མཚོ་སྔོན་དམངས་ཕན་གློག་བརྙན་ཁང་མདོ་ལ་རྫོང་གི་སྤྱི་ཕན་གློག་བརྙན་སྟོན་མཁན་ཀྲའོ་ཡོན་ཅ་ཡིས་བཤད་རྒྱུར། ལྟད་མོ་བ་གཅིག་མ་གཏོགས་མེད་ན་ཡང་ངས་སྔར་བཞིན་གློག་བརྙན་ཆ་ཚང་བསྟན་པ་ཡིན། ངས་གློག་བརྙན་སྟོན་མི་ཐུབ་བར་དུ་རྒྱུན་བསྐྱངས་ནས་སྟོན་རྒྱུ་ཡིན། ངས་བསམ་ན་འདི་ངའི་བྱ་བ་ཡིན་ལ། ངའི་གཟི་བརྗིད་ཅིག་ཀྱང་རེད། མང་ཚོགས་གློག་བརྙན་ལ་བལྟ་རྒྱུར་དགའ་ཚེ་ངས་མང་ཚོགས་ལ་གློག་བརྙན་ཡག་པོ་སྟོན་རྒྱུ་ཡིན།
དུས་རབས་ནི་མདུན་དུ་སྐྱོད་བཞིན་ཡོད་ལ། སྔོན་ཆད་རྩ་ཆེ་བའི་གྲོང་གསེབ་ཀྱི་གློག་བརྙན་ལའང་རྒྱུན་ཆད་མེད་པར་སྐྱེ་སྟོབས་གསར་པ་རྒྱས་བཞིན་ཡོད། དུས་རབས་སྔོན་མའི་ལོ་རབས90པར། མི་སྒེར་གློག་བརྙན་སྟོན་མཁན་རུ་ཁག་ཁུ་སུམ་མེར་གྲོང་གསེབ་ཏུ་གཞི་བཙུགས་ནས་གློག་བརྙན་སྟོན་མཁན་དཔུང་སྡེའི་གཞི་ཁྱོན་དང་། གྲུབ་ཆ། དོ་དམ་བཅས་རིམ་བཞིན་རིམ་བརྗེ་གསར་སྒྱུར་བྱས། རྒྱལ་ཁབ་ཀྱི་ཞིང་སྡེ་རུ་གློག་བརྙན་སྟོན་པའི“2131”གི་ལས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་བ་དང་བསྟུན་ནས། སྡེ་བ་རེར་ཟླ་རེར་གློག་བརྙན་ཐེངས་རེ་སྟོན་པའི་རིག་གནས་ཀྱི་ཁས་ལེན་མཐོ་སྒང་གི་ས་གཞི་ཆེན་པོར་ཁྱབ།
བཅར་འདྲི་བྱེད་སྐབས། ཀྲའོ་ཡོན་ཅ་ཡིས་འདས་ཟིན་གྱི་དོན་དག་ཅིག་གླེང་བ་ནི། སྒྱུར་བསྐྲུན་གློག་བརྙན་དེ་ཐེངས་དང་པོར་འབྲོག་ཁུལ་དུ་བསྟན་རྗེས། བོད་རིགས་སྤུན་ཟླ་རྣམས་ཧ་ཅང་ཡ་མཚར་སྐྱེས་ཤིང་། ང་སྐོར་ནས “རས་ཡོལ་ནང་དུ་ཕྱི་གླིང་བས་སྐད་ཆ་བཤད་པ་དེ་ང་ཚོ་དང་ཨ་ན་མ་ན་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ” ཞེས་དྲིས་པ་དེ་རེད། ད་སྐབས་ཉན་ན་དེ་ནི་སྤྲོ་སྣང་ལྡན་པའི་འདས་དོན་ཞིག་ཡིན་པ་དང་། དགོད་སྒྲའི་རྒྱབ་ལོགས་ནི། ལོ་རབས་དེའི་མཐོ་སྒང་འབྲོག་ཁུལ་གྱི་གནས་ཚུལ་ངོ་མ་དེ་རེད། རི་བོ་ཁྲི་ཕྲག་གིས་བཅད་ཅིང་། བསྒྱུར་སྐྲུན་གློག་བརྙན་གཅིག་ནི་འབྲོག་པ་མང་ཚོགས་ཀྱིས་ཕྱི་རོལ་གྱི་འཛམ་གླིང་མཐོང་བའི་ཐོབ་དཀའ་བའི་སྒེའུ་ཁུང་ཡིན་ཞིང་། རྒྱང་རིང་གི་མི་དང་གཏམ་རྒྱུད་དེ། ཐད་ཀར་མིག་མདུན་དུ་འཁྱེར་ནས་ཡོང་ཡོད། ད་སྐབས་ལག་འཁྱེར་ཁ་པར་ཡོད་པ་དང་། རྣམ་པ་ཀུན་ཏུ་འཛམ་གླིང་ཡོངས་མཐོང་ཐུབ་པས། རྒྱང་རིང་ནི་དེ་འདྲའི་བར་ཐག་རིང་བོ་ཞིག་མིན། ངས་རྒྱུན་དུ་སྤྱི་ཕན་གློག་བརྙན་གྱི་དོན་སྙིང་ངོ་མ་ནི་ཅི་ཞིག་ཡིན་པ་འདྲི་བཞིན་ཡོད་ལ། བྱིས་པ་ཞིག་མཐོངས་ཡངས་ཀྱི་རས་ཡོལ་མདུན་དུ་བསྡད་དེ། ལོ་རྒྱུས་གློག་བརྙན་གཉིས་ལ་ནན་ཏན་གྱིས་བལྟས་ཚར་རྗེས། ཁོས་དེར་མཛད་སྒོའི་ཚོར་སྣང་ཞིག་ཡོད་ལ། དེ་གང་ནས་བྱུང་བ་གསལ་བོར་བཤད་མི་ཤེས་ཞེས་ཟེར་བ་མཐོང་ནས། སྐབས་དེར་ངས་གློ་བུར་དུ། མཛད་སྒོའི་ཚོར་སྣང་འདི་མི་མང་པོ་ཡུལ་དངོས་སུ་འདུས་ཡོད་པ་དེ་ཡིན་ལ། ང་ཚོར་དགོས་པ་ནི་ཐུན་མོང་གིས་སྒུག་པའི་རྣམ་པ་དང་། དགོང་ཁའི་རླུང་དང་འགྲོགས་པའི་མཚན་མོའི་མཁའ་དབྱིངས། ཁྱིམ་མཚེས་ཀྱི་དུ་བ། ཆུང་དུས་གློག་བརྙན་མཐོང་བའི་དུས་ཀྱི་མཚར་སྣང་གི་དྲན་ཤེས་དེ་ཡིན་པ་གཞི་ནས་རྟོགས།
དེའི་རྒྱབ་ལོགས་ནི། རིག་གནས་གྲོང་གསེབ་ཏུ་བསྐྱོད་པའི་ལམ་ལུགས་ཀྱི་དགེ་མཚན་ཏེ། རི་བོ་དང་རྩྭ་ཐང་གི་ཀློང་དུ་ཐར་ཐོར་དུ་གནས་པའི་སྡེ་བ་དག་རིག་གནས་མཁོ་སྤྲོད་ཁྲོད་རྗེས་ལ་ལུས་སུ་མི་འཇུག་པ་དེ་ཡིན་ལ། གོང་འོག་མཉམ་འབྲེལ་དང་ཕ་ཡུལ་དུ་རྩ་བ་ཚུགས་པའི་ལམ་ལུགས་ཆ་ཚང་འདིའི་འདེགས་སྐྱོར་གྱིས་ད་གཟོད་མི་རབས་ནས་མི་རབས་ཀྱི་གློག་བརྙན་སྟོན་མཁན་ལ་གྲང་ངར་ཆེ་བའི་མཚན་མོ་རུ “ལྟ་མཁན་མི་གཅིག་ཡོད་ཚེ། གློག་བརྙན་ཆ་ཚང་སྟོན་དགོས་པའི”བབ་ཆགས་ཀྱི་དམ་བཅའ་སྲུང་འདོད་དུ་བཅུག་པ་ཡིན། དེས་གློག་བརྙན་རེ་རེ་འབྲོག་ཁུལ་གྱི་ལུང་གཞུང་དུ་བསྐྱལ་བ་ཙམ་མ་ཡིན་པར། འདྲ་མཉམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དེ་སྔར་ལས་ཆེས་ཐག་རིང་བའི་ལུང་ཁུག་ཏུ་བསྐྱལ་ཏེ། མཐོ་སྒང་མང་ཚོགས་ཀྱི་བསམ་པའི་སྦྲེལ་ཐག་རྒྱུན་བསྲིངས་པ་ཡིན།