མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་བཞི་བརྒྱ་གོ་གཉིས་ལས་གནས་སུ་ཞུགས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ།  གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མིག་སྔའི་བར་དུ།   ཞིང་ཆེན་ཡོངས་སུ་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་བཞི་བརྒྱ་གོ་གཉིས་བསྡུས་པ་དང་།  ཚང་མ་ལས་གནས་སུ་འབྱོར་ཡོད་པར་མ་ཟད།   སྒྲིག་ཁོངས་དོ་དམ་ཁྲོད་དུ་བཅུག་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོའི་ཚུན་ལ།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་ཤུགས་ཆེན་པོས་རྒྱབ་སྐྱོར་འོག་ཏུ།  ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་ནོར་སྲིད་ཐིན།   ཞིང་ཆེན་སློབ་གསོ་ཐིན་སོགས་སྡེ་ཁག་ལྔས་མཐུན་སྦྱོར་མཉམ་སྒུལ་དང་སྟོབས་ཤུགས་མཉམ་འདོན་གྱིས་གྲོང་གསེབ་སྨན་པའི་དཔུང་སྡེ་ལེགས་སྒྱུར་བྱས་ཤིང་།  གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་གསོ་རིག་ཆེད་ལས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་རྨང་གཞི་སྲ་བརྟན་དུ་བཏང་།

ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་བླང་བྱ་ལྟར།  ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་བསྡུ་བའི་སྲིད་ཇུས་དང་ཁྱབ་ཁོངས།   སྒྲིག་ཁོངས་ཐག་གཅོད་བྱེད་ཐབས་སོགས་གཅིག་གྱུར་ཚད་ལྡན་དུ་བཏང་ནས་མཐུན་སྦྱོར་སྐུལ་འདེད་ནང་རྐྱེན་བཙུགས་པ་དང་།    སྐུལ་སྤེལ་ཚོགས་འདུ་དང་མཐུན་སྦྱོར་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བྱ་བའི་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ཐག་བཅད།   དེ་དང་མཉམ་དུ།  ས་གནས་ས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་བྱ་བའི་གྲོས་མོལ་ནང་རྐྱེན་འཛུགས་པར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་བསྡུ་བའི་བྱ་བ་དོན་འཁྱོལ་བཟང་བོ་བྱས།

གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་རྣམས་མགྱོགས་མྱུར་སྒོས་ལས་གནས་སུ་ཞུགས་ཐུབ་པར་བྱེད་ཆེད།   ས་གནས་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་གསར་དུ་བསྡུས་པའི་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་རྣམས་ལ་སྲིད་ཇུས་སྒྲིག་སྲོལ་དང་ལས་སྒོའི་རྩལ་ནུས་སོགས་ལས་གནས་སུ་མ་ཞུགས་སྔོིན་གྱི་གསོ་སྦྱོང་བྱ་བ་སྤེལ་ཞིང་།   ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མ་བཞི་བརྒྱ་གོ་གཉིས་སྒྲིག་ཁོངས་དོ་དམ་ཁྲོད་དུ་བཞག

གོ་རིམ་རྗེས་མར།   རང་ཞིང་གིས་གྲོང་གསེབ་སྨན་པའི་འགན་ཁུར་བའི་སློབ་ཆེན་སློབ་མའི་ཆེད་དོན་ལས་གཞིར་མུ་མཐུད་དུ་ལག་བསྟར་བཟང་བོ་བྱས་ཏེ།   གསོ་རིག་ཆེད་ལས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྔར་ལས་མང་པོས་གྲོང་གསེབ་སྨན་པའི་བྱ་བ་གཉེར་བར་ཁྲིད་སྟོན་བྱས་ནས་གྲོང་གསེབ་སྨན་པའི་དཔུང་སྡེ་སྔར་ལས་ལེགས་སྒྱུར་བྱེད་པ་དང་།    གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།