
རྒྱུན་ལྡན་འཚོ་བའི་ཁྲོད་མི་མི་ཉུང་བ་ཞིག་ཞོགས་པ་མལ་ལས་ལངས་དུས་མིག་ཟུང་ལ་མིག་སྐྱག་མང་པོ་འཁོར་གྱི་ཡོད། དེ་དང་ལུས་པོའི་བདེ་ཐང་བར་འབྲེལ་བ་དམ་ཟབ་ཡོད་དེ། ཁ་དོག་མི་འདྲ་བའི་མིག་སྐྱག་གིས་ནད་རིགས་ཀྱི་ཉེན་བརྡ་རེ་རེ་གཏོང་བཞིན་ཡོད།
ཞོགས་པ་མལ་ལས་ལངས་དུས་མིག་སྐྱག་དཀར་པོའམ་སེར་སྐྱ་ཉུང་ཙམ་འཁོར་ན། དེ་ནི་མིག་ཟུང་གི་རྒྱུན་ལྡན་གྱི་རྙིང་ཚབ་གསར་བརྗེའི་ཐོན་དངོས་ཤིག་ཡིན་ལ། མིག་ཆུ་རླངས་པར་གྱུར་རྗེས་ཀྱི་སྤྲི་དཀར་རྫས་དང་ཕྲ་ཕུང་སོགས་མཉམ་བསྲེས་བྱས་ནས་གྲུབ་པ་ཡིན་པས། ནད་ཀྱི་ཉེན་ཁ་མེད་ལ་སེམས་ཁྲལ་ཡང་བྱེད་མི་དགོས། ཡིན་ཡང་གལ་ཏེ་མིག་སྐྱག་གློ་བུར་དུ་ཇེ་མང་དུ་སོང་བར་མ་ཟད། ཁ་དོག་རྒྱུན་ལྡན་མིན་ན་མིག་ནད་ཕོག་ཡོད་མེད་ལ་དོགས་ཟོན་བྱེད་དགོས།
དང་པོ། མིག་སྐྱིའི་གཉན་ཚད།
མིག་སྐྱིའི་གཉན་ཚད་ནི་ཆེས་རྒྱུན་མཐོང་གི་མིག་སྐྱག་འཁོར་ཚད་མང་བའི་མིག་གི་ཕྱི་ངོས་ནད་ཅིག་རེད། དེར་འགོས་ནད་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་དང་འགོས་ནད་རང་བཞིན་མིན་པའི་མིག་སྐྱིའི་གཉན་ཚད་གཉིས་ཡོད། མིག་སྐྱིའི་གཉན་ཚད་དེ་གཉིས་ལས་བྱུང་བའི་མིག་སྐྱག་ལ་ཁྱད་པར་ཡོད་པས། ཁ་དོག་དང་གཟུགས་དབྱིབས་ལ་གཞིགས་ནས་ནད་རིགས་དེ་གཉིས་གང་ཡིན་པ་ངོས་འཛིན་དགོས།
འགོས་ནད་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ནི་སྤྱིར་བཏང་གིས་འབུ་ཕྲའི་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་དང་ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ལ་གོ་དགོས།
གཅིག འབུ་ཕྲའི་རང་བཞིན་གྱི་མིག་སྐྱིའི་གཉན་ཚད།
ཞོགས་པ་མལ་ལས་ལངས་དུས་མིག་སྐྱག་འབོར་ཆེན་འཁོར་ནས་མིག་ཕྱེ་དཀའ་བ་དང་། མི་མང་པོ་ཞིག་གིས་ལག་པས་ཨུ་ཚུགས་ཀྱིས་མིག་ལྕིབ་ཕྱེ་ན་མ་གཏོགས་མིག་གིས་བལྟ་མི་ཐུབ་ལ། མིག་སྐྱག་གི་ཁ་དོག་ནི་སེར་པོའམ་ལྗང་ཁུ་ཡིན།
གཉིས། ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད།
མིག་ནད་འདི་ནི་རྒྱུན་པར་གཤེར་རྨེན་ནད་དུག་འགོས་པ་ལས་བྱུང་བ་དང་དྭངས་ཁྲག་རིགས་མང་པོ་དང་འབྲེལ་བ་ཡོད་པར་མ་ཟད། ནད་པ་དང་ནད་པའི་མིག་སྐྱག་འགོས་པའི་ཅ་དངོས་བརྒྱུད་དེ་མི་གཞན་ལ་འགོས་ཀྱི་ཡོད་ཅིང་ཁ་དོག་ནི་ཆུའམ་སྐྱོ་མ་དང་འདྲ་བོ་ཡོད།
གསུམ། ཚོར་སྐྱེན་རང་བཞིན་གྱི་མིག་སྐྱིའི་གཉན་ཚད།
ནད་དུག་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ལས་གཞན། རྒྱུན་མཐོང་གི་མིག་སྐྱིའི་གཉན་ཚད་ནི་ཚོར་སྐྱེན་རང་བཞིན་གྱི་མིག་སྐྱིའི་གཉན་ཚད་ཡིན། མིག་སྐྱག་གི་ཁ་དོག་ནི་དཀར་པོ་འབྱར་རྩི་ལྟ་བུ་ཞིག་དང་དབྱིབས་ནི་དར་སྐུད་ཕྲ་མོ་ལྟ་བུ་ཞིག་ཡིན།
གཉིས་པ། མཆི་མའི་སྣོད་ཀྱི་གཉན་ཚད།
མཆི་མའི་སྣོད་ནི་མཆི་ལམ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སྣ་རྩ་དང་མིག་འབྲས་ཟུར་གྱི་བར་དུ་གནས་ཡོད། མཆི་མའི་སྣོད་ཀྱི་གཉན་ཚད་ཕོག་ན་རྒྱུན་དུ་མཆི་མའི་སྣོད་ཀྱི་མཐའ་འཁོར་ལ་ན་ཟུག་གཏོང་བ་དང་། དམར་པོ་ཆགས་པ། སྐྲངས་སྦོས་ཐེབས་པ་བཅས་ཀྱི་ནད་རྟགས་ཐོན་སྲིད། མཆི་མའི་སྣོད་ཁུལ་བཙིར་གནོན་བྱས་ན་འབྱར་ཁུ་རང་བཞིན་གྱི་མིག་སྐྱག་སེར་པོ་ཐོན་གྱི་ཡོད། གཤམ་གྱི་འགྱུར་ལྡོག་ཁག་བཞི་འབྱུང་སྐབས་ཁྱེད་ཀྱི་མིག་ལ་མིག་ནད་ཕོག་ཡོད་མེད་ལ་དོགས་ཟོན་བྱེད་དགོས།
གཅིག མིག་སྐྱག་སེར་པོ་མང་དུ་ཐོན་པར་མ་ཟད། མིག་འབྲས་དཀར་པོར་ཁྲག་ཐིག་དམར་པོ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ།
གཉིས། མིག་སྐྱག་ཇེ་མང་དུ་འགྲོ་བར་མ་ཟད། མིག་ཤེད་ཇེ་ཞན་ནས་ཇེ་ཞན་ཡིན་པ།
གསུམ། མིག་སྐྱག་ཇེ་མང་དུ་འགྲོ་བ་དང་དུས་མཚུངས་སུ་མིག་ལ་ཟ་འཕྲུག་ཡང་ཡང་ལངས་པ་དང་། མིག་ན་བ། མཐོང་སྣང་མི་གསལ་བ་སོགས་ཀྱི་ནད་རྟགས་ཐོན་པ།
བཞི། མིག་སྐྱག་ཇེ་མང་དུ་འགྲོ་བར་མ་ཟད། མིག་ཟུར་དམར་པོ་ཆགས་ཤིང་སྐྲངས་པ། ན་ཟུག་སྐྱེས་པ།
གལ་ཏེ་གོང་གསལ་གྱི་ནད་རྟགས་དེ་དག་ཐོན་ཚེ། ངེས་པར་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་མིག་ནད་ཚན་ཁག་གི་སྨན་པར་མིག་ནད་རིགས་གང་ཞིག་ཡིན་པ་བརྡར་ཤ་གཅོད་དུ་འཇུག་དགོས་པར་མ་ཟད། སྨན་བཅོས་ཡང་དག་བྱེད་དགོས་ལ། མིག་ནད་གང་ཞིག་ཡིན་པ་ངོས་མ་བཟུང་བའི་སྔོན་ལ་མིག་སྨན་གང་བྱུང་དུ་བེད་སྤྱོད་བྱེད་མི་རུང་།
གསུམ་པ། མིག་སྐྱག་མང་པོ་འཁོར་བ་སྔོན་འགོག་བྱེད་ཐབས།
གཅིག འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པར་བྱས་ཏེ་ལག་པ་བཙོག་པོས་མིག་ཕུར་ཕུར་གཏོང་མི་རུང་ཞིང་། ལག་པས་མིག་ལ་རེག་པའི་སྔ་རྗེས་སུ་ལག་པ་གཙང་མར་བཀྲུ་དགོས།
གཉིས། མཚན་སྐྱེལ་བ་སོགས་མིག་ལ་གནོད་པའི་འཚོ་བའི་གོམས་གཤིས་ངན་པ་སྤོང་དགོས།
གསུམ། ཡིབ་གཟུགས་མིག་ཤེལ་གྱོན་པའི་དུས་ཚོད་དང་མིག་འབྲས་མཛེས་བཟོའི་དུས་ཚོད་ཇེ་ཉུང་དུ་གཏོང་དགོས་པ་དང་། མིག་འབྲེལ་ཡོ་ཆས་དང་ལག་པའི་གཙང་སྦྲ་ཡག་པོ་བྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།