
དལ་བའི་རང་བཞིན་གྱི་གློ་ལུ་བ་དང་ལུད་པ་འབྱུང་བ། དབུགས་གཏོངལེན་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས་མི་མང་པོ་ཞིག་གིས་དེར་དོ་སྣང་མི་བྱེད། ཡིན་ནའང་ནད་རྟགས་འདི་དག་ནི་གློ་བའི་ནུས་པ་ཇེ་ཞན་དུ་འགྲོ་བའི་བརྡ་རྟགས་ཤིག་ཡིན་ཡང་སྲིད། གློ་བའི་ནུས་པ་ཇེ་ཞན་དུ་སོང་བ་ལས་དལ་གཤིས་ཐོགས་འགགས་གློ་ནད་འབྱུང་ལ། དེར་སྔ་དུས་སུ་ནད་རྟགས་གསལ་བོ་མེད། ནད་རྟགས་གསལ་བོ་ཡིན་དུས་ནད་བབ་ཀྱང་ཅུང་ཚབས་ཆེར་གྱུར་ཡོད། དལ་གཤིས་ཐོགས་འགགས་གློ་ནད་ཀྱི་ནད་རྟགས་ལ་གློ་ལུ་བ་དང་ལུད་པ་འབྱུང་བ་སོགས་ཡོད་ལ། དེ་ཡང་བྱེ་བྲག་གི་མངོན་ཚུལ་ནི་གཤམ་ལྟར།
གཅིག དལ་བའི་རང་བཞིན་གྱི་གློ་ལུ་བ་དང་ལུ་སྐྱུག་བྱེད་པ། ལོ་རེའི་གློ་ལུ་བ་དང་ལུ་སྐྱུག་བྱེད་པའི་དུས་ཡུན་ཟླ2ནས་ཟླ3ཡན་ལ་རྒྱུན་བསྲིངས་པ། ཞོགས་པར་དེ་བས་ལུ་བ་དང་ལུད་པ་དཀར་པོ་འབྱར་བག་ཅན་མང་བ།
གཉིས། དབུགས་ཧལ་པའམ་དབུགས་གཏོང་ལེན་དཀའ་བ་ཡང་དེའི་དཔེ་མཚོན་གྱི་ནད་རྟགས་ཤིག་ཡིན་ཏེ། སྔ་དུས་སུ་ལུས་ཤུགས་ངལ་རྩོལ་བྱེད་དུས་འབྱུང་བ་དང་། ནད་བབ་ཇེ་སྡུག་ཏུ་ཕྱིན་པ་དང་བསྟུན་ནས་དུས་རྒྱུན་གྱི་འཚོ་བར་ཡང་ཤུགས་རྐྱེན་ཐེབས་ངེས།
གསུམ།ལྷག་པར་དུ་གློ་བའི་ནུས་པར་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ནད་པ་དང་། དལ་གཤིས་ཐོགས་འགགས་ཚབས་ཆེ་བའི་ནད་པ་སོགས་ལ་དབུགས་འཚང་བའི་སྣང་ཚུལ་འབྱུང་ངེས། གློ་བའི་ནུས་པ་ཇེ་ཞན་དུ་འགྲོ་བར་སྔོན་འགོག་བྱེད་ན་གཤམ་གྱི་ཕྱོགས་འདི་དག་ལ་དོ་སྣང་བྱ་དགོས། གཅིག དུ་བ་གཅོད་པ།
དུ་བ་གཅོད་པ་ནི་གློ་བའི་ནུས་པ་ཇེ་ཞན་དུ་འགྲོ་བ་སྔོན་འགོག་བྱེད་པའི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན།
གཉིས། བྱ་བ་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་དགོས།
སྨན་བཅོས་སོགས་དང་འབྲེལ་བའི་ལས་ཀར་ཞུགས་མཁན་ཚོས་ལས་རིགས་ཀྱི་འགོག་སྲུང་ལྭ་བ་གྱོན་པ་དང་ཁོར་ཡུག་གི་སྣུམ་དུད་དང་གནོད་ལྡན་དུད་སྨུག་ཁ་སྣར་མི་འགྲོ་བ་བྱེད་དགོས།
གསུམ། སྨན་བསྟེན་པ།
དལ་གཤིས་ཐོགས་འགགས་གློ་ནད་ཅན་གྱིས་སྨན་པའི་ངག་བཀོད་ལྟར་སྨན་བསྟེན་དགོས། རང་དགར་སྨན་བསྟེན་མཚམས་འཇོག་མི་རུང་། དུས་བཅད་ལྟར་སྨན་བཅོས་ལ་ཕན་ཐོགས་ཡོད་མེད་བསྐྱར་བརྟག་བྱ་དགོས་པ་དང་ནད་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྨན་བསྟེན་འཆར་གཞི་བཟོ་དགོས།
བཞི། ལུས་ཕུང་སྦྱོར་བརྡར་འོས་མཚམ་བྱེད་པ།
བཟའ་བཏུང་སྙོམ་སྒྲིག་དང་འགུལ་སྐྱོད་འོས་འཚམ་བྱས་ཏེ་རང་ལུས་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས། དལ་གཤིས་ཐོགས་འགགས་གློ་ནད་ཅན་གྱིས་འོས་འཚམ་གྱི་དབྱང་ལྡན་འགུལ་སྐྱོད་བྱས་ཏེ་གློ་བ་སླར་སོར་ཡོང་བར་འབད་དགོས་པ་དང་། གློ་སྙིང་གི་ནུས་པ་ཇེ་ལེགས་སུ་བཏང་སྟེ་ནད་བབ་ཚབས་ཆེར་མི་འགྲོ་བ་བྱ་དགོས། ལྔ། འགོག་ཁབ་བརྒྱབ་སྟེ་འགོས་ནད་སྔོན་འགོག་བྱེད་པ།
དབུགས་ལམ་གྱི་འགོས་ནད་ནི་དལ་གཤིས་ཐོགས་འགགས་གློ་ནད་ཚབས་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཏེ། དགུན་སྟོན་གྱི་དུས་སུ་ཚང་མས་ཆམ་རིམས་འགོག་སྨན་རྒྱག་པ་དང་དབུགས་ལམ་འགོས་ནད་ཅན་ལ་འབྲེལ་འདྲིས་ཉུང་དུ་བཏང་སྟེ་ཆམ་ནད་སྔོན་འགོག་བྱ་དགོས་པ་དང་དོས་དྲག་དབུགས་ལམ་ནད་རིགས་འགོས་པའི་ཉེན་ཁ་ཆུང་དུ་གཏོང་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།